སད་དང་མ་སད་མི་འདུག
སྒྲེན་པོ།(ཟི་ལིང)
སྔོན་འགྲོའི་དབྱངས།
རྨི་ལམ་རྨིས་དང་མ་རྨིས་ནི
ཤི་གསོན་གཉིས་ཀྱི་གོ་མཚམས་འབྱེད་མཁན་ཡིན་ན
ད་ནི་སད་དང་མ་སད་མི་འདུག
རྣམ་ཤེས་ཕུང་བོའི་ལྷུམས་སུ་ཞུགས་དང་མ་ཞུགས་མི་འདུག
ད་ནི་གཏན་དུ་གཟིམས་པར་མཛོད་ཅིག་དང
རྨི་ལམ་མེད་པའི་དུས་རབས་ཤིག་རིང་སྟབས་ཀྱིས་བསླེབ་ལ་ཉེ
གཅིག
འཆི་བ་དང་གསོན་པ་གཉིས་ཀྱི་བར་གྱང་དེའི་མིང་ལ
རྨི་ལམ་ཞེས་བསྙད་པ་ཡིན་ན
གདོད་ནས་རྨི་ལམ་རྨིས་མ་མྱོང་བའི་རྣམ་ཤེས་ཁེར་རྐྱང་དེ་ནི
ཚོགས་དྲུག་སྣང་བའི་ཁམས་ན
གར་འགྲོ་གར་གཏད་མེད་པའི་སྦྲང་མ་ཞིག་དང་འདྲ་བར
ཕྱད་ཕྱོད་ངང་དར་ཅིག་ལུས་ཏེ
སྣང་བ་དང་སྣང་བ་འཁྲུལ་སའི་འདྲེས་མདོ་ན
ཁ་རྔོག་རླུང་ལ་བསྐུར་བའི་རྟ་ཕོ་དང་འདྲ་བར
འགྱུ་བ་མི་བརྟན་པའི་སྤྲིན་ཚོམ་ལང་ལོང་གི་རྗེས་སུ
རྨིག་རྡུལ་གཏོར་གྱིན་ཡོད་ངེས
ཡང་ན་སྣང་ལ་མ་ངེས་པའི་བར་མ་དོ་རུ
བདུད་ཀྱི་ཆོ་འཕྲུལ་ཅི་དགར་སྟོན་པའི
སྒྱུ་མ་མཁན་ཞིག་དང་འདྲ་བར
རྨི་ལམ་དང་རྨི་ལམ་གྱི་ཁྱོན
ནམ་མཁའི་གར་ཁྱབ་ཀྱི་སར་མུར་བསྲིངས་ཀྱང
ནམ་མཁའ་སྟོང་བ་འདིའི་ཞལ་ངོ་མི་ཁེབས་པ་བདེན་ན
ད་ནི་རྨི་ལམ་རྨིས་དང་མ་རྨིས་མི་འདུག
གཉིས།
རྣམ་ཤེས་ཀྱིས་བེམ་ཀོག་འདི་ཉིད
ཕུང་བོ་ལྷག་མ་མེད་པའི་ཟད་ཤིང་བཞིན་དུ་ཅམ་གྱིས་བསྐྱུར་ནས
དུས་ཡུན་རིང་ཙམ་འགྱངས་པས་ལན་ནམ
གང་ལྟར
ད་ནི་མེས་པོ་ལྷ་ལམ་ལ་འདྲེན་བྱེད་ཀྱི་རྨུ་ཐག་དེ
འཕྲུལ་སྣང་གིས་བསླེས་པའི་འཇའ་ཡི་དཔྱངས་ཟམ་དེ
མཐོང་རེག་གི་ཡུལ་དུ་མ་གྱུར་པར་ཡུན་རིང་འགོར
ཡོབ་ཆེན་སིལ་སིལ་སྒུལ་བྱེད་ཀྱི
རྨོག་དར་ཁྲོག་ཁྲོག་སྒྲེང་བྱེད་ཀྱི
རླུང་གི་ཞབས་རྗེས
མེ་ཡི་ཕྱག་ཟུང
ས་གཞིའི་སྐྱི་གཉེར་གྱི་གསེབ་ན་མི་འདུག
