ཧི་མ་ལ་ཡའི་འཛུགས་སྐྲུན་དང་ཁེར་རྐྱང་གི་མགར་བ། —ལྗང་བུའི་སྙན་ངག་ལ་དཔྱད་པ།
ལྷ་ལུང་རྒྱ་མཚོ།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
གཉིས། སྤྱི་ཚོགས་སྐྱོན་བརྗོད་ཀྱི་བསམ་བློ།
སྤྱིར་ན་ང་ཚོས་སྙན་ངག་གི་ངོ་བོ་ནི་དུངས་བརྗོད་ཡིན་པས་སྙན་ངག་ལ་མཚོན་ན་སྤྱི་ཚོགས་དང་ཆེར་མ་འབྲེལ་བར་འཚོ་བའི་ཁྲོད་ཀྱི་མི་སྒེར་གྱི་དགའ་སྐྱོ་ཆགས་སྡང་གང་རུང་ཞིག་བསྟན་པས་རུང་ཞེས་བཤད་ཆོག་ཀྱང་། མི་ནི་སྤྱི་ཚོགས་ཁྲོད་ཀྱི་མི་ཡིན་ལ། སྙན་ངག་ཀྱང་སྤྱི་ཚོགས་འདུ་ཤེས་ཁྲོད་ཀྱི་སྙན་ངག་ཡིན་པས།“སྙན་ངག་ནི་སྤྱི་མཚན་གྱི་བརྡ་དོན་ལས་བསམ་བློ་གྲོལ་བར་བྱས་ཤིང་། ཚོར་འདུའི་ངོར་སིམ་ནས་ཡོད་པ་ཞིག་ཡིན། སྙན་ངག་དང་བསམ་བློའི་འབྲེལ་བ་ནི་ཉི་འོད་ཁྲོད་ཀྱི་འོད་དང་དྲོད་ཇི་བཞིན་སོ་སོར་དགར་ཐབས་བྲལ”①ཞེས་པ་བཞིན་སྙན་ངག་ནི་སྤྱི་ཚོགས་དང་ཐད་ཀར་མ་འབྲེལ་བར་ཆོག་ཀྱང་དེའི་ཁྲོད་དུ་བསྟན་པའི་དགའ་སྐྱོ་ཆགས་སྡང་དག་ལ་རང་བཞིན་གྱིས་བསམ་བློ་དང་སྤྱི་ཚོགས་ཀྱི་འདུ་ཤེས་སིམ་ནས་ཡོད་པ་ཡིན། དེ་བཞིན་དུ་ལྗང་བུའི་སྙན་ངག་ལ་མཚོན་ན། ཐོག་མའི་དུས་སྐབས་ཀྱི་སྙན་ངག་ལ་སྤྱི་ཚོགས་ཀྱི་འདུ་ཤེས་སམ་བསམ་བློ་ཤུགས་ཆེར་མངའ་ལ། བར་སྐབས་སུ་སྒྱུ་རྩལ་གྱི་ཕྱོགས་ལ་འཚོལ་སྙེག་དང་ཚོད་ལྟ་བྱས་པས་སྤྱི་ཚོགས་ཀྱི་འདུ་ཤེས་ཞན་པར་གྱུར་པ་དང་། མཐའ་མའི་དུས་སྐབས་སུ་སླར་ཡང་སྤྱི་ཚོགས་ཀྱི་འདུ་ཤེས་དྲག་པོ་སྙན་ངག་ཏུ་ཐོན་ཡོད་དེ། ང་ཚོས་ཁོའི་མཐའ་མའི་དུས་སྐབས་ཀྱི་མཚོན་བྱེད་དེ་སྙན་དེབ《སྙན་རྩོམ་གཟི་མིག་དགུ་པ》ཡི་ནང་དུ་སྤྱི་ཚོགས་སྐྱོན་བརྗོད་བྱེད་པའི་སྙན་ངག་མང་པོ་ཞིག་ཡོད་པ་ལས་རྟོགས་ཐུབ་པ་ཡིན།
《 ཐོལ་བྱུང》དུ“སྙན་ངག་པས་ཅི་ཡང་མི་སྨྲ་དུས/རིགས་རྒྱུད་ཀྱི་འཕར་རྩ་འཁྱག་ཟིན་ལ/སྙན་ངག་པས་ཅི་ཡང་མི་སེམས་དུས/རིགས་རྒྱུད་ཀྱི་རྩ་བ་རུལ་ཟིན”ཞེས་པ་བཞིན་ལྗང་བུས་ནམ་ཡིན་ཡང་སྙན་ངག་པ་ཞིག་ཡིན་ཚེ་རིགས་དང་སྤྱི་ཚོགས་ཀྱི་བདེ་སྡུག་སྙིང་ལ་ཉར་ནས་མི་རིགས་ཀྱི་མགྲིན་ཚབ་པ་བྱེད་དགོས་པར་འདོད་ཀྱིན་ཡོད་དེ།“གཟི་མིག་དགུ་པ་ཞིག་གིས/མཐོ་སྒང་འདིར་ལྐོག་ལྟ་བྱེད་ཀྱིན་འདུག”ཅེས་རང་ཉིད་ཀྱིས་མི་རིགས་ཀྱི་བདེ་སྡུག་སེམས་ནས་མ་དོར་ལ་ཕྲག་ནས་མ་འཕངས་པར་མི་རིགས་ཀྱི་འཚོ་སྡོད་ཡུན་རིང་སེམས་ལ་བརྣགས་ཡོད་ཅིང་།《ང་ཡི་བོད》ཅེས་པའི་སྙན་ངག་ཏུ“སྤང་ལྗོངས་འདི/སྐོམ་ཐན་གྱིས་ཡོངས་སུ་ཟིན་སོང”ཞེས་མི་རིགས་ཀྱི་ཉམ་ང་བའི་འཚོ་སྡོད་ཀྱི་གནས་སྟངས་ཀྱིས་ང་ཡི་བོད་ནི“ཡིད་སེམས་མ་སྐྱིད་པ་དག་གི་ན་ཟུག་འབྲི་སའི་རྩིག་ལྡེབས་ཆེན་པོ”བཞིན་དུ་མི་སུ་ཡིན་རུང་མི་རིགས་ཀྱི་གནས་བབ་ལ་བལྟས་ཚེ་ཡི་མུག་དང་ཁེར་རྐྱང་། སེམས་འཚབ་ཀུན་ནས་འབྱུང་ཞིང་། སྙན་ངག་པ་ཡང་དེ་བཞིན་དུ་དེ་དག་གིས་ཀུན་ནས་གཙེས་ཀྱིན་ཡོད་པ་རེད།
《 སྙན་རྩོམ་གཟི་མིག་དགུ་པ》ཡི་ནང་གི་སྙན་ངག་མང་པོ་ཞིག་ནི་སྙན་ངག་པས་ལྷ་སར་ལས་སྒྲུབ་བྱེད་སྐབས་སུ་བྲིས་ཤིང་། 《 ལྷ་ས》ཞེས་པའི་སྙན་ངག་ཏུ་ལྷ་ས་ལ“ཕོན་ཆེ་བའི་རྒྱ་མེན་གྱི་ཚལ་ལགས”ཞེས་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས་ཀྱི་ལྟེ་བའམ་མཚོན་བྱེད་དུ་གྱུར་པའི་སྟོད་ཉི་མ་ལྷ་སར་གཡེམ་དྲི་དང་དམར་དྲི། ཆང་དྲི་འགོས་ཤིང་། ཟི་ཁྲོན་ཟ་ཁང་གི་ལྷན་པ་འབྱར་ལ། ནང་མ་སྤྲོ་སྐྱིད་ཁང་གི་འདབ་ར་འགྲིག་པ་དང་། ཐ་ན་གནས་འདིར“ཤེས་རིག་ཅིག་ཀྱང/ཉམ་ང་བའི་ངང་གཡོ་ཚོང་གི་མཐིལ་ན་ཀེམ་ཀེམ་གཡོ་བར་བྱེད”ཀྱིན་ཡོད་པས། མི་རིགས་ཤིག་ལ་མཚོན་ན་འཚོ་སྡོད་ཀྱི་ཉེན་ཁའམ་འགག་རྩར་ཐུག་ཡོད་ཅིང་དེ་ལེགས་བཅོས་ཡོང་དགོས་ན་ངེས་པར་དུ་དམངས་ཡོངས་ཀྱི་ལུས་སྟེང་གི་མི་སྡུག་ངན་རུལ་གྱི་ཆ་དག་མཐར་སྐྲོད་དང་རིག་གནས་གསར་བ་ཡི་ཡ་ལད་བསྒོ་དགོས་པ་ཡིན། དེ་བས་སྙན་ངག་པས་སྤྱི་ཚོགས་སྐྱོན་བརྗོད་ཀྱི་མདུང་ཁ་དེ་ཐད་ཀར་དམངས་ཀྱི་ཐ་ཤལ་རང་བཞིན②ལ་གཏད་འདུག་སྟེ།《མི་སེར་གྱི་ཚབ་བྱས་ནས་གྲོང་ཁྱེར་སྲིད་གཞུང་ལ་ཕུལ་བའི་སྙན་ཞུའི་ཡི་གེའི》 ནང་དུ“བརྩེ་དུངས་ཁྱོད་ཀྱིས་ཁྱེར་ཆོག/དུས་ཚོད་ཁྱོད་ཀྱིས་ཁྱེར་ཆོག/ཐ་ན་བླ་སྲོག་ཀྱང་ཁྱོད་ཀྱིས་ཁྱེར་ཆོག/འོན་ཀྱང/ནང་མ་སྤྲོ་སྐྱིད་ཁང་གཅིག་པུ/ང་ལ་འཇོག་གནང་རོགས”ཞེས་དུས་རབས་གསར་བའི་དཔལ་འབྱོར་གྱི་ཡོ་ལང་དང་འགྲན་རྩོད་ཀྱི་མདུན་དུ་ལྷ་སའི་མི་དམངས་ཀྱིས་ཅི་ཡང་མི་སེམས་པར་ནང་མ་སྤྲོ་སྐྱིད་ཁང་དང་ཨ་རག་ལ་མགོ་འཁོར་བ་དང་། 《 ངོས་ལེན་ཞུ་ཡིག》ཅེས་པའི་སྙན་ངག་ཏུ“ང་རང་བྲན་གཡོག་ཡིན/ང་རང་གིས/སློབ་གསོ་དང/རིང་ལུགས་ལ་ལགས་སོ་ཟེར་དགོས་བྱུང/ང་རང་བྲན་གཡོག་ཡིན/ང་རང་གིས/དབང་ཤེད་དང/དངུལ་ལོར་ལ་ལགས་སོ་ཟེར་དགོས་བྱུང/ལགས་སོ/ལགས་སོ/ང་རང་བྲན་གཡོག་ཡིན/ང་རང་བྲན་གཡོག་ཡིན”ཞེས་ཟུར་ཟའི་ཚུལ་གྱིས་དམངས་ཀྱི་གཤིས་རྒྱུད་ན་ཡོད་པའི་བྲན་གཤིས་ཀྱི་ཆ་ལ་རྒོལ་རྡུང་དང་སྐྱོན་བརྗོད་བྱས་འདུག་ལ། གཞན་དུ་སྙན་ངག་འདིར་འཇར་མན་གྱི་མཚན་ཉིད་རིག་པ་བ་ནིས་ཆས་བཤད་པའི་བྲན་ཁོལ་མཚན་ཉིད་རིག་པའི③ནང་དོན་ཡང་ཡོད་དེ། ཁྲིམས་མེད་ལུགས་མེད་དམ་བརྙས་དམོད་ཁྱད་གསོད་ཀྱི་ལས་དང་འཕྲད་ཚེ་དེ་ལ་མགོ་སྒུར་དང་ལེན་བྱེད་པ་མ་ཡིན་པར། རང་ཚུགས་ཐུབ་པའི་མི་གཞི་དང་སྒལ་ཚིགས་ཀྱིས་དེར་རྒོལ་རྡུང་དང་གདོང་མཆོང་བྱེད་དགོས་པ་ཡིན་མོད། ལྷ་སའམ་བོད་དམངས་དག་ལ་མཚོན་ན་ང་རང་བྲན་གཡོག་ཡིན་ཞེས་པ་བཞིན་རང་དོན་ཉི་ཚེ་བ་ཁོ་ནའི་དོན་དུ། ཡོད་ཚད་ལ་ལགས་སོ་ལགས་སོ་ཞེས་མགོ་སྒུར་ཁས་ལེན་བྱས་ཡོད་པ་རེད། དམངས་ཀྱི་ཐ་ཤལ་རང་བཞིན་འདི་དག་ནི་ད་གཟོད་མི་རིགས་འཕེལ་རྒྱས་སུ་འགྲོ་བར་གེགས་བྱེད་པའི་རྐྱེན་གཙོ་བོ་ཡིན།
