ཕ་ཡུལ།
སྐལ་རྒྱམ།(ལྷ་ས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ཕ་ཡུལ་ཏེ། དྲན་པའི་གཏིང་རིམ་ན་ལྗིད་ཏིག་གེར་ཉལ་བའི་ཐ་སྙད་དྲོན་མོ། མཚམས་རེར་དྲན་གདུང་གི་རྨ་ཁ་གསོ་བའི་ཞིམ་མངར་གྱི་བདུད་རྩི་ཁམ་གང་ཡིན་ལ། སྐབས་རེར་གྱེས་གདུང་གི་ན་ཟུག་སློང་བའི་མིག་ཆུ་ཁྱོར་གང་གི་སྨྲེ་སྔགས་ཀྱང་ཡིན་ཨང་། གང་ལྟར། ཆུང་དུས་ནས་ཕ་ཡུལ་དང་རྒྱང་ཐག་རིང་བོར་གྱེས་པ་ནས། དྲན་ངོགས་ན་ཤུགས་ཀྱིས་འཚེར་བའི་ཐ་སྙད་གསོན་པོ་དེའི་འཕར་ལྡིང་གཏན་ནས་འཇགས་མ་མྱོང་སྟེ། དེ་ནི་རང་ཉིད་ཀྱི་རྣམ་ཤེས་ནང་བཞིན་ལུས་སེམས་གཉིས་ཀར་བརྒྱུས་པའི་དྲན་ཤེས་ཀྱི་རྒྱུན་ཐག་དེ་ཡིན་ལ། དེ་ནི་ཕྱིར་དྲན་གྱི་རླབས་ངོགས་ན་བཀྲག་མདངས་འཚེར་བའི་ལྷད་མེད་ཀྱི་ལོག་མལ་དེའང་ཡིན་ལགས།
2
ཕ་ཡུལ་ནི་ཐང་སྨུག་སྦྲ་ཡི་ཞི་འཇམ་གྱི་དྲོད་ཁོལ་དེ་ཡིན་ལ། ཕ་ཡུལ་ནི་ཤིང་ཁང་གྲུ་བཞིའི་དག་གཙང་གི་ངོ་གདོང་དེ་ཡང་ཡིན། ཕ་ཡུལ་ནི་ཨ་མ་རྒན་མོ་ཞིག་གི་ལྷད་མེད་ཀྱི་མིག་ཟུང་དེ་ཡིན་ལ། ཕ་ཡུལ་ནི་མུ་མེད་རྩྭ་ཐང་ཡངས་པོའི་གཡང་དཀར་གྱི་འབའ་སྒྲ་དེའང་ཡིན་པས། ཕ་ཡུལ་ཞེས་པའི་དྲན་ངོགས་ཀྱི་ཡོལ་བ་དེ་ནི་དྭངས་གཙང་གི་ཕྱི་མིག་རིང་མོ་ཞིག་སྟེ། ལྗང་ནེམ་ནེམ་གྱི་སྤང་ལྗོངས་ཡངས་མོ་ཞིག ལྷིང་འཇགས་འཇགས་ཀྱི་རི་ལུང་གྱ་གྱུ་ཞིག འཇམ་བསིལ་བསིལ་གྱི་གཙང་ཆབ་སྔོན་མོ་ཞིག ཕ་ཡུལ་ཞེས་པའི་བརྡ་ཆད་སྣུམ་པོ་དེ་ནི་མཛེས་སྡུག་གི་བསླུ་བྲིད་ཅིག་སྟེ། ཤེས་མེད་ཚོར་མེད་ཀྱི་སེམས་འགྱུ་ལྕི་མོ་ཞིག རང་སེམས་འགོག་མེད་ཀྱི་ཚོར་བ་རྣོན་པོ་ཞིག ནམ་ཡང་བརྗེད་མེད་ཀྱི་དྲན་ཤིང་རིང་མོ་ཞིག་རེད་ཨང་།
3
ཕ་ཡུལ་ཏེ། བྱིས་དུས་ཀྱི་ངུ་ངག་དང་དགོད་སྒྲ་རི་ལུང་ཐང་གསུམ་ལ་བརྡལ་བའི་ངའི་སྙིང་དབུས་ཀྱི་ཚང་མལ་དྲོན་མོ། ཕ་ཡུལ་ཏེ། གཞོན་དུས་ཀྱི་རྡོག་སྒྲ་རྟ་ནོར་ལུག་གསུམ་གྱི་མཆོང་ལྡིང་དང་བསྲེས་པའི་ངའི་ཡ་ཆུང་གི་ཕྱིར་དྲན་མངར་མོ། ཕ་ཡུལ་ཏེ། ཕྱི་མིག་གི་