རྡུལ་འཚུབ་ལང་ལོང་དང་འགྲོགས་ནས་ས་ཆེན་གྱི་སྒལ་གཞུང་ལ་བྲེས་མྱོང་བའི་རུ་དར
ཉི་ཟེར་ལམ་ལམ་དང་བསྡེབས་ནས་ས་ཆེན་གྱི་མིག་ཀོང་ལ་བསྐྱིལ་མྱོང་བའི
ཐབས་ཤེས་ཀྱི་མཚོ་མོ
མཐོང་ལམ་ན་མི་འདུག
ཐོས་ཡུལ་ན་མི་འདུག
གཅིག་བྱས་ན
ད་ནི་འཁྱམས་ནས་ཡུན་རིང་འགོར་བའི་རྣམ་ཤེས་ཀྱིས
རྡོག་ལམ་རྨང་ནས་བོར་ཡོད་ཀྱང་སྲིད
ཡང་ན་ཕྱིར་ལམ་མ་རྙེད་པར་གཡང་ལ་ལྕེབས་ཡོད་ཀྱང་སྲིད
གཏན་དུ་ལོག་མ་ཐུབ་པའི་རྣམ་ཤེས་ལྡོམ་པོ་དེས་ལན་ནམ
ནམ་མཁའ་པང་དུ་བཏབ་ནས་ས་ཆེན་གྱི་གདོང་ལ་བལྟས་ན
དབྱངས་གསལ་གྱི་ལྗང་མྱུག་འདེབས་སའི་ས་ཞིང་གཤིན་པོ་ཐང་རྒོད་དུ་གྱུར
ལྷ་ཚོགས་ཁྲུས་ལ་རོལ་སའི་རྫིང་བུ་བསྐམས་འདུག
རུས་པའི་ཧ་རུ་རྒྱུ་བའི་གཤིས་གྱོང་གི་ཁྲག་རྒྱུན་རྨང་ནས་བསླད་འདུག
བྱ་རྒོད་ཀྱི་གཤོག་ལྕག་བྲག་ལ་བརྡབས་པ་ཡ་རེ་ང
རྒྱ་སྟག་གི་ང་རོ་དབྱིངས་ལ་བཏབ་པ་དོན་རེ་ཆུང
གསུམ།
ཡང་གཅིག་བྱས་ན
མངོན་སུམ་གྱི་ཁྲོད་ནས་ཁོ་ཁ་སྐོམ་དྲགས་པས
གཉིད་དུ་ཞུགས་ཏེ་རྨི་ལམ་གྱི་ཁམས་སུ་སོང་ནས
སྐོམ་ཆུ་ཡིད་ཚིམ་པ་ཞིག་འཐུང་འདོད་ཀྱང
རྨི་ལམ་གྱི་བར་གྱང་སྔ་མོ་ནས་ཆོམ་ཉིལ་ལེར་འགྱེལ་ཟིན་པས
ཁོས་རྣམ་ཤེས་ཀྱི་གཤོག་ཟུང་གཡར་ནས
མྱུར་མོར་ལུས་པོ་ལས་ཕྱིར་བུད་དེ
མདོག་འགྱུར་ད་བྱིད་ཅིག་གི་ཁོག་ཏུ་འཕོ་བ་གྲོང་འཇུག་བྱས
ཁོས་གམ་གྱི་རྫ་སྣོད་ཅིག་ལས་ཆུ་ཧམ་འཐུང་བྱེད་ལ་བྲེལ་སྐབས
གློ་བུར་གར་ཡོང་མ་ངེས་པའི་མི་ཞིག་གིས
ཙབ་ཙུབ་ཀྱི་ཞེ་བློ་དང་བཅས
ཁོ་གནས་སའི་རྫ་མའི་ཁ་ལེབ་དམ་པོར་བརྒྱབ
དེ་ལྟར་ཁོའི་རྣམ་ཤེས
རྫ་བུམ་ནང་དུ་བཅུག་ནས་དབུགས་འཐུམ
ཕྱིར་ཕུང་བོའི་ཁོག་ཏུ་ཞུགས་བསམ་རུང
ཁ་ལེབ་བཅད་རྒྱས་བསྡམས་འདུག་པས་ན
རྣམ་ཤེས་གཏན་དུ་ལོག་རྒྱུ་མ་བྱུང