སྙན་ངག་པས་དམངས་ཀྱི་ཐ་ཤལ་རང་བཞིན་ལ་ཟུར་ཟ་དང་ཐེར་འདོན་བྱེད་པའི་ཞོར་དུ་མི་རིགས་འདིའི་གནས་སྟངས་ལ་ཡང་བསམ་གཞིག་བྱས་ཡོད་དེ། 《 གྲུ་གཟིངས་ཆེན་པོ་འདིས་ང་ཚོ་ཕ་རོལ་ཏུ་སྒྲོལ་ཐུབ་བམ》ཞེས་པའི་སྙན་ངག་ལས་རང་རིགས་ཀྱི་འདས་སོང་གི་ལོ་རྒྱུས་སམ་སྲོལ་རྒྱུན་རིག་གནས་དེ་གྲུ་གཟིངས་ཤིག་གི་དཔེར་བཞག་ནས། གྲུ་གཟིངས་དེར་སྒོ་དང་སྒེའུ་ཁུང་མི་འདུག་ཅིང་གཡས་གཡོན་ནམ་མདུན་རྒྱབ་ཏུ་གྲུ་གཟིངས་གཞན་ཡོད་མེད་ཀྱང་མཐོང་ཐབས་བྲལ་བ་དང་། མཇུག་ཏུ“ང་ཚོའི་ཡང་སྙིང་གི་དམིགས་ས་དེ་ག་རེ་ཡིན་ནམ”ཞེས་འབྱུང་འགྱུར་ལ་དྲི་བའང་བཏོན་ནས་ཡོད། དེ་བས་ང་ཚོ་ལ་མཚོན་ན་སྲོལ་རྒྱུན་རིག་གནས་ཀྱི་གྲུ་གཟིངས་གཅིག་པུས་མི་ཆོག་པར་འབྱུང་འགྱུར་ལ་ཁ་ཕྱོགས་དགོས་ཤིང་། ཚན་རིག་གིས་མཚོན་པའི་དེང་རབས་ཀྱི་གསར་བྱུང་རིག་གནས་དང་ལེན་གྱིས་མ་འོངས་འཕེལ་རྒྱས་ཀྱི་ལམ་ཆེན་དུ་བསྐྱོད་དགོས་པ་གཡོལ་ཐབས་མེད་པ་ཞིག་ཡིན་ནོ།།
《 སྙན་རྩོམ་གཟི་མིག་དགུ་པ》ཡི་ནང་གི་སྙན་ངག་མང་པོ་ཞིག་གིས་འདི་ལྟར་སྤྱི་ཚོགས་སྐྱོན་བརྗོད་ཀྱི་མདུང་ཁ་དམངས་ཀྱི་རང་སྟེང་གི་ཐ་ཤལ་རང་བཞིན་ལ་གཏད་དེ། སྤྱི་ཚོགས་སྟེང་གི་སྣང་ཚུལ་ཙམ་མ་ཡིན་པར་དམངས་ཀྱི་གཤིས་ཀའི་ཁྲོད་མངའ་བའི་མཁྲེགས་འཛིན་དང་རྨོངས་འཐོམ། སྒྱིད་ལུག འཐོམ་སྦྲིད། བྲན་གཤིས་བཅས་ལ་སྐྱོན་བརྗོད་དང་སུན་འབྱིན་ཚ་ནན་བྱས་འདུག་པས། སྣང་ཚུལ་གྱི་ཕྱི་ཤུན་བརྟོལ་ནས་གནད་དོན་གྱི་ངོ་བོར་སྙོབ་འདུག་ཅིང་། རྒྱའི་མཁས་པ་ལུའུ་ཞུན་གྱིས་ཨQལ་བརྟེན་ནས་རྒྱལ་དམངས་ཀྱི་ཐ་ཤལ་རང་བཞིན་ལ་སྐྱོན་བརྗོད་བྱས་པ་བཞིན་ཟབ་ས་ནས་དང་ངོ་བོའི་ཐད་ནས་རང་ཅག་གི་སྤྱི་ཚོགས་འཕེལ་རྒྱས་ལ་གེགས་བྱེད་པའི་དམངས་ཀྱི་གཤིས་ཀའི་སྟེང་གི་ཞན་ཆའམ་ཐ་ཤལ་རང་བཞིན་དག་གསལ་སྟོན་མཛད་འདུག
གསུམ། དེང་རབས་རང་བཞིན་ཕྱིར་རྟོག་གི་བསམ་བློ།
དེང་རབས་རང་བཞིན་ཞེས་པ་ནི་གོ་དོན་རྙོག་དྲ་ཅན་ཞིག་སྟེ། མཁས་པ་སོ་སོས་དེར་རང་རང་གི་ཕྱོགས་ནས་གོ་བ་དང་འགྲེལ་བ་བྱས་མྱོང་བས་མཐའ་གཅིག་ཏུ་གོ་དོན་ཡང་དག་པ་ཞིག་མེད། སྤྱི་ཁྱབ་ནས་བལྟས་ཚེ་དེང་རབས་རང་བཞིན་ལ་ནང་དོན་ཆེན་པོ་གསུམ་ཡོད་དེ། 《 ནུབ་གླིང་རྩོམ་རིག་མཐའ་དཔྱོད་ཀྱི་བརྡ་ཆད་གཙོ་བོ》 ཞེས་པའི་ནང་དུ་རིག་རྩལ་དེང་རབས་རང་བཞིན་དང་མཚན་ཉིད་རིག་པ་དེང་རབས་རང་བཞིན། སྤྱི་ཚོགས་དེང་རབས་རང་བཞིན་ཞེས་ནང་དོན་གསུམ་དུ་དབྱེ་འདུག་པ་དང་། 《 དེང་རབས་རང་བཞིན་དང་ཀྲུང་གོའི་རྩོམ་རིག་རླབས་རྒྱུན》གྱི་ནང་དུ་ཚོར་ཤེས་ཀྱི་རིམ་པ་དང་དཔྱོད་ཤེས་ཀྱི་རིམ་པ། ཕྱིར་རྟོག་གམ་འདའ་འགོངས་ཀྱི་རིམ་པ་བཅས་གསུམ་དུ་དབྱེ་འདུག དེས་ན་དེང་རབས་རང་བཞིན་ཕྱིར་རྟོག་གི་བསམ་བློ་ནི་དབྱེ་བ་དང་པོའི་ནང་གི་མཚན་ཉིད་རིག་པ་དེང་རབས་རང་བཞིན་དང་། དབྱེ་བ་གཉིས་པའི་ནང་གི་རིམ་པ་གསུམ་པ་སྟེ་ཕྱིར་རྟོག་གམ་འདའ་འགོངས་ཀྱི་རིམ་པར་གོ་དགོས་ཤིང་། དེས་ནི་དེང་རབས་ཅན་ནམ་དེང་རབས་ཅན་གྱིས་འཁྱེར་ཡོང་བའི་མི་སྡུག་ངན་རུལ་གྱི་ཆ་དག་ལ་ཐེར་འདོན་དང་ཕྱིར་རྟོག་བགྱིས་ཏེ། དེང་རབས་ཅན་དེ་ཡང་དག་པ་དང་བདེ་ཐང་གི་ལམ་ཕྱོགས་སུ་འགྲོ་བར་འབད་ཀྱིན་ཡོད་པས། དེང་རབས་རང་བཞིན་རང་སྟེང་ན་རང་ཉིད་ལ་སྐྱོན་བརྗོད་དང་ཕྱིར་རྟོག་བྱེད་པའི་དེང་རབས་རང་བཞིན་ཕྱིར་རྟོག་གི་བསམ་བློ་ཡོད་པ་ཡིན།
དེས་ན་དེང་རབས་རང་བཞིན་ཞེས་པ་ཅི་འདྲ་ཞིག་ལ་གོ་བ་ལེན་དགོས་ཞེ་ན། ཝེ་པོ་ནས་དེང་རབས་ཅན་ནི་གསང་བ་འདོར་བ(祛魅)འམ་འཇིག་རྟེན་ཅན(世俗化)དུ་འགྱུར་བའི་བརྒྱུད་རིམ་ཞིག་ཏུ་འདོད་ཅིང་། ཅིས་ཏིན་སི་ནས“དེང་རབས་རང་བཞིན་དེ་དེང་རབས་སྤྱི་ཚོགས་དང་བཟོ་ལས་རིག་གནས་ཀྱི་བསྡུས་ཚིག་ཏུ་འདོད་པ་དང་། དེར་འཇིག་རྟེན་གྱི་ལྟ་བ་དང་དཔལ་འབྱོར་ལམ་ལུགས། ཆབ་སྲིད་ལམ་ལུགས་བཅས་ཀྱི་སྒྲིག་བཀོད་ཀྱི་ནང་དོན་ཡོད་པ་ཞིག་ཡིན”④ཞེས་སྤྱི་ཚོགས་རིག་པའི་ངོས་ཐད་ནས་འགྲེལ་བ་བསྐྱོན་ཡོད་པ་དང་།“ང་ཚོས་དེང་རབས་རང་བཞིན་གླེང་སྐབས་དཔྱོད་ཤེས་ཀྱི་སྙིང་སྟོབས་ལ་གོ་བ་བླངས་ཆོག”⑤ཅེས་དང་“དཔྱོད་ཤེས་ལ་ཚན་རིག་གི་སྙིང་སྟོབས་དང་མི་ཇུས་ཀྱི་སྙིང་སྟོབས་ཀྱི་ནང་དོན་ཡོད་དེ། ཚན་རིག་གི་སྙིང་སྟོབས་ཀྱིས་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་བ་དང་ཆོས་ལུགས་ཀྱི་རྨོངས་དད་ལས་གྲོལ་བར་བྱས། མི་ཇུས་ཀྱི་སྙིང་སྟོབས་ཀྱིས་དམངས་གཙོའི་ལམ་ལུགས་འཛུགས་པར་སྐུལ་འདེད་དང་། མི་ཡི་རིན་ཐང་གིས་ལྷ་ཡི་རིན་ཐང་ལ་དགག་པ་བྱས་ཡོད། དཔྱོད་ཤེས་ཀྱི་སྙིང་སྟོབས་ཀྱིས་ནུབ་གླིང་དེང་རབས་སྤྱི་ཚོགས་སུ་བགྲོད་པར་སྐུལ་འདེད་བྱེད་ཀྱིན་ཡོད”⑥ཅེས་པ་བཞིན། ངས་འདིར་གླེང་གིན་པའི་དེང་རབས་རང་བཞིན་ནི་སྤྱི་ཚོགས་རིག་པའི་ངོས་ཐད་ནས་དང་དཔྱོད་ཤེས་ཀྱི་རིམ་པའི་སྟེང་ནས་གོ་དགོས་པ་ཡིན། དེས་ན་ལྗང་བུའི་སྙན་ངག་ཏུ་གསར་རྩོམ་གྱི་རིམ་པ་གཉིས་པའི་སྐབས་ནས་བཟུང་དེང་རབས་རང་བཞིན་ཕྱིར་རྟོག་གི་བསམ་བློ་ཐོན་ཡོད་ལ། 《 སྙན་རྩོམ་གཟི་མིག་དགུ་པ》ཡི་ནང་དུ་ཁོས་མི་རིགས་ཀྱི་འཕེལ་རྒྱས་སེམས་ལ་བརྣགས་ནས་སྤྱི་ཚོགས་སྐྱོན་བརྗོད་བྱེད་པའི་ཞོར་དུ། དེང་རབས་རང་བཞིན་ལའང་ཕྱིར་རྟོག་བྱས་ནས་ཡོད།