མདའ་མོ་འདས་མ་ད་གསུམ་ལ་འཁྲེང་བའི་ངའི་རུས་རྐང་གི་དྲན་གདུང་ལྕི་མོ། ཕ་ཡུལ་ཡ། ང་རང་ཁྱེད་ཀྱི་བརྟན་བརླིང་གི་པང་དུ་ཡོད་དུས། ཁྱེད་ཀྱི་མཛེས་སྡུག་དང་བདེ་དྲོད་དེ་འདི་ལྟར་ཚོར་མ་བྱུང་ལ། ང་རང་ཁྱེད་ཀྱི་བྱམས་བརྩེ་ཡི་མིག་ཀོང་ན་འཚོ་དུས། ཁྱེད་ཀྱི་གཟི་བརྗིད་དང་བབ་ཆགས་དེའང་འདི་ལྟར་རྙེད་མ་སོང་།
4
ཕ་ཡུལ་དང་རྒྱང་ཐག་ཇི་ལྟར་རིང་ན་དྲན་གདུང་གི་རྨ་ཁ་ནི་དེ་ལྟར་ཟབ་ལ། ཕ་ཡུལ་དང་གྱེས་ཡུན་ཅི་ཙམ་འགྱངས་ན་འཁྲེང་སེམས་ཀྱི་སེམས་ངལ་དེ་དེ་ལྟར་ལྕི་བ་ལ་ཨང་། བྱིས་དུས་སུ་ཕ་ཡུལ་གྱི་རི་བོའི་ཕ་རོལ་ན་མཛེས་སྡུག་གི་རྨི་ལམ་ཞིག་ཡོད་པར་རེ་སྒུག་བྱས་མྱོང་ལ། རྗེས་ལུས་ཀྱི་ཡུལ་ཁམས་འདི་དང་གྱེས་ཏེ། ཚན་རྩལ་དང་དཔལ་འབྱོར་དར་བའི་གྲོང་ཁྱེར་གྱི་འཚོ་བར་ཞུགས་རྒྱུའི་ཆོད་སེམས་ཀྱང་བཞག་མྱོང་། ད་ནི་ཕུགས་བསམ་དེ་མངོན་འགྱུར་བྱུང་སྟེ་ལོ་འཁོར་བཅུ་ཕྲག་འགའ་འགྱངས་ཟིན་མོད། ལོ་ཟླ་དང་བག་ཆགས་ཀྱིས་སྤྲད་པའི་གནས་ལུགས་ནི། ཕྱི་ལུས་ཀྱི་ཕུང་བོ་དེ་གཞན་ཡུལ་དུ་ཅི་ཙམ་འགྲིམས་རུང་། ནང་སེམས་ཀྱི་དུངས་པ་དེ་ནམ་ཡང་ཕ་ཡུལ་དང་འབྲལ་ཐུབ་མེད་པ་གཞི་ནས་རྟོགས་འོངས།
5
ང་ཚོ་ལ་ཕ་ཡུལ་ཞེས་པའི་བདེ་སྐྱིད་ཀྱི་ལོག་མལ་ཞིག་ཡོད་པས་ས་མཐའི་ལོ་ཟླ་དེ་ཅི་ལྟར་འགྱངས་རུང་། ནམ་ཞིག་ལ་བརྩེ་བ་རུམ་གང་གི་དྲོད་ཁོལ་སྒོམ་གྱིན་ཕྱིར་ཕ་ཡུལ་གྱི་པང་དུ་ལོག་ཡོང་ལ། ང་ཚོ་ལ་ཕ་ཡུལ་ཞེས་པའི་རྒྱང་རིང་གི་དྲན་རྟེན་ཞིག་ཡོད་པས་གཞན་ཡུལ་གྱི་འགྲུལ་བཞུད་དེ་ཅི་ལྟར་རིང་རུང་། ནམ་ཞིག་ལ་ཕ་མའི་བྱམས་བརྩེ་དང་ཕུ་ནུའི་བརྩེ་འདང་འཚོལ་གྱིན་ཕྱིར་ཕ་ཡུལ་གྱི་ས་སྒང་ལ་བསྙེག་ཡོང་ངེས། རེད་ཡ། དེ་ནི་ཕ་ཡུལ་གྱིས་ང་ཚོའི་སྙིང་དབུས་སུ་བཞག་པའི་རྡོ་བརྐོས་ཀྱི་རི་མོ་དེ་ཡིན་ལ། དེ་ནི་ང་ཚོས་ཉིན་མཚན་དུས་དྲུག་ལ་སྒོམ་པའི་རེ་སྒུག་གི་གཤོག་ཟུང་དེའང་ཡིན་ལགས།
6