ཁོས་སྟེས་དབང་ཞིག་ལ་བསྒུག་རྒྱུ་ལས་འོས་མེད
འཇིག་རྟེན་འདིར་སྟེས་དབང་ག་ཙམ་ཡོད་དམ
རྫ་བུམ་གྱི་ཁེབས་གཅོད་ནམ་ཕྱེས་ན
དེ་དུས་ཁོ་ཐར་བའི་ཉིན་མོར་བརྩིས་ཆོག
དེ་ལྟར་ཁོ་གཏན་དུ་གཟིམས་སོང
ཡང་ན་གཏན་དུ་སད་ཐབས་མ་བྱུང
འུ་ཅག་གི་མེས་པོས
ས་ཆེན་ཨ་མའི་པང་བ་རུ
གངས་ཀྱི་སེང་གེ་སྲབ་མེད་བཞིན
གཡུ་རལ་གསིག་གིན་གསིག་གིན་ཅེ་སྤྱང་དང་འཐབ་མོ་བཀྱེ་མྱོང
རྫ་ཡི་འབྲོང་གཡག་དར་མ་བཞིན
རྭ་རྩེ་རྡོར་གྱིན་རྡོར་གྱིན་རིགས་རུས་ཀྱི་ཕ་ཁོངས་མ་རྒྱུད་བསྐྱེད་མྱོང
ནགས་ཀྱི་ཁུ་བྱུག་སྔོན་མོ་བཞིན
མགྲིན་པ་སེལ་གྱིན་སེལ་གྱིན་སྲིད་པའི་གླུ་ཆུང་ངག་ལ་བསྐྱིལ་མྱོང
འབྲོང་ལ་སྣ་ལོ་བཏུལ་ནས་སྒོ་ཟོག་ཏུ་བཀུག་མྱོང་བའི
རིགས་རྒྱུད་ཀྱི་རྣམ་ཤེས་ད་ཆ་གང་དུ་ཡོད
རྐྱང་ལ་ཁ་ལོ་བཏུལ་ནས་ཞོན་རྟ་རུ་བསྒྱུར་མྱོང་བའི
སྙིང་སྟོབས་ཀྱི་ས་བོན་དུས་འདིར་གང་དུ་སྦས་ཡོད
བཞི།
མེས་པོ་ང་ཚོ་དང་བྲལ་ནས་རིང་ཙམ་འགྱངས་ཀྱང
ཁོས་སྐར་ཁུང་ན་འུ་ཅག་ལ་མགོན་སྐྱོབ་གནང་གིན་ཡོད་ངེས
མེས་པོས་འུ་ཚོ་མགོན་མེད་སྐྱབས་མེད་ཀྱི
དྭ་ཕྲུག་བཞིན་དོར་མི་སྲིད་ནའང
འུ་ཚོས་མེས་པོ་བཞུགས་མྱོང་སའི་ཕ་ས་བསྐྱུར
མེས་པོའི་བླ་སྲོག་འཁོར་སའི་ཕ་གཞིས་བསྐྱུར
མེས་པོའི་རིང་གི་གོན་པ་ཆ་ལུགས་བསྒྱུར་ཐལ་ཆེ་བས
ད་ཆ་མེས་པོའི་རྣམ་ཤེས་དེང་མའི་ཕ་ཡུལ་ལ་འཁོར་ནའང
ད་ལྟའི་འུ་ཅག་གི་སྡོད་གནས་གསར་བ་འདི་རྙེད་ཐབས་བྲལ
ད་ལྟའི་འུ་ཅག་གི་གནས་སྟངས་མཐོང་ཐབས་བྲལ
ད་ལྟའི་འུ་ཅག་ལ་མགོན་སྐྱོབ་གནང་ཐབས་བྲལ
འུ་ཚོས་མེས་པོ་ལ་ཁྲེལ་མེད་བྱས་སོང
འུ་ཚོས་མེས་པོ་ལ་ཁོང་ཁྲོ་བསླངས་སོང
འུ་ཚོས་མེས་པོའི་ཞེ་བློ་གཏིང་ནས་ཆད་དུ་བཅུག་སོང
མེས་པོའི་དཔུང་དང་མགོན