ལྗང་བུའི་སྙན་ངག་ཏུ་དེང་རབས་རང་བཞིན་ཕྱིར་རྟོག་གི་བསམ་བློ་ཕྱོགས་གཉིས་ནས་མངོན་ཡོད་དེ། ཕྱོགས་གཅིག་ནས་ཁོས་དེང་རབས་ཅན་གྱི་མཇུག་འབྲས་སུ་དངོས་པོའི་དཔལ་ཡོན་ཆེས་ཆེར་དར་ནས་མི་དང་སྤྱི་ཚོགས་བར་དང་མི་དང་མིའི་བར། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བར་གས་ཁ་ཤོར་བ་དང་། ཐ་ན་ཚན་རིག་དང་དངོས་པོའི་དཔལ་ཡོན་དར་ཆེ་བའི་མཇུག་འབྲས་སུ་མི་ལ་འཁྱོག་བསྒྱུར(异化)ཡང་ཐེབས་ཡོད་པ་ཡིན། 《 རོལ་དབྱངས་དང་ཞབས་བྲོར་རྫོགས་རྒྱུ་མེད》ཅེས་པའི་སྙན་ངག་ཏུ“རོལ་དབྱངས་ཀྱི་འཚུབ་ཆ་ཞི་རྗེས/ལག་པ་གློད/གཙང་པོའི་ཕར་ཚུར་དུ་སོ་སོའི་གོ་གནས་རྙེད་ཅིང/དབེན་འཇགས་དང་སོས་དལ་ལ་རྣ་བ་བླགས”ཞེས་བྲིས་ཡོད་པ་བཞིན་མི་དང་མིའི་བར་དང་། སེམས་པ་དང་སེམས་པའི་བར་གྱི་འབྲེལ་བར་དངོས་པོའི་དཔལ་ཡོན་གྱི་བསླུ་བྲིད་མདུན་དུ་གས་ཁ་ཤོར་གྱིན་པ་དང་།“མེ་ཏོག་དང་མེ་ཏོག་གམ་མེ་ཏོག་དང་བུང་བའི་བར་གྱི་མཛའ་བརྩེའམ་ལྷན་སྐྱེས་ཀྱི་སེམས་པའི་རང་བཞིན་ལ་འབྲེལ་བ་ཡོད་པ་གཞན་དག་ནི་ཆག་གས་སུ་གྱུར་ཏེ་ངོ་གདོང་རྣམས་བོར་ཟིན་པའི་གློ་བུར་བ་ཞིག་ཚོར་ཞིང་དངོས་པོ་དང་དངོས་པོའི་ཁྱད་ཆོས་ཁོ་ན་ཤུལ་དུ་ལུས་པའི་ཚོར་བ་ཞིག་བྱུང་སྟེ་ཧ་ཅང་མྱ་ངན་གྱི་དུས་སུ”ཞེས་དེ་དག་ལ་སྙིང་ནས་མ་བཟོད་པར།“ཆེས་ཟབ་པའི་བསམ་བློ་དག་ན་ཚ་ལས་སྐྱེས་སམ་དངོས་པོ་ལས་སྐྱེས་པ་ཡིན་ཟེར”ཞེས་རང་ཉིད་ལ་ལྡོག་འདྲི་བྱས་ཏེ་མི་སེམས་འཚོ་སྐྱོང་གི་ཆ་ལྷུར་བླངས་ཡོད་པ་ཡིན། དེ་བས་ཁོའི་སྙན་ངག་ཏུ་གཙང་པོ་དང་ཟམ་པ། དཔྱངས་ཟམ་སོགས་ཀྱི་ཡིད་བརྙན་ཐེངས་མང་བྱུང་ཡོད་ལ། དེང་རབས་ཅན་གྱི་མཇུག་འབྲས་སུ་མི་དང་མིའི་བར་ན་མངའ་བའི་བརྩེ་བ་འམ་གདོད་མའི་ཆ་དག་དངོས་པོའམ་ཕན་ཁེས་ཚབ་བྱས་པར་གྱུར་པས།“ལོག་ཡོང་དུས/སྔར་གྱི་མིག་ཟུང་དྭངས་མོ་དག་བཙལ་ནས་མི་རྙེད/སྔོ་ལྗང་གསེབ་ཀྱི་ཆེས་ཐོག་མའི་དྲི་བསུང་རྣམས/རྣོ་ལྕགས་དང་ཨར་འདམ་གྱི་སྲུབས་ཀར་ཡལ”ཞེས་སྙན་ངག་པར་འགྲོ་ས་ལོག་ཡུལ་མེད་པའི་སྣང་བ་རྒྱུན་པར་སྐྱེས་ཤིང་། 《 ང་གྲུབ་ཚུལ》དང་། 《 ང་རང་གཞན་ཞིག》 《 གཟུགས་མེད་ཀྱི་གཏུབ་གྲི》 《 ང་ཚོའི་སང་ཉིན》སོགས་སུ་མི་ལ་འཁྱོག་བསྒྱུར་ཐེབས་པའི་གནས་ཚུལ་བརྗོད་ཡོད་པ་དང་།“ས་སྲོས་ཀྱི་དྲི་ཞིམ་ལྡན་པའི་མེ་ཏོག་འཐོར་ཞིང/སྲོད་དུས་ཀྱི་བུ་མོ་དང་གླང་པོའི་སྐེ་དྲིལ་གྱི་ཕྱིར་ཏུ/ང་ཐོངས་ཤིག”ཅེས་སྙན་ངག་པའི་མཐར་ཐུག་གི་བསམ་བྱ་ནི་བརྩེ་བ་དང་མཛའ་གཅུགས་ཀྱིས་མཚོན་པའི་མི་དང་མིའི་བར་གྱི་གདོད་མའམ་རང་བྱུང་གི་འབྲེལ་བ་ཞིག་ཡིན་པ་བསྟན་ཏེ། མིའི་རང་རིག་གི་འཇིག་རྟེན་ལ་ཟབ་ཞུགས་དང་མི་སེམས་འཚོ་སྐྱོང་གི་ལས་ལྷུར་བླངས་ཡོད།
ཕྱོགས་གཞན་ཞིག་ནས་སྙན་ངག་པས་དེང་རབས་ཅན་གྱི་འབྲས་བུའི་མཚོན་བྱེད་དུ་གྱུར་པའི་གྲོང་ཁྱེར་དང་བཟོ་ལས་རིག་གནས་ལ་ཐད་ཀར་སྐྱོན་བརྗོད་ཀྱིས་དེང་རབས་རང་བཞིན་ལ་ཕྱིར་རྟོག་ཀྱང་བྱས་ཡོད་པ་ཡིན། 《 སྟེང་འོག》གི་ནང་དུ“གཏེར་ཁ་བསྔོགས་ཤུལ་གྱི་ས་འོག/སྦྲུལ་དང་ཙི་ཙིས་བཟུང/བཙས་མ་བརྔས་ཤུལ་གྱི་ས་གཞི/ནོར་དང་མཚོན་ཆས་རྩོད/ཡང་སྟེང/དུད་དྲེག་འབྱར་བའི་ནམ་མཁའ/དེའི་ཡང་སྟེང་དུ/དཀོན་མཆོག་བཞུགས་སམ”ཞེས་བྲིས་ཡོད་པ་བཞིན། གཞན《ངོས་གཞན་ཞིག》དང《ལག་པ་མང་པོ》 《 སྙིགས་མ་ལྔ་བདོ》 སོགས་ཀྱི་ནང་དུ་གྲོང་ཁྱེར་གྱི་མི་སྡུག་པའི་ཆ་དང་། རང་བྱུང་ཁམས་ཀྱི་གཏོར་བརླག རིན་ཐང་ལྟ་བའི་བོར་སྟོར་སོགས་བསྟན་པའི་སྒོ་ནས་དཔྱོད་ཤེས་དང་ཚན་རིག་གིས་མཚོན་པའི་དེང་རབས་ཅན་གྱིས་ང་ཚོ་ལ་སྤྱི་ཚོགས་དང་དངོས་པོའི་དཔལ་ཡོན་གྱི་འཕེལ་རྒྱས་བསྐྲུན་རུང་། དེའི་ཞོར་དུ་མི་སྡུག་པའང་ཅི་རིགས་ཤིག་འཁྱེར་འོང་གིན་པར་སྐྱོན་བརྗོད་དང་ཕྱིར་རྟོག་བྱས་ཡོད་པ་ཡིན། གཞན་དུ་སྙན་ངག《མུན་འཐོམ་པའི་རྣམ་པ་ཞིག་ལས》དང《འཐབ་འཛིང》དུ་བག་ཉལ་གྱི་འདུ་ཤེས(潜意识)བསྟན་ཡོད་དེ། དཔྱོད་ཤེས་ཀུན་ནུས་དང་ཚད་མར་འདོད་པའི་དེང་རབས་རང་བཞིན་ལ་མཚོན་ན་བག་ཉལ་གྱི་འདུ་ཤེས་ནི་དེའི་ཁ་གཏད་དུ་ལངས་ཡོད་ཅིང་། ནུབ་གླིང་ལ་མཚོན་ནའང་འཇར་མན་གྱི་མཚན་ཉིད་རིག་པ་ནིས་ཆས་ཆང་ལྷའི་སྙིང་སྟོབས་ཞེས་པ་མང་དུ་གླེང་སྟེ་དཔྱོད་ཤེས་ལ་དགག་པ་བྱས་ཡོད་པ་དང་། ནིས་ཆ་ནི་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་བསམ་བློའི་མགོ་ཁུངས་སུའང་ངོས་འཛིན་གྱིན་ཡོད་པ་རེད། དེ་བས་ལྗང་བུའི་སྙན་ངག་ཏུ་བག་ཉལ་གྱི་འདུ་ཤེས་དང་དཔྱོད་ཤེས་མ་ཡིན་པ་དག་ཐོན་ཡོད་པ་དག་གིས་ཀྱང་དཔྱོད་ཤེས་དང་དཔྱོད་ཤེས་ཀྱིས་མཚོན་པའི་དེང་རབས་རང་བཞིན་ལ་ཕྱིར་རྟོག་དང་དགག་རྒྱག་བྱས་ཡོད།