ཕ་ཡུལ་ན་གླུ་ལེན་གར་རྩེད་ཀྱི་ངོ་མཚར་ལྟད་མོ་མོད་ལ། ཕ་ཡུལ་ན་རྟ་རྒྱུག་མདའ་འཕེན་གྱི་སྲོལ་རྒྱུན་ལུས་རྩལ་ཡང་ཡོད། ཕ་ཡུལ་ན་རྟ་ནོར་ལུག་གསུམ་གྱི་སྒོ་ཕྱུགས་གཡང་རྟེན་ཡོད་ལ། ཕ་ཡུལ་ན་ཕ་མ་སྤུན་མཆེད་ཀྱི་བརྩེ་འདང་དྲོད་མོའང་ཡོད་པས། ཕ་ཡུལ་ནི་ང་ཚོ་ཡུལ་གྱར་བའི་སེམས་ཁོང་ན་རྟག་བརྟན་འགྱུར་མེད་དུ་གནས་པའི་སྙན་ངག་རིང་མོ་དེ་ཡིན་ལ། ཕ་ཡུལ་ནི་འོ་སྐོལ་གཞན་ཡུལ་འགྲིམས་པ་ཚོས་ནམ་ཡང་བཤད་མི་ཚར་བའི་གཏམ་རྒྱུད་རིང་མོ་དེའང་ཡིན་ལགས།
7
རེད་ཡ། ལོ་ཟླ་དང་དུས་རབས་ཀྱི་འགྱུར་བག་དང་བསྟུན་ཏེ་ཕ་ཡུལ་གྱི་རི་གྲོང་ལའང་འཕོ་འགྱུར་འབྱུང་བཞིན་འདུག་ལ། དེ་ནི་ལྷིང་འཇགས་ཀྱི་ཡུལ་ལུང་གང་དེའི་སྤྱི་ཚོགས་དཔལ་འབྱོར་ལ་ཐོད་བརྒལ་འབྱུང་བཞིན་པའི་རྟགས་མཚན་ཡིན་པ་སྨོས་ཅི་དགོས། ཡིན་ནའང་། འཕེལ་འགྲོས་མྱུར་མོ་དེ་དང་བསྟུན་ཏེ་ཕ་ཡུལ་ནི་སྨུག་ལོང་ཁྲོད་ཀྱི་འཇའ་ཚོན་ནང་བཞིན། མཚར་སྡུག་གི་རང་ལུས་མཛེས་པོ་དེ་མག་མོག་ནས་མག་མོག་ཏུ་འགྲོ་བཞིན་པའི་སྐྲག་སྣང་སྟེར་བ་སྟེ། སྦྲ་ནག་གི་གཏམ་རྒྱུད་སྨུག་པོ་དེ་རྩྭ་ཐང་ནས་གནའ་རྫས་བཤམས་སྟོན་ཁང་དུ་འཛུལ་བའམ། རོང་འབྲོག་གི་ཐོན་སྐྱེད་ལག་ཆ་དེ་གྲོང་སྡེ་ནས་སློབ་གྲྭའི་ཁྲིད་སྟེགས་སྟེང་དུ་སླེབས་པ་ནི། འབྲོག་སྡེ་ཆེན་མོ་ཞིག་གི་གར་སྟེགས་ཀྱི་མཇུག་ཡོལ་ཡིན་སྲིད་ལ། ཞིང་གྲོང་སྐྱིད་པོ་ཞིག་གི་མཐའ་མཇུག་གི་གྱེས་ཕྱག་ཀྱང་ཡིན་སྲིད་པས། སེམས་པ་ནི་སྐྱོ་ཤུར་ཤུར། མཐོང་ལམ་ནི་སྐྱ་ཐིང་ཐིང་། མདུན་ལྗོངས་ནི་གྲང་བེར་བེར།
8
མཚམས་ལན་རེར། ང་ཚོ་ནི་བར་བརྒལ་གྱི་མི་རབས་ཤིག་ཡིན་པའི་འཇིགས་སྣང་སྐྱི་གཡའ་བ་རེའང་སྐྱེས་འོང་སྟེ། ང་ཚོའི་བུ་རབས་ཚ་རྒྱུད་དག་ལ་ཕ་ཡུལ་ཞེས་པའི་གྲོང་ཚོ་ཆུང་ཆུང་ཞིག་གི་ལོག་མལ་ཞིག་ཡོད་སྲིད་དམ། སྨུག་སྤྲིན་གྱ་གྱུར་རྒྱུ་བའི་སྤང་ལྗོངས་ཡངས་མོ་ཞིག་གི་དྲན་ཤིང་དེ་ཡོད་སྲིད་དམ། གླུ་གཞས་ཐན་ཐུན་འཐེན་པའི་རི་གྲོང་ཐུན་མིན་ཞིག་གི་བགོ་སྐལ་ཞིག་ཡོད་སྲིད་དམ། མགོ་ལྕོག་ལྡེམ་ལྡེམ་བྱེད་པའི་འབྲུ་དྲུག་གི་གཡང་རྟེན་གྲུ་བཞི་དེའང་ཡོད་སྲིད་དམ། ང་ཚོ་ལ་དོགས་གཞི་མང་། ང་ཚོ་ལ་སེམས་ཁྲལ་ལྕི། ང་ཚོ་ལ་འདང་རྒྱག་ཆེ་ཨང་།