སྐྱབས་དང་སྐྱོབ་པ་མེད་པའི་འུ་ཅག
རྣམ་ཤེས་ཀྱི་གཟུངས་འཛིན་མ་ཁུགས་པར
དུས་ཡུན་ག་ཙམ་ལ་གསོན་ཐུབ་བམ
མེས་པོའི་བླ་སྒུལ
མེས་པོའི་བརླ་བརྡུངས
མཚན་ཕྱེད་དུ
དེང་མའི་མཁར་ཤུལ་ཉུལ་ནས
ཕངས་སེམས་ཀྱི་མཆི་མ་ཕྲོམ་ཕྲོམ་གཏོར་མཁན་དེ་མེས་པོ་ཡིན་ངེས
ན་ཟུག་གི་རྐན་སྒྲ་ཐག་ཐག་འཆའ་བཞིན་པ་དེ་མེས་པོ་ཡིན་ངེས
ད་ནི་མེས་པོ་དང་ཕྱི་རབས་པའི་བར་གྱི
སྦྲེལ་ཐག་ཆད་ནས་ཧྲེང་ཧྲེང་བོར་ལུས་པའི
དུས་རབས་ཤིག་གི་མགོ་བརྩམས་བྱུང
ཡང་ན་མེས་པོ་ལྷ་ལམ་འགྲིམ་བྱེད་ཀྱི
རྨུ་ཐག་རྨང་ནས་ཆད་སོང
ཡང་ན་མེས་པོ་མི་ཡུལ་ལ་ལོག་བྱེད་ཀྱི
ཉི་ཐིག་རྩད་ནས་བོར་སོང
ལྔ།
དེང་གི་དུས་ནི
རྣམ་ཤེས་འཁོར་སའི་ཡུལ་དང
རྣམ་ཤེས་ཞུགས་སའི་གླགས་མེད་པའི
དུས་ཚིགས་ཤིག་ཏུ་འཁེལ་འདུག
ཡང་ཅིག་བྱས་ན
འཁྱམས་ཡུན་རིང་བའི་རྣམ་ཤེས་ཀྱིས
རྡོག་སྣེ་ཟིན་ནའང
ཕྱིར་ལམ་སྙེག་པའི་བར་གླགས་སུ
ཆར་ཞོད་ཆེན་པོ་ཞིག་དང་འཕྲད་པས
ཁོ་ཤོག་བུ་བཞིན་ཕྱི་རློན་ནང་བརྟོལ་བྱས
རྣམ་ཤེས་རྡོ་བ་ཡིན་མི་སྲིད
རྡོ་བ་ཆུ་ལ་སྦངས་ཀྱང་བངས་མི་སྲིད
བརླན་དང་འཕྲད་ན་ཚེ་སྲོག་འབྱུང་བ་བཞིན
གོད་ཆག་ཐེབས་པའི་རྣམ་ཤེས
སྐྱེ་དངོས་དང་རྩི་ཤིང་གཞན་པའི་ལྷུམས་སུ་ཞུགས་ཡོད་ཀྱང་སྲིད
གང་ལྟར
རྣམ་ཤེས་འཁོར་སའི་གངས་རི་ཙད་པས་བཞུས
བླ་སྲོག་བྲན་སའི་གཙང་པོ་སྐོམ་པས་གཟིར
དྲུག
ད་ནི་རྣམ་ཤེས་འཚོང་སའི་གར་སྟེགས་ཆེན་པོ་ཞིག་འབྱེད་ལ་ཉེ
རྟ་ལམ་མ་རྙེད་པའི་རྣམ་ཤེས
དུར་ལམ་མ་བསྙབས་པའི་རྣམ་ཤེས
དུར་ཡིག་མ་བརྐོས་པའི་རྣམ་ཤེས
སྐྱས་ལམ་བློས་མ་ཐོངས་པའི་རྣམ་ཤེས
ཞིང་ཚིགས་མ་བཀར་བའི་རྣམ་ཤེས
འཆི་ཁུངས་མ་མཐོང་བའི་རྣམ་ཤེས
འཆི་རྐྱེན་མ་རྟོགས་པའི་རྣམ་ཤེས
སྒོའི་ཕྱི་ཁྱམས་ལས་མ་ཐར་བའི་རྣམ་ཤེས