ལྗང་བུའི་སྙན་ངག་ཏུ་དེ་ལྟར་ཕྱོགས་གཅིག་ནས་སྤྱི་ཚོགས་ལེགས་བཅོས་བྱས་ཏེ་དེང་རབས་ཅན་དུ་བསྐྱོད་པའི་བསམ་བློ་བསྟན་ཡོད་པ་དང་། ཕྱོགས་གཅིག་ནས་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་ཤུགས་རྐྱེན་འོག་དེང་རབས་ཅན་གྱིས་མཚོན་པའི་དེང་རབས་རང་བཞིན་ལ་ཕྱིར་རྟོག་བྱེད་ཀྱིན་འདུག ངས་ནི་འདི་ལ་རིག་གནས་ངོས་ཀྱི་མི་གཞིའི་གས་ཁ་ཞེས་འབོད་ཀྱིན་ཡོད་ཅིང་། རིག་གནས་ངོས་ཀྱི་མི་གཞིའི་གས་ཁ་ཞེས་པ་ཡང་ང་ཚོའི་གནས་སྟངས་དང་སྤྱི་ཚོགས་ཁོར་ཡུག་གིས་ཐག་བཅད་པ་ཞིག་རེད། གཅིག་ནས་རང་རེ་ནི་དེང་རབས་ཅན་གྱི་ལམ་ཁར་བསྐྱོད་མེད་པའི་མི་རིགས་ཤིག་ཡིན་པས་དེང་རབས་ཅན་དུ་བསྐྱོད་པ་ནི་ང་ཚོའི་འགན་འཁྲི་དང་འཕེལ་རྒྱས་ཀྱི་ཆོས་ཉིད་ཡིན་པ་དང་། གཉིས་ནས་ང་ཚོའི་སྤྱི་ཚོགས་ཁོར་ཡུག་ཏུ་ལྗང་བུའི་སྙན་ངག་ཁོ་ན་མ་ཟད་དེང་རབས་ཅན་ལ་ཕྱིར་རྟོག་དང་དགག་རྒྱག་བྱེད་པའི་བསམ་བློ་ཧ་ཅང་རྒྱུག་ཆེ་བ་རེད། ཀྲུང་གོའི་ནང་ལོགས་ལ་མཚོན་ན་ལོ་རབས་བརྒྱད་ཅུ་བར་རིག་གནས་རྩད་ཞིབ(文化寻根)ཀྱི་ཚ་རླབས་འཕྱུར་ནས་རང་གི་རིག་གནས་ཀྱི་རྐང་འཚོལ་བ་ཡིན་ཞེས་རིག་གནས་ཀྱི་ཁྱབ་ཁོངས་གང་དུ་ཡང་ལས་འགུལ་དེ་འདྲ་ཞིག་བྱུང་བ་དང་། ནུབ་གླིང་གི་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གིས་ཀྱང་གཙོ་བོ་དེང་རབས་རང་བཞིན་ཕྱིར་རྟོག་གི་བསམ་བློ་སྟོན་གྱིན་ཡོད། རིག་གནས་རྩད་ཞིབ་དང་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གཉིས་ལས་གང་གི་ཤུགས་རྐྱེན་ཡིན་རུང་ང་ཚོ་ལ་དེང་རབས་ཅན་གྱི་ལྡོག་ཕྱོགས་ཀྱི་ཤེས་བྱ་མང་པོ་ཞིག་མཁོ་སྤྲོད་བྱས་བྱུང་བ་རེད།
རྐྱེན་དེ་འདྲ་ཞིག་གི་དབང་གིས་ང་ཚོས་དེང་རབས་ཅན་ལ་ལྟ་སྐབས་ཕྱོགས་གཅིག་ནས་དེང་རབས་ཅན་དང་ལེན་གྱིས་དེའི་ལམ་ཁར་འགྲོ་དགོས་པས་དྲང་ཕྱོགས་ནས་ལྟ་བ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཁོར་ཡུག་གི་དབང་གིས་ང་ཚོས་དེང་རབས་ཅན་གྱི་སྐྱོན་ཆ་དང་མི་སྡུག་པ་མང་པོ་ཞིག་མཐོང་བས་དེར་ཕྱིར་རྟོག་གི་ངོས་ནས་ལྟ་བཞིན་ཡོད། དེ་བས་ང་ཚོའི་མི་གཞིའི་སྟེང་དུ་འགལ་བའམ་གས་ཁ་ཞིག་ཡོད་པ་རེད། འདི་ནི་སྙན་ངག་པ་མ་ཟད་ང་ཚོ་སུ་ལའང་ཡོད་པའི་རིག་གནས་ངོས་ཀྱི་མི་གཞིའི་གས་ཁ་ཡིན་ཞིང་། རྒྱུ་མཚན་ནི་འགལ་བའམ་མི་གཞིའི་གས་ཁ་འདི་འདྲ་ནི་རང་རིགས་ཀྱི་གནས་སྟངས་དང་སྤྱི་ཚོགས་ཁོར་ཡུག་གིས་བསྐྱེད་པའི་འབྲས་བུ་རེད། ང་ཚོས་སྙན་ངག་པ་ལྗང་བུར་རིག་གནས་ངོས་ཀྱི་མི་གཞིའི་གས་ཁ་ནི་སྙན་ངག་པ་ཁྱོད་མ་ཟད་ང་ཚོ་སུ་ཡིན་རུང་ཡོད་པ་ཞིག་ཡིན་ཞེས་བསམ་ཤེས་བྱ་ཐུབ་རུང་། སྙན་ངག་པ་ནི་གསར་མཐོང་གི་བློ་མིག་རྣོ་ཞིང་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་མཁན་ཡིན་པ་དང་། ནང་སྒོས་སུ་རང་རེ་ལ་མཚོན་ན་ད་དུང་དེང་རབས་ཅན་གྱི་ལམ་དུ་བསྐྱོད་མེད་པའི་མི་རིགས་ཤིག་ཡིན་པས་དངོས་ཡོད་འཚོ་བ་ཧ་ཅང་ཉམ་ཐག་ཡིན་ལ། ང་ཚོས་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་བལྟས་པའམ་དེང་གི་འཛམ་གླིང་གི་གཏམ་སྦྱོར་ཁྲོད་ནས་བཤད་ཚེ་དེང་རབས་རང་བཞིན་ཕྱིར་རྟོག་གི་བསམ་བློ་ནི་ང་ཚོར་བག་ཉལ་གྱི་ཚུལ་དུ་ཡོད་པ་ཞིག་ཡིན། དེ་བས་ང་ཚོ་སུ་ཡིན་རུང་དེང་རབས་ཅན་ལ་ལྟ་སྐབས་དྲང་ཕྱོགས་དང་དགེ་ཕྱོགས་ནས་བལྟས་ན་འགྲིག་པར་འདོད། བོད་རང་གི་གནས་སྟངས་ནི་འདི་འདྲའི་དམིགས་བསལ་བ་ཞིག་ཡིན་པས། རང་རིགས་ལ་མཁོ་བ་ནི་དེང་རབས་ཅན་ལ་བསྐྱོད་པའི་དཔའ་གདེང་དང་བསམ་བློ་ཡིན་ལ། དེང་རབས་ཅན་ལ་ཕྱིར་རྟོག་བྱེད་བཞིན་དཔའ་གདེང་ཆེན་པོས་དེང་རབས་ཅན་གྱི་ལམ་དུ་བསྐྱོད་པ་ནི་ང་ཚོའི་གཟུར་མེད་ཀྱི་འགན་འཁྲི་དང་དུས་རབས་ཀྱི་དགོངས་དོན་ཡང་ཡིན།
གསུམ་པ། སྒྱུ་རྩལ་གྱི་མཚོན་ཐབས།
སྙན་ངག་གི་སྒྱུ་རྩལ་གྱི་མཚོན་ཐབས་ལ་སྣ་མང་ཞིག་ཡོད་དེ། སྙན་ངག་པས་གང་བེད་སྤྱོད་གཏོང་བ་ནི་སྙན་ངག་པའི་རྩོམ་རིག་གི་བློ་སྦྱོང་དང་གཤིས་ཀ ཁམས་མོས་སོགས་དང་འབྲེལ་བ་ཡོད་པ་ཞིག་ཡིན། དེས་ན་ལྗང་བུའི་སྙན་ངག་ཏུ་གནའ་བོའི་རྩོམ་གཞུང་སྟེ་དངོས་ཡོད་རིང་ལུགས་ཀྱི་སྒྱུ་རྩལ་གྱི་མཚོན་ཐབས་ཡོད་ལ། དེང་རབས་སྙན་ངག་གི་སྒྱུ་རྩལ་གྱི་མཚོན་ཐབས་ཀྱང་བེད་སྤྱོད་བཏང་ཡོད་པས་འདིར་བསྐྱར་མཚོན་དང་ཡིད་བརྙན། མཚོན་དོན་བཅས་ཁོའི་སྙན་ངག་ཏུ་བཀོལ་སྤྱོད་བྱས་པ་མང་ཞིང་ཁྱབ་རྒྱ་ཆེ་བའི་སྒྱུ་རྩལ་གྱི་མཚོན་ཐབས་གསུམ་དམིགས་སུ་བཀར་ནས་རེ་རེ་བཞིན་གླེང་ཡོད།
གཅིག བསྐྱར་མཚོན།
བསྐྱར་མཚོན་ནི་གནའ་བོའི་ནུབ་གླིང་ལས་བརྒྱུད་ཡོང་བའི་རྩོམ་རིག་གི་ལྟ་བ་ཞིག་གམ་མཛེས་དཔྱོད་ལྟ་བ་ཞིག་སྟེ། གནའ་བོའི་རྒི་རི་སིའི་མཚན་ཉིད་རིག་པ་བ་པོ་ལ་ཐུ་ནས་རྩོམ་རིག་དེ་མེ་ལོང་གི་དཔེར་བཞག་ནས་རྩོམ་རིག་གིས་དངོས་ཡོད་འཚོ་བ་ཇི་མ་ཇི་བཞིན་མཚོན་པའམ་འདྲ་བཤུས་བྱེད་པ་ཡིན་པར་འདོད་པས་ལད་ཟློས་སྨྲ་བ་བྱུང་བ་དང་། ལད་ཟློས་སྨྲ་བ་དེ་རྗེས་སུ་རིམ་བཞིན་བསྐྱར་མཚོན་སྨྲ་བར་འཕེལ་བ་ཡིན། རྩོམ་རིག་གི་ལྟ་བ་འདིས་ནི་རྩོམ་རིག་གི་རྒྱུ་བཞི་ལས་བརྩམས་ཆོས་དང་འཇིག་རྟེན་བར་གྱི་འབྲེལ་བར་དོ་སྣང་ཆེན་པོ་བྱས་པ་དང་། རྩོམ་རིག་ནི་དངོས་ཡོད་འཚོ་བ་ལས་བྱུང་ཞིང་དངོས་ཡོད་འཚོ་བ་ཇི་བཞིན་མཚོན་པ་ནི་རྩོམ་རིག་གི་འོས་འགན་བླ་མེད་དུ་འདོད། རྩོམ་རིག་གི་ལྟ་བ་འདིས་གནའ་བོའི་དུས་ནས་ནུབ་གླིང་གི་རྩོམ་གཞུང་ལས་གོ་ས་ཆེན་པོ་ཟིན་ཡོད་ལ། དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་དུས་སྐབས་སུ་དར་བའི་ཡང་རྩེར་ཕྱིན། ཕྱིས་ཀྱི་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་དུས་སྐབས་སུ་རྩོམ་རིག་གིས་རྩོམ་པ་པོའི་བརྩེ་དུངས་སམ་རང་རིག་གི་འཇིག་རྟེན་མཚོན་དགོས་ཞེས་རྩོམ་རིག་གི་རྒྱུ་བཞི་ལས་རྩོམ་པ་པོ་དང་བརྩམས་ཆོས་བར་གྱི་འབྲེལ་བར་དོ་སྣང་བྱས་པས་ནུབ་གླིང་རྩོམ་རིག་གི་ཁ་ཕྱོགས་སམ་རྩོམ་གཞུང་ནི་བསྐྱར་མཚོན་ནས་མཚོན་པ་ཅན་དུ་འཕེལ་བ་ཡིན། འདི་ནི་རྩོམ་རིག་གི་ལྟ་བའམ་མཛེས་དཔྱོད་ལྟ་བ་ཞིག་གི་འགྱུར་ལྡོག་ཀྱང་ཡིན།
ལྗང་བུའི་སྙན་ངག་ལ་མཚོན་ན་ཐོག་མའི་དུས་སྐབས་ཀྱི་སྙན་ངག་མང་པོ་ཞིག་གིས་བསྐྱར་མཚོན་གྱི་མཛེས་དཔྱོད་ལྟ་བ་ལྷུར་བླངས་ཡོད་དེ། ཁོས་ཕྱི་རོལ་ཡུལ་ལ་གཞོལ་ནས་ཇི་བཞིན་འབྲི་བའམ་ཕྱིའི་ཆོས་དངོས་གང་ཞིག་ལ་རང་གི་བསམ་དོན་བཅོལ་ཏེ་མཚོན་པའི་འབྲི་ཐབས་ཀྱིས་རིག་གནས་གསར་རྙིང་གི་འགལ་བ་སྟོན་པ་འམ་གསར་བྱུང་བྱ་དངོས་ལ་འབོད་སྐུལ་བཏང་ཡོད་པ་ཡིན།
《 རྩྭ་ཐང་གི་མགྱོགས་བྲིས》 《 ཆུ་རྩེད་ཀྱི་གླུ》 《 སྟོན་ཁ•བགྲེས་སོང》 《 ང་རང་སྦར་ཆོག》 《 འབྲོག་པ》 《 དགུན་གྱི་བུ་མོས་དཔྱིད་ཀྱི་ན་ཆུང་སྦྲུམ》 《 རྟ་རྒྱུག་གི་ཉིན་མོ》 《 གཡའ་ཤིང་གི་ལོ་མ》སོགས་ནི་དཔེ་མཚོན་སྙན་ངག་ཡིན།
“ལྕི་བའི་མདོག་ལྡན་གདོང་རིས/མེ་ཡི་སྲོག/རླུང་གིས་འཕྱོ་བའི་སྐྲ་ལོ/ཤུགས་ཀྱིས་རྒྱུ/ཤ་གནད་ཀྱི་འདེགས་འཕར་ལས/ལྕག་སྐད་ཀྱི་བྲག་ཅ་འཁོར/ཉི་འོད་དང་ཆར་རླུང་གི་ལག་པས/ཕྱིར་མངོན་པའི་ཤ་སྐྱི་ཡི་ངོས་སུ/སྔར་སོང་གི་ལོ་རྒྱུས་དང/དཀའ་སྡུག་གི་མི་ཚེ་རིང་བོའི/གཅོང་རོང་ངམ་གཡང་ས་བརྐོས་ཡོད/གློ་བུར་གྱི་ལྕག་སྐད་ཅིག་གིས/སྟོང་བའི་ཁམས་གཉིད་ལས་བསླངས་དུས/ད་གཟོད/རྩྭ་ཐང་གི་བདག་པོའམ/འཇིག་རྟེན་གྱི་བདེ་བ་བསྐྲུན་མཁན/ཁྱེད་ཉིད་ཀྱང་ཡིན་པ་ཀུན་གྱིས་ཤེས་སོང”སྙན་ངག་འདིར་སྙན་ངག་པས་འབྲོག་པ་རྒན་པོ་ཞིག་གི་འཇིམ་བརྙན་དེ་སྐྱ་རིས་ཀྱི་འབྲི་ཐབས་ལ་བརྟེན་ནས། གདོང་རིས་དང་སྐྲ་ལོ། ཤ་གནད། ལག་པ། ཤ་སྐྱི་སོགས་འབྲོག་པ་ཞིག་གི་ཕྱིའི་གཟུགས་སྣང་ཧྲིལ་པོ་ཞིག་ང་ཚོའི་མིག་ངོར་བྲིས་ཡོད་པ་དང་། མཇུག་ཏུ་རྩྭ་ཐང་གི་བདག་པོའམ་འཇིག་རྟེན་གྱི་བདེ་བ་བསྐྲུན་མཁན་ཁྱེད་ཉིད་ཀྱང་ཡིན་པ་ཤེས་སོང་ཞེས་འབྲོག་པ་རྒན་པོ་དེ་དང་དེས་མཚོན་པའི་འབྲོག་པའི་མི་དམངས་ཀྱི་འཚོ་བར་བཅངས་པའི་དུངས་སེམས་དང་། དཀའ་སྡུག་ལ་མི་སྐྲག་པའི་སེམས་ཁམས། ངལ་རྩོལ་ལ་བཅངས་པའི་རྣམ་འགྱུར་སོགས་ལ་བསྔགས་བརྗོད་དང་ཁས་ལེན་བྱས་ནས་ཡོད་པ་ཡིན།
ལྗང་བུའི་ཐོག་མའི་དུས་སྐབས་ཀྱི་སྙན་ངག་མང་པོ་ཞིག་གིས་འདི་ལྟར་བསྐྱར་མཚོན་གྱི་འབྲི་ཐབས་བེད་སྤྱད་ཡོད་པ་དང་། དུས་ཚོད་ཀྱི་ཆ་ནས་དེ་དག་ནི་ལོ་རབས་བརྒྱད་ཅུ་བའི་ནང་དུ་གསར་རྩོམ་བྱས་ཤིང་བོད་དུ་སྙན་ངག་གསར་བ་དར་བའི་ཐོག་མའི་དུས་ལ་ཁེལ་ཡོད་པ་ཡིན། ལོ་རབས་བརྒྱད་ཅུ་བར་བོད་དུ་སྙན་ངག་གསར་བའམ་རྩོམ་རིག་གསར་བ་དར་དུས་ཀྱི་དཔེ་བལྟ་ས་ནི་རྒྱ་ནག་གི་རྩོམ་རིག་ཡིན་ལ། སྐབས་དེར་རྒྱ་ནག་གི་གཙོ་རྒྱུགས་ཀྱི་རྩོམ་རིག་ལྟ་བ་ནི་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་ལྟ་བ་ཡིན། དེ་བས་བོད་དུ་དར་བའི་རྩོམ་རིག་གསར་བ་ཡང་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་ལས་མ་འདས་ཏེ། ལོ་རབས་བརྒྱད་ཅུ་བའི་བོད་ཀྱི་རྩོམ་རིག་གི་གཏམ་སྦྱོར་ཁྲོད་སྤྱི་ཚོགས་འཚོ་བ་མཚོན་པ་དང་དངོས་ཡོད་ཀྱི་གནད་དོན་སྟོན་པ། རྩོམ་རིག་ལ་བརྟེན་ནས་སྤྱི་ཚོགས་ལེགས་བཅོས་བྱེད་པ། རྩོམ་རིག་གིས་སྤྱི་ཚོགས་ལ་ཞབས་འདེགས་ཞུ་དགོས་པ་སོགས་དངོས་ཡོད་རིང་ལུགས་ཀྱི་གཏམ་སྦྱོར་གྱིས་ཁྱབ་ནས་ཡོད་པ་ཡིན། དེ་བས་ལྗང་བུར་མཚོན་ན་ཡང་གསར་རྩོམ་གྱི་ཐོག་མའི་དུས་སྐབས་སུ་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ལ་འབྲེལ་འདྲིས་བྱུང་མེད་པས། སྐབས་དེའི་སྙན་ངག་མང་པོ་ཞིག་ནི་དེ་འདྲའི་གཏམ་སྦྱོར་དང་ཤུགས་རྐྱེན་འོག་གསར་རྩོམ་བྱས་ཤིང་། སྙན་ངག་པས་མི་རིགས་ཀྱི་བདེ་སྡུག་སྙིང་ལ་བཅངས་ཏེ་རྩོམ་རིག་ཉིད་ལག་ཆར་བཟུང་བ་དང་། རྩོམ་རིག་ལ་བརྟེན་ནས་དངོས་ཡོད་འཚོ་བ་འམ་སྤྱི་ཚོགས་འཚོ་བ་ལེགས་བཅོས་ཡོང་བར་ཕུགས་རེ་བརྟན་པོ་བཅངས་ནས་ཡོད་པས། ཁོའི་དུས་སྐབས་དེའི་སྙན་ངག་ལས་མངོན་པའི་བསམ་བློ་ནི་ཧ་ཅང་ཆིག་རྐྱང་བ་ཞིག་ཡིན་ལ། མཚོན་ཐབས་ཀྱི་ཆ་ནས་ཀྱང་དེང་རབས་སྙན་ངག་ནང་བཞིན་མཚོན་དོན་དང་ཡིད་བརྙན་སོགས་སྤྱད་མེད་པར་བསྐྱར་མཚོན་གྱི་འབྲི་ཐབས་སྤྱད་དེ། མཚོན་ཐབས་ཧ་ཅང་སྟབས་བདེ་དང་ཐབས་ཆག་ཡིན་པས་ཀློག་པ་པོ་ལ་མཚོན་ན་ཡང་ཀློག་པའི་དུས་སུ་གོ་བདེ་ཞིང་མཛའ་ཉེའི་སྣང་བ་སྟེར་ཐུབ་པ་ཡིན།
གཉིས། ཡིད་བརྙན།
ཡིད་བརྙན་ཞེས་པ་ནི་གནའ་བོའི་རྒྱ་ནག་གི་རྩོམ་གཞུང་ལས་བྱུང་བའི་བརྡ་ཆད་དམ་མཛེས་དཔྱོད་ལྟ་བ་ཞིག་སྟེ། སྒྲ་བཤད་ཀྱི་ངོས་ནས་བཤད་ན་དེར་དོན་སྟོན་བྱེད་ཀྱི་ཕྱི་རོལ་ཡུལ་གྱི་ཆོས་དངོས་སམ་གཟུགས་བརྙན་དང་། དོན་དང་ཕྱི་རོལ་ཡུལ་གྱི་ཆོས་དངོས་ཞེས་གོ་དོན་གཉིས་ཡོད་པ་ཡིན།⑦གཞན་ནུབ་གླིང་གི་སྙན་ངག་པ་ཕེང་ཏི་གཙོ་བྱས་པའི་ཡིད་བརྙན་རིང་ལུགས་ཀྱིས་ཤར་ཕྱོགས་རྩོམ་རིག་གི་ཤུགས་རྐྱེན་འོག་ཡིད་བརྙན་བླ་རུ་བཀུར་ནས་སྙན་ངག་གསར་རྩོམ་བྱེད་ཅིང་། ཡིད་བརྙན་ཞེས་པ་ནི་སྐད་ཅིག་མའི་ཡུན་ཚད་ཀྱི་ནང་དུ་མངོན་པའི་ཤེས་པ་དང་རྟོག་པ་འདྲེས་པའི་འདུས་གཟུགས་ཤིག་ལ་འདོད་པ་ཡིན། རྗེས་སུ་ཡིད་བརྙན་རིང་ལུགས་ཀྱི་སྙན་ངག་གི་ལྟ་བ་དང་བརྩམས་ཆོས་དག་ཚུར་རྒྱ་ནག་ཏུ་འགྱུར་བ་དང་སྔོན་ནས་རང་གི་རྩོམ་གཞུང་དུ་ཡོད་པའི་ཡིད་བརྙན་གྱི་བརྡ་ཆད་ཀྱིས་སྟོན་པར་བྱས། དེ་བས་ཡིད་བརྙན་ཞེས་པར་གོ་དོན་མང་ཞིང་གླེང་དུས་ཀྱང་གོ་དོན་རྙོག་དྲ་ཅན་ཞིག་ཏུ་གྱུར་ནས་ཡོད།
དེང་གི་དུས་སུ་ང་ཚོས་ཡིད་བརྙན་ཞེས་པ་གླེང་དུས་གཙོ་བོ་ཕྱོགས་གཉིས་ནས་གླེང་གིན་འདུག་སྟེ། སྒྲ་ཡངས་འཇུག་གི་སྒོ་ནས་ཡིད་བརྙན་ཞེས་པ་སྙན་ངག་ཏུ་མངོན་པའི་རི་ར་བ་ཁང་ཁྱིམ་སོགས་ཕྱི་རོལ་ཡུལ་གྱི་ཆོས་དངོས་དག་ལ་གོ་ཞིང་། སྒྲ་དོག་འཇུག་གི་སྒོ་ནས་ཡིད་བརྙན་རིང་ལུགས་པས་བཤད་པ་ཇི་བཞིན་སྐད་ཅིག་མའི་ཡུན་ནང་མངོན་པའི་ཤེས་པ་དང་རྟོག་པ་འདྲེས་པའི་འདུས་གཟུགས་ཤིག་ལ་གོ་བཞིན་འདུག གོ་དོན་དང་པོ་ལྟར་གོ་བ་བླངས་ཚེ་ཡིད་བརྙན་ཞེས་པ་ནི་སྣང་བརྙན་དང་ཆ་མཚུངས་སུ་གྱུར་འདུག་ཅིང་། སྙན་ངག་ཏུ་མངོན་པའི་རི་ར་བ་ཁང་ཁྱིམ་དང་ཉི་ཟླ་གཟའ་སྐར་སོགས་ནི་སྣང་བརྙན་ཡིན་རུང་ཡིད་བརྙན་ཡིན་པའི་ངེས་པ་མེད་དེ། རྒྱུ་མཚན་ནི་སྙན་ངག་ཏུ་ཐོན་པའི་སྣང་བརྙན་ཡིན་ན་རྩོམ་པ་པོའི་ཞེན་དོན་ནམ་བརྩེ་དུངས་ཀྱིས་བསླད་ཡོད་མེད་གཉིས་ཀ་ཡོད་པ་དང་། ཐ་ན་དཔེ་དཔེ་ཅན་གྱི་ཚིག་རྒྱན་འགོད་སྟངས་སྟབས་བདེ་ཙམ་ཡང་སྣང་བརྙན་ཡིན་ཆོག་ལ། ཡིད་བརྙན་ཞེས་པ་ནི་ངེས་པར་དུ་རྩོམ་པ་པོའི་ཞེན་དོན་ནམ་བརྩེ་དུངས་དང་ཕྱི་རོལ་ཡུལ་གྱི་ཆོས་དངོས་གཉིས་གཞི་གཅིག་ཏུ་འོ་ཆུ་འདྲེས་པ་བཞིན་ཡོད་པ་ཞིག་ཡིན་དགོས། དེ་བས་སྣང་བརྙན་དང་ཡིད་བརྙན་གྱི་བར་དུ་གོ་དོན་གྱི་སྤུ་རིས་ཞིབ་ཕྲར་འབྱེད་རྒྱུ་ཡོད་པ་ཡིན། གོ་བ་དང་པོར་ནི་ཡིད་བརྙན་གྱིས་ཕྱི་རོལ་ཡུལ་གྱི་ཆོས་དངོས་དེ་ཁོ་ན་གཙོ་བོར་བཟུང་བས་ཕྱོགས་སུ་ལྷུང་བའི་སྐྱོན་ཡོད་པ་ཡིན། གོ་བ་གཉིས་པ་ལྟར་གོ་བ་བླངས་ཚེ་དེ་ནི་སྐད་ཅིག་མའི་ཡུན་གྱི་ནང་དུ་ཤེས་པ་དང་རྟོག་པ་འདྲེས་པའི་འདུས་གཟུགས་ཤིག་ཡིན་དགོས་ཤིང་། གཞན་ད་དུང་ཡིད་བརྙན་རིང་ལུགས་པའི་གྲུབ་མཐའི་རྩ་དོན་གྱི་དབང་དུ་གྱུར་པ་དང་། བརྩམས་པའི་སྙན་ངག་ཀྱང་ཡིད་བརྙན་རིང་ལུགས་པའི་གྲུབ་མཐའི་སྙན་ངག་ཏུ་འགྱུར་བ་ཡིན་ནོ།།
དེས་ན་ང་ཚོ་གོང་གི་གོ་བ་རིགས་གཉིས་ཀྱི་མཐའ་རུ་མ་ལྷུང་བར་ཡིད་བརྙན་ལ་བལྟས་ཚེ། ཧན་ཙོ་རོང་ནས“ཡིད་བརྙན་ནི་བསམ་བློའི་བརྩེ་དུངས་ཀྱིས་སིམ་པའི་སྣང་བརྙན་ཡིན”⑧ཞེས་དང་། ཡུས་ཀོང་ཀྲོང་གིས《ཡིད་བརྙན་གླེང་བ》རུ“ཡིད་བརྙན་ཞེས་པ་ནི་སྙན་ངག་པའི་ནང་གི་བསམ་པའི་བརྩེ་དུངས་སམ་ཞེན་དོན་དེ་ཕྱི་ཡི་ཆོས་དངོས་སམ་གཟུགས་ལ་བརྟེན་ནས་བརྗོད་པ་དང་། ཀློག་པ་པོས་ཕྱི་ཡི་ཆོས་དངོས་སམ་གཟུགས་ལ་བརྟེན་ནས་སྙན་ངག་པའི་བསམ་པའི་བརྩེ་དུངས་སམ་ཞེན་དོན་ཕྱིར་ཉམས་སུ་མྱོང་བ་ཡིན”⑨ཞེས་པ་ལྟར་ཡིད་བརྙན་ནི་སྣང་བརྙན་དང་མི་འདྲ་བར། སྙན་ངག་པའི་བསམ་པའི་བརྩེ་དུངས་སམ་ཞེན་དོན་དང་ཕྱི་རོལ་གྱི་གཟུགས་གཉིས་འོ་ཆུ་འདྲེས་པ་བཞིན་ཡོད་དགོས་པ་དང་། ཡིད་བརྙན་རིང་ལུགས་པས་བཤད་པའི་སྐད་ཅིག་མའི་ཡུན་གྱི་ནང་དུ་མངོན་དགོས་པའི་ངེས་པ་མེད་ལ། ཡིད་བརྙན་རིང་ལུགས་པས་བཤད་པའི་རྩ་དོན་དང་ཚད་བཀག་ཀྱང་མེད་པར་དེ་ནི་སྙན་ངག་ཡོངས་ལ་ཁྱབ་པའི་རྩ་བའི་རྩོམ་ཐབས་ཤིག་གམ་སྙན་ངག་གི་ཐ་ཆུང་སྡེ་ཚན་ཡིན་ཏེ། ང་ཚོས་ཡིད་བརྙན་ཞེས་པ་ནི་སྙན་ངག་ཏུ་བྱུང་བའི་ཕྱི་རོལ་ཡུལ་གྱི་ཆོས་དངོས་སམ་གཟུགས་ཀྱི་བྱེ་བྲག་པ་གང་ཡིན་ཡང་། དེ་ནི་རང་ག་བའི་ཆོས་དངོས་སམ་གཟུགས་བརྙན་ཞིག་མ་ཡིན་པར། དེའི་སྟེང་སྙན་ངག་པའི་བསམ་པའི་བརྩེ་དུངས་སམ་ཞེན་དོན་ལྷུག་པོར་ཞུགས་ནས་ཡིད་བརྙན་གཉིས་གཞི་གཅིག་ཏུ་འདྲེས་ནས་ཡོད་པ་ཞིག་ཏུ་གོ་ན་འགྲིག་པར་འདོད།
ལྗང་བུའི་སྙན་ངག་སྤྱི་ལ་བལྟས་ཚེ་གསར་རྩོམ་གྱི་རིམ་པ་གཉིས་པ་ནས་བཟུང་ཁོས་སྔོན་མའི་བསྐྱར་མཚོན་གྱི་འབྲི་སྟངས་བསྐྱུར་ནས་ཡིད་བརྙན་གྱི་འབྲི་ཐབས་སྤྱད་ཡོད་པ་ཡིན། 《 ཁྱོད་ཀྱིས་ཁེར་རྐྱང་གི་སྡུག་བསྔལ་བཟོད་ཐུབ་ཀྱང་། ང་ཚོས་སྙན་ངག་གི་བསླུ་བྲིད་ལྡོག་དཀའ》ཞེས་པར “ཁོའི་ཡིད་བརྙན་གྱི་ཐུན་མིན་ཁྱད་ཆོས་ནི་ཡིད་བརྙན་བར་གྱི་འབྲེལ་བ་ལྷོད་པ་དེ་རེད”⑩ ཅེས་དང“ཁོའི་ཡིད་བརྙན་ལ་ཐུན་མོང་གི་གཤིས་ཀ་དེ་མེད་པར་ཡིད་བརྙན་ཐམས་ཅད་ལ་ཁོ་རང་ཉིད་ཀྱི་སྒེར་དབང་ཤིན་ཏུ་ཆེ་བས་ང་ཚོ་དང་ཁོའི་བར་ལ་ཐུན་མོང་གི་སྣང་བ་མི་འགྲུབ” ཅེས་དཔྱད་པ་བྱས་ཡོད་པ་ཇི་བཞིན་སྙན་ངག་པ་ཁོས་ཡིད་བརྙན་གྱི་ལམ་ནས་གསར་རྩོམ་བྱས་པ་ཡིན་ཡང་། ཡིད་བརྙན་བར་གྱི་འབྲེལ་བ་ལྷོད་པའམ་ཡིད་བརྙན་ལ་སྒེར་གྱི་ཚོར་བ་དབང་བཙན་པར་བྱས་པས་ཀློག་པ་པོས་མྱོང་རོལ་བྱེད་པར་དཀའ་ཁག་ཆེ་ཞིང་རིམ་བཞིན་གོ་དཀའ་བའི་གསང་རྒྱ་ཞིག་ཏུ་ཚུད་ནས་ཡོད་པ་ཡིན། དེ་བས་སྐབས་དེར་ཀློག་པ་པོའི་སྡེ་རུ་ལྗང་བུའི་སྙན་ངག་གོ་དཀའ་བ་དང་གོ་དཀའ་བ་སྙན་ངག་གི་ཡོན་ཏན་ཡིན་མིན་སོགས་ཀྱི་གླེང་གཞི་ཡང་བྱུང་མྱོང་། ཡིན་ཡང་། ཁོའི་ཡིད་བརྙན་གྱི་ལམ་ནས་གསར་རྩོམ་བྱས་པའི་སྙན་ངག་ཡོད་ཚད་གོ་དཀའ་བ་ཞིག་ཏུ་མ་ངེས་ཤིང་། སྙན་ངག《ཝ་མོ་དམར་ཆུང》དང《དཔྱངས་ཟམ》 《 