9
དེ་ལས་ཀྱང་། ད་ལྟའི་གྲོང་ཁྱེར་གྱི་བྱིས་པ་དག་གི་གནས་བབ་ནི་ང་ཚོས་བརྗེད་དུ་མེད་པའི་ལོ་རྒྱུས་ཀྱི་དཀྱོགས་མཚམས་ཤིག་ཏུ་འགྱུར་སྲིད་དེ། འཚོ་སྡོད་ཀྱི་ཁོར་ཡུག་དང་དེང་རབས་ཀྱི་ཤེས་རིག་གིས་ཁོ་ཚོ་ལ་ཐུན་མིན་གྱི་མི་གཤིས་ཤིག་བསྐྲུན་ཡོད། བསམ་བློ་ཕུང་གསུམ་པ་ཞིག་ཆགས་ཡོད། ལྟ་བ་ཡན་གར་བ་ཞིག་གྲུབ་ཡོད་དེ། བོང་བུ་དང་རྟ་མཆོག་གི་དབྱེ་བ་འབྱེད་དཀའ་བའི་ཁོ་ཚོ་ནི་དུས་རབས་འདིའི་བསྡུས་གཟུགས་རེད། སྦྲ་ནག་དང་ཁལ་གཡག་ལ་མཚར་སྣང་སྐྱེས་པའི་ཁོ་ཚོ་ནི་མི་རབས་འདིའི་དཔེ་མཚོན་རེད། རང་སྐད་དང་གཞན་སྐད་གཉིས་ཉ་ཉུང་བཞིན་བསྲེས་པའི་ཁོ་ཚོ་ནི་ལོ་རབས་འདིའི་བདག་པོ་རེད་པས། མ་འོངས་པར་ཁོ་ཚོས་མཚར་སྡུག་གི་རིག་གནས་ཤིག་གི་སྲོག་རྒྱུན་ལ་དུངས་སེམས་ཀྱི་མེ་ལྕེ་བསྒྲོན་སྲིད་དམ། ཕ་ཡུལ་གྱི་བདེ་སྡུག་ལ་རང་སེམས་ཀྱི་བརྩེ་བ་གདེག་ཐུབ་བམ། མི་རིགས་འདིའི་དར་རྒུད་ལ་རང་ཉིད་ཀྱི་ཡོད་ཚད་དབུལ་སྲིད་དམ།
10
རེད་ཡ། མདོར་ན་ལོ་ཟླའི་འགྱུར་བག་ཁྲོད་རྒས་འཁོགས་སུ་འགྱུར་བཞིན་པའི་བདག་གི་ཕ་ས་ཕ་ཡུལ་ཏེ། ཕྱི་སྣོད་ཀྱི་རི་ཆུ་ནགས་གསུམ་དང་། ནང་བཅུད་ཀྱི་གཙུག་ལག་རིག་གནས་ཀྱིས་གྲུབ་པའི་མཚར་སྡུག་གི་ཡུལ་གྲུ་ཁེར་རྐྱང་ཞིག མཚམས་རེར་སེམས་ངོགས་སུ་རྟག་བརྟན་འགྱུར་མེད་དུ་གནས་པའི་མཛེས་སྡུག་གི་སྣུམ་ཚོན་རི་མོ་ཞིག་དང་འདྲ་ལ། མཚམས་རེར་ཉི་འོད་ཀྱི་ཚ་ཟེར་འོག་ཏུ་ག་ལེར་ཡལ་བཞིན་པའི་རྫ་མཐའི་སྨུག་སྤྲིན་ཞིག་དང་ཡང་མཚུངས་པས། ང་ཚོ་ལ་གབ་ཚིག་ལྟ་བུའི་ལོ་ཟླ་འདིའི་ཕར་ངོགས་ཀྱི་སད་རྟོགས་མཁོ་ལ། ང་ཚོ་ལ་རྨི་ལམ་ལྟ་བུའི་དུས་རབས་འདིའི་ཕ་མཐའི་ངོ་གདོང་གི་ངེས་ཟིན་ཡང་ཅིས་ཀྱང་ཡོད་དགོས་ཨང་།
2018.7.24ཉིན་ལྷ་སའི་རང་ཤག་ཏུ།
འོད་གཤོག རྩོམ་སྒྲིག་འགན་འཁུར་པ། སངས་རྒྱས་སྒྲོལ་མ།