ལུས་རྟེན་མ་རྙེད་པའི་རྣམ་ཤེས
རྡོག་ལམ་བོར་བའི་རྣམ་ཤེས
རྣམ་ཤེས་ལྡོམ་པོའི་ཚོགས
གྲོག་ཚང་ཁའི་རྡོ་ལེབ་བླངས་རྗེས་ཀྱི
གྲོག་མ་མིག་མེད་ཀྱི་ཚོགས་དང་འདྲ་བར
གང་ལ་འདུར་འདོད་ཀྱི་བློས་ཡང་ཡང་བསྐུལ་ནའང
ཤར་ལྷོ་ནུབ་བྱང་གི་དབྱེ་མཚམས་མ་ངེས་པས
ཉོ་ཚོང་ཁྲོམ་ར་ན་རེངས་རེངས་པོར་ལུས་འདུག
ཡང་ན་གསོན་དུ་རེ་བའི་མིག་ཟུང
ཅེ་རེ་ལོང་བར་ཧད་འདུག
རྣམ་ཤེས་ཀྱང་ལུས་རྟེན་གྱི་ཁོག་ཏུ་བདེ་བར་ཞུགས་ས་མེད་ན
རྨི་ལམ་གྱི་རྩིག་གྱང་ཡང་ཆོམ་ཉིལ་ལེར་འགྱེལ་ཚར་ན
ད་ནི་སད་དང་མ་སད་མི་འདུག་ཨང
ཉིས་སྟོང་བཅོ་བརྒྱད་ལོའི་སྤྱི་ཟླ་བརྒྱད་པའི་ཚེས་གཉིས་ཉིན།
ཡུལ་ཟི་ལིང་གི་རང་ཁྱིམ་ནས་གྲུབ་པར་བྱས།
སྒྲེན་པོ། དངོས་མིང་ལ་བནྡེ་སྐྱབས། 1985ལོའི་ལོ་མཇུག་ཏུ་རེབ་གོང་བཙན་མོ་སྟག་ཡན་ཞེས་པའི་རོང་མ་འབྲོག་གི་རུ་སྡེ་ཆུང་ངུ་ཞིག་ནས་སྐྱེས། 2005ལོ་ནས2009ལོའི་བར་ནུབ་བྱང་མི་རིགས་སློབ་ཆེན་ནས་དངོས་གཞི་བཏོན། 2009ལོ་ནས2012ལོའི་བར་དུ་ནུབ་བྱང་མི་རིགས་སློབ་ཆེན་ནས་ཞིབ་འཇུག་སློབ་མ་བཏོན། བཀའ་དྲིན་གསུམ་ལྡན་གྱི་མཛུབ་སྟོན་དགེ་རྒན་བདུད་ལྷ་རྒྱལ་མཆོག་གི་དྲུང་ནས་བོད་ཀྱི་དེང་རབས་རྩོམ་རིག་གི་སྐོར་ལ་བག་ཆགས་ཙམ་བཞག་མྱོང་། ཉིས་སྟོང་བཅོ་ལྔ་ལོར་སྐབས་བརྒྱད་པའི་སྦྲང་ཆར་རྩོམ་རིག་བྱ་དགའ་ཐོབ། ཉིས་སྟོང་བཅུ་བདུན་ལོར《ཐེ་ཀོར་གྱི་སྙན་ངག་གཅེས་བསྡུས》ཞེས་པའི་བོད་འགྱུར་མ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་ནས་བཀྲམ། ད་ལྟ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དུ་གསར་འགྱུར་ལོ་ཙཱ་དང་། གསར་འགྱུར་རྩོམ་སྒྲིག གསར་འགོད་པ་བཅས་ཀྱི་ལས་ཀ་གཉེར་མུས་ཡིན།