གྲུ་གཟིངས་ཆེན་པོ་འདིས་ང་ཚོ་ཕ་རོལ་ཏུ་སྒྲོལ་ཐུབ་བམ》བཅས་ལ་མཚོན་ན་རྩོམ་པ་པོས་ཡིད་བརྙན་གཅིག་ལ་བརྟེན་ནས་གསར་རྩོམ་བྱས་ཡོད་པས་ཡིད་བརྙན་སྙན་ངག་ཏུ་གྲུབ་ཡོད་ཅིང་གསར་རྩོམ་ལེགས་འགྲུབ་ཀྱང་བྱུང་ཡོད། སྤྱིར་ན་ཡིད་བརྙན་སྙན་ངག་གི་བསྟན་དོན་ནི་གསལ་བོར་གོ་རུང་བ་ཅན་ཞིག་མིན་རུང་། ང་ཚོས་ཡི་གེའམ་ཡིད་བརྙན་གྱི་ལྟག་རྒྱབ་ཏུ་སྦས་པའི་རྩོམ་པ་པོའི་བསམ་པའི་བརྩེ་དུངས་སམ་ཚོར་བའི་ཟུར་ངོས་གང་རུང་ཞིག་ཉམས་སུ་མྱོང་ཐུབ་པ་ཡིན། ཡིད་བརྙན་སྙན་ངག་གམ་དེང་རབས་སྙན་ངག་ལ་མཚོན་ན་ཐད་ཀར་བརྗོད་པའམ་འཚོ་བའི་འདྲ་རིས་ཇི་བཞིན་སྙན་ངག་ཏུ་འབྲི་བ་མ་ཡིན་པར། སྙན་ངག་པའི་བསམ་པའི་བརྩེ་དུངས་སམ་ཚོར་འདུ་དེ་དེང་རབས་སྙན་ངག་གི་འབྲི་ཐབས་ཏེ་ཡིད་བརྙན་དང་མཚོན་དོན་སོགས་ཀྱི་ལམ་ནས་མཚོན་པ་ཡིན་པས། དེང་རབས་སྙན་ངག་དེ་གབ་སྦེད་ཅན་དང་དོན་མང་ཅན་དུ་ཡོད་ཅིང་། ཀློག་པ་པོ་སོ་སོའི་ཁམས་མོས་དང་མི་ཚེའི་མྱོང་བ་སོགས་མི་མཐུན་པས་དེང་རབས་སྙན་ངག་བཀླགས་པའི་མྱོང་བའང་གཅིག་མཚུངས་ཡིན་མི་སྲིད། དེ་བས་དེང་རབས་སྙན་ངག་ཅེས་པ་ནི་མཐའ་གཅིག་ཏུ་འགྲེལ་མི་རུང་བ་ཞིག་ཏུ་མེད་ལ། སྲོལ་རྒྱུན་སྙན་ངག་ཇི་བཞིན་བསྟན་དོན་གཅིག་ཏུ་འགྲེལ་དགོས་པ་ཅན་དུ་ཡང་མེད་པར་ཀློག་པ་པོར་ཀུན་རྟོག་འགྱུ་སའི་ཡུལ་ཡངས་པོར་བསྐྱུར་ཡོད་པ་ཡིན་པས། ཀློག་པ་པོ་སོ་སོས་རང་རང་གི་ཁམས་མོས་མྱོང་ཚོར་དང་བསྟུན་ནས་མཛེས་རྟོག་གི་སིམ་ཚོར་རིགས་ཤིག་མྱངས་པས་ཆོག་པ་ཡིན། འདི་ནི་དེང་རབས་སྙན་ངག་གི་ཁྱད་ཆོས་དང་དགེ་མཚན་ཡང་ཡིན།
འོན་ཀྱང་། ལྗང་བུའི་ཡིད་བརྙན་གྱི་འབྲི་ཐབས་སྤྱད་པའི་སྙན་ངག་མང་པོ་ཞིག་ལ་མཚོན་ན་ཡིད་བརྙན་ཕན་ཚུན་བར་གྱི་འབྲེལ་བ་ལྷོད་དྲགས་ཏེ་སྙན་ངག་གི་ཁམས་གོང་བུ་གཅིག་འདུས་ཀྱི་ཚུལ་དུ་མེད་པས་ཧ་ཅང་གོ་དཀའ་བར་གྱུར་ནས་ཡོད། དཔེར་ན་ཁོའི་སྙན་ངག《ང་རང》ཞེས་པའི་ནང་དུ“དཀར་པོ/བཙུན་མོ་ཞིག་གི་སྐག/ས་རྩི/ནག་པོ/རྒྱལ་པོ་ཞིག་གི་འཛུམ་མདངས/དཀར་པོ/རྒྱལ་པོ་ཞིག་གི་གསེར་ཞྭ/ནག་པོ/རྟ་མཆོག་ཅིག་དང་ལྕག་ཚན”ཞེས་ཡིད་བརྙན་དུ་མ་སྤུངས་ནས་ཡོད་རུང་དེ་དག་གི་བར་དུ་མཚུངས་ཆོས་སམ་སྦྲེལ་བྱེད་ཀྱི་མཐུན་སྣང་དེ་མེད་པར་མི་སྒེར་གྱི་བསམ་བློའི་ཚོར་བ་ཁོ་ནའི་དབང་དུ་སོང་བས་ཡིད་བརྙན་གྱི་མཆོང་སྐྱོད་དམ་འཕར་ལྡིང་ཆེ་དྲགས་པ་དང་། སྙན་ངག་ཏུ་ཐོན་པའི་ཡིད་བརྙན་དག་ལ་རྩོམ་པ་པོའི་བསམ་པའི་བརྩེ་དུངས་སམ་ཞེན་དོན་འགོས་མེད་པར་ཆོས་དངོས་སམ་གཟུགས་རྐྱང་བའི་སྒོ་ནས་ཐོན་ཡོད་པས་ང་ཚོས་སྙན་ངག་འདི་དག་བཀླགས་དུས་འཛུལ་སྒོ་མི་རྙེད་པ་ལྟ་བུའི་མགོ་འཕྲུལ་གྱི་ཚོར་བ་རྒྱུན་པར་སྐྱེས་འོངས། དེ་བས་ངས་བལྟས་ན་ལྗང་བུས་ཡིད་བརྙན་གྱི་འབྲི་ཐབས་སྤྱད་དེ་བྲིས་པའི་སྙན་ངག་དག་གོ་དཀའ་བའི་རྒྱུ་མཚན་ནི། གཅིག་ནས་ཁོའི་སྙན་ངག་ཏུ་ཐོན་པའི་ཡིད་བརྙན་དག་རང་གི་ཚོར་བ་དབང་བཙན་པར་བྱས་པས་ཡིད་བརྙན་གྱི་ཚོགས་པར་འགྱུར་མ་ཐུབ་པར་དུ་མ་ཕྱོགས་གཅིག་ཏུ་སྤུངས་པའམ་བཀྲམས་པའི་ཚུལ་གྱིས་ཐོན་པ་དང་། གཉིས་ནས་ཁོའི་སྙན་ངག་ཏུ་ཐོན་པའི་ཡིད་བརྙན་དག་ལ་སྙན་ངག་པའི་བསམ་པའི་བརྩེ་དུངས་སམ་ཞེན་དོན་གྱིས་སིམ་ནས་ཡོད་པ་ཞིག་མ་ཡིན་པར་ཕྱི་རོལ་གྱི་ཆོས་དངོས་སམ་གཟུགས་རྐྱང་བའི་ཚུལ་དུ་ཡོད་པ་ཡིན། དེའི་རྐྱེན་གྱིས་ཡིད་བརྙན་ཕན་ཚུན་བར་དུ་ཉམས་སྣང་མཚུངས་ལྡན་དུ་མེད་ཅིང་ཕན་ཚུན་སྦྲེལ་བྱེད་ཀྱི་བརྩེ་དུངས་མི་གསལ་བས་སྒྲིག་གཞི་སྐྱོན་ཅན་དུ་གྱུར་ཏེ་སྙན་ངག་གི་ཁམས་འགྲུབ་ཐུབ་མེད།
གཞན་དུ་ཁོའི་སྙན་ངག་ཏུ“གཙང་པོ”དང“དཔྱངས་ཟམ”“ལྗང་བུ”“རྐང་གླིང” “གཟི”སོགས་ནི་རྒྱུན་པར་སྤྱོད་པའི་ཡིད་བརྙན་འགའ་ཡིན་ཏེ། དེ་དག་ལས་ཡིད་བརྙན “གཙང་པོ”དང“དཔྱངས་ཟམ”གཉིས་ཀྱིས་མི་དང་མིའི་བར་དང་སེམས་པ་དང་སེམས་པའི་བར་གྱི་འབྲེལ་བའམ་བར་ཐག་སྟོན་གྱིན་ཡོད་ལ། ཡིད་བརྙན་གཞན་དག་སྟེ“ལྗང་བུ” དང“རྐང་གླིང”“གཟི”གསུམ་ལས་ང་ཚོས་སྙན་ངག་པའི་གསར་རྩོམ་གྱི་འཕེལ་རིམ་མམ་འགྱུར་བ། ཁྱད་ཆོས་རགས་ཙམ་ཞིག་རྟོགས་ཐུབ་པ་ཡིན། སྙན་ངག《མཁར་ཤུལ་ཞིག》ཏུ“མཁར་གྱང་གི་སྲུབས་ཀ་དག་ལས/མཁར་གྱང་གི་ཕྱི་ནང་ངོས་ཀུན/རྩྭ་ལྗང་གི་མྱུ་གུ་ཐར་ཐོར/རྒན་ལུས་ཀྱི་བ་སྤུ་གཟེངས་འདྲ”ཞེས་དང་།“དགུན་གྱི་བུ་མོས་དཔྱིད་ཀྱི་ན་ཆུང་སྦྲུམ”ཞེས་སྙན་ངག་པའི་པིར་མིང་ལ་ལྗང་བུ་སྤྱད་ཡོད་པ་ཇི་བཞིན“ལྗང་བུའི”ཡིད་བརྙན་འདིས་ཁོའི་གསར་རྩོམ་གྱི་ཐོག་མའི་དུས་སྐབས་ཀྱི་ཕུགས་རེའམ་ཡིད་ཆེས་ཤིག་མཚོན་གྱིན་ཡོད་པ་དང་། བར་དུ“དེ་ནས་བཟུང/ལག་ཤེས་བཟོ་ལས་པ་ལྗང་བུའི་སེམས་སུ/རྐང་གླིང་ཟད་འགྱུར་ཞིག་གི་མནར་གཅོད་བློས་བསླང་བྱས”པ་དང“མ་གཞིར་རྐང་གླིང་འབུད་མཁན་གྱི་བྱིས་པ་ཞིག་ཡིན་ན/འགྲེལ་བཤད་དང་བསྟོད་གླུར་ཅི་ལ་སྨོན”ཞེས་ལྗང་བུས་མཚོན་པའི་ཕུགས་རེའི་སྐྱེ་སྟོབས་ལ་བཀག་འགོག་དང་སྡང་སྡུག་ཅི་རིགས་བྱུང་བས། འགྲེལ་བཤད་དང་བསྟོད་གླུར་སེམས་པ་མ་ཕྱོགས་པར་རང་ཉིད་ཁེར་རྐྱང་གིས་རྐང་གླིང་འབུད་མཁན་ཞིག་ཏུ་བློས་བསླང་བྱས་ནས་ཡོད། མཐའ་མར《འཁྲབ་ཚན》དུ“ང་ནི/ས་འོག་ནས་འབུས་ཀྱིན་པའི་ནས་སོན་དེ་ཁོ་ནས་མཚོན་ཐུབ”ཅེས་སྙན་ངག་པས་ཕྱིར་རང་གི་ཐོག་མའི་ཕུགས་རེ་དང་འདོད་འདུན་སེམས་ལ་བཅངས་པ་དང་།“གཟི”ཞེས་པའི་ཡིད་བརྙན་སྤྱད་ནས་སྤྱི་ཚོགས་འཕེལ་རྒྱས་ལ་གེགས་བྱེད་པའི་རྐྱེན་དང་གནད་དོན་མང་པོ་ཞིག་ལ་སུན་འབྱིན་དང་ཐེར་འདོན་བྱས་ཡོད།
གསུམ། མཚོན་དོན།
སྐད་ཆ་ནི་མ་གཞི་ནས་མཚོན་དོན་རང་བཞིན་ཅན་གྱི་བརྡ་རྟགས་ཤིག་ཡིན་པ་དང་། སྐད་ཆའི་ཐ་སྙད་རེ་རེ་ནི་རང་གིས་སྟོན་པའི་བྱ་དངོས་དག་མ་ཡིན་པར། བརྡ་རྟགས་ཀྱི་ལམ་ནས་རང་ཉིད་མ་ཡིན་པའི་བྱ་དངོས་ཀྱི་ཚབ་བྱེད་པའམ་བྱ་དངོས་དེ་སྟོན་པ་ཡིན། དེ་བས་ང་ཚོའི་འཚོ་བའམ་འཇིག་རྟེན་ཁྲོད་དུ་མཚོན་དོན་དང་མཚོན་དོན་རང་བཞིན་ཅན་གྱི་བརྡ་རྟགས་ཀྱིས་ཁེངས་ནས་ཡོད། རྩོམ་རིག་གམ་སྙན་ངག་གི་མཚོན་དོན་ཞེས་པ་ནི་རྩོམ་རིག་གམ་སྙན་ངག་གསར་རྩོམ་གྱི་ཐབས་ཤིག་སྟེ། རྩོམ་ནང་དུ་ཆོས་གཞན་ཞིག་འདྲེན་ཐུབ་པའི་བྱེ་བྲག་པའི་སྣང་བརྙན་འབྲི་བ་ལ་བརྟེན་ནས། དེ་དང་འདྲ་བའམ་འབྲེལ་བའི་བསམ་བློ་དང་བརྩེ་དུངས་གང་རུང་ཟབ་ས་ནས་མཚོན་པ་ཞིག་ལ་ཟེར་བ་དང་། མཚོན་དོན་ནི་དཔེ་རྒྱན་དང་གཟུགས་རྒྱན་སོགས་དང་འདྲ་བར་རྩོམ་རིག་གི་རྩ་བའི་གསར་རྩོམ་བྱེད་ཐབས་ཤིག་གམ་ཚིག་རྒྱན་སྤྱོད་སྟངས་རིགས་ཤིག་ཡིན་ལ། གནའ་བོའི་དུས་ནས་བཟུང་མིའི་རིགས་ཀྱིས་མཚོན་དོན་གྱི་ཚིག་རྒྱན་སྤྱོད་ཀྱིན་ཡོད་པ་དང་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་བསྟུན་དེའི་ནང་དོན་དང་བཀོལ་སྤྱོད་བྱེད་སྟངས་ལ་འགྱུར་བ་བྱུང་སྟེ་འཐུས་ཚང་དང་མ་ལག་ཅན་དུ་གྱུར་ཡོད་པ་ཡིན།
ནུབ་གླིང་གི་མཚོན་དོན་རིང་ལུགས་ཀྱི་སྙན་ངག་པ་གཙོ་བྱས་པའི་དེང་རབས་རིང་ལུགས་ཀྱི་སྙན་ངག་པ་དག་གིས་མཚོན་དོན་དེ་སྲོལ་རྒྱུན་མཚོན་དོན་ནས་དེང་རབས་མཚོན་དོན་དུ་འཕེལ་བར་བྱས་ཡོད་དེ།“དེང་རབས་མཚོན་དོན་ལ‘ཕྱི་རོལ་ཡུལ་གྱི་ཆོས་དངོས’དེ་ངེས་པར་ཡིད་བརྙན་ཡིན་དགོས་པའི་ཆ་རྐྱེན་ཡོད་པ་དང་། སྣང་བརྙན་གྱིས་གྲུབ་པ་ནི་སྲོལ་རྒྱུན་མཚོན་དོན་ཁོ་ན་ཡིན་སྲིད” ཅེས་པ་བཞིན་སྲོལ་རྒྱུན་མཚོན་དོན་ལ་རྩོམ་ནང་དུ་ཐོན་པའི་ཆོས་གཞན་ཞིག་འདྲེན་ཐུབ་པའི་བྱེ་བྲག་པའི་སྣང་བརྙན་ནམ་ཆོས་དངོས་དེ་ངེས་པར་ཡིད་བརྙན་ཡིན་དགོས་པའི་ཆ་རྐྱེན་མེད་ཅིང་། རྩོམ་པ་པོའམ་སྙན་ངག་པའི་ཞེན་དོན་གྱིས་མ་ཞུགས་པའི་ཆོས་དངོས་སམ་སྣང་བརྙན་དང་ཕྱི་རོལ་གྱི་ཆོས་དངོས་བར་དང་། མཚོན་བྱ་དང་མཚོན་བྱེད་བར་གྱི་འབྲེལ་བ་དེ་གཏན་སྲོལ་གྱི་ལམ་ནས། ཕན་ཚུན་ཐ་དད་ཀྱི་ཚུལ་དུ་གཅིག་ལས་འདའ་བ་མེད་པར་སྟོན་པ་ཡིན་པས། སྲོལ་རྒྱུན་མཚོན་དོན་གྱིས་སྤྱི་པའི་མཚོན་དོན་མང་དུ་སྤྱོད་ཅིང་ཚིག་བྱེ་བྲག་པའི་སྟེང་ནས་མཚོན་དོན་གྲུབ་པ་དང་། མེ་ཏོག་གིས་མཛེས་མ་ཁོ་ན་སྟོན་པ་བཞིན་མཚོན་དོན་ལ་གྲུབ་ཟིན་གྱི་རྣམ་པ་ཞིག་ཆགས་ཡོད་པ་ཡིན། དེང་རབས་མཚོན་དོན་ལ་རྩོམ་ནང་དུ་ཐོན་པའི་ཆོས་དངོས་སམ་སྣང་བརྙན་དེ་ངེས་པར་རྩོམ་པ་པོའམ་སྙན་ངག་པའི་ཞེན་དོན་ཞུགས་པའི་ཡིད་བརྙན་ཡིན་དགོས་པའི་ཆ་རྐྱེན་ཡོད་པ་དང་། ཕྱི་རོལ་ཡུལ་གྱི་ཆོས་དངོས་དང་སྙན་ངག་པའི་བསམ་པའི་བརྩེ་དུངས་ཀྱི་འབྲེལ་བའམ་མཚོན་བྱ་མཚོན་བྱེད་བར་གྱི་འབྲེལ་བ་དེ་སྲོལ་རྒྱུན་མཚོན་དོན་བཞིན་སྟོན་པ་མ་ཡིན་པར། སྤྱིའི་སྒྲིག་གཞིའི་ཆ་ནས་མཚོན་དོན་གྲུབ་པར་བྱས་ཏེ་ཀློག་པ་པོར་ཀུན་རྟོག་འགྱུ་སའི་ཡུལ་ཡངས་པོར་བསྐྱུར་ནས་ཡོད་པ་ཡིན། དེ་བས་དེང་རབས་མཚོན་དོན་གྱིས་སྒེར་གྱི་མཚོན་དོན་མང་དུ་སྤྱོད་པར་བྱེད་ལ། སྲོལ་རྒྱུན་མཚོན་དོན་བཞིན་མཚོན་བྱ་དང་མཚོན་བྱེད་བར་གྲུབ་ཟིན་གྱི་རྣམ་པ་དེ་མེད་པས་ཀློག་པ་པོ་སོ་སོས་རང་གི་ཁམས་མོས་དང་མི་ཚེའི་མྱོང་བ་དང་བསྟུན་སྙན་ངག་ལ་མྱོང་རོལ་བྱས་ཚེ་ཚོར་སྣང་མི་འདྲ་བ་དང་སྒྱུ་རྩལ་གྱི་སིམ་ཚོར་མི་འདྲ་བ་སྦྱིན་པ་ཡིན། འདི་ནི་དེང་རབས་མཚོན་དོན་སྲོལ་རྒྱུན་མཚོན་དོན་ལས་ལྷག་པའི་དགེ་མཚན་གྱི་ཆ་ཡིན་ནོ།།
ལྗང་བུའི་སྙན་ངག་སྤྱི་ལ་བལྟས་ཚེ་མཚོན་དོན་ནི་རྒྱུན་སྤྱོད་ཀྱི་གསར་རྩོམ་བྱེད་ཐབས་ཤིག་ཡིན་པ་དང་། ཁོའི་སྙན་ངག་ཏུ་སྲོལ་རྒྱུན་མཚོན་དོན་སྤྱད་པའི་སྙན་ངག་མང་པོ་ཡོད་ལ། དེང་རབས་མཚོན་དོན་སྤྱད་པའི་སྙན་ངག་ཀྱང་ཡོད་པ་ཡིན། 《 གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས》དང《རྡུལ་རྣམས》ནི་དེང་རབས་མཚོན་དོན་དུ་གྲུབ་ཡོད་དེ། 《 གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས》ཞེས་པར་སྙན་ངག་པས་ཚན་ཆུང་བདུན་གྱིས་སོ་སོ་བའི་བསྟན་དོན་བསྟན་ཡོད་པ་འདྲ་རུང་། གངས་དཀར་ལྷ་མོའི་ཡིད་བརྙན་ནམ་སྙན་ངག་པའི་བསམ་པའི་བརྩེ་དུངས་ཀྱིས་ཚན་ཆུང་བདུན་པོ་གཞི་གཅིག་ཏུ་སྦྲེལ་ནས་ཡོད་པ་དང་། སྤྱིའི་སྒྲིག་གཞིའི་ཆ་ནས་སམ་སྙན་ངག་སྤྱི་ལ་ཁྱབ་པའི་ཡིད་བརྙན་གངས་དཀར་ལྷ་མོའི་སྟེང་དེང་རབས་མཚོན་དོན་གྲུབ་ནས་ཡོད།
《 རྡུལ་རྣམས》ཞེས་པའི་སྙན་ངག་ཏུ“རྡུལ་རྣམས/འདི་ཚོ་གང་ནས་འོངས་པ་རེད/རྨི་ལམ་ཆུང་ཆུང་དེ/མུན་པའི་ཁྲོད་མགོ་བོ་སྨད་ཅིང/དབེན་སིམ་པའི་ཚུལ་གྱིས་བསྡད་དེ/རྡུལ་རྣམས/རྨི་ལམ་དེ་སྤྲུགས་སྤྲུགས་ཤིག་གྱིས་དང/མུན་པའི་ཁྲོད་མིག་ཟུང་ནག་རིལ་རིལ་ངང/རྨི་ལམ་བརྟོལ་ཏེ/རྨ་ཁ་ཞིག་བཟོས་ཏེ/རྨ་ཁ་ལས་ཕྱིར་ཐོན་ཏེ/ཐག་རིང་གི/རྟ་ཕོ་ཞིག་གི་རྨི་ལམ་ལ་སྙེག་གིན་འདུག/རྡུལ་རྣམས/རྩི་ཤིང་ཞིག་གི་ཡལ་གར་ཁེན་འདུག/ལྷགས་རླུང་གིས་དུས་ཚོད་ཀྱི་ཤོག་ལྷེ་ཞིག་སློག་སོང/ཤོག་ལྷེ་དེ་ཡལ་ཟིན་ནའང/དོན་དག་ཅི་ཡང་བྱུང་མ་སོང/དོན་སྙིང་རྣམས་སྔར་གྱི་ཁ་མལ་ན་ལུས་འདུག/རྡུལ་རྣམས/ཆེས་འཁུར་དུ་མི་བཟོད་པའི་ཕྲ་རབ་དེ/རྡུལ་རྣམས/ཕྱོགས་བཞི་ན་འཕུར་གྱིན་པའི་ཚོར་བ/རྡུལ་རྣམས/དྲན་ཤིང་གི་ལོ་འདབ་སྟེང་གི་རི་མོ་དག/འདར་ཤིག་ཤིག་ངང་དཔྱིད་ཀའི་ཁྲོད་ན་གནས་པ་དག”ཅེས་སྙན་ངག་པས་ཐོག་མར་ཟོལ་འབྲིའི་ཐབས་ཀྱིས་རྡུལ་རྣམས་ནི“རྨི་ལམ་ཆུང་ཆུང”“མུན་པའི་ཁྲོད་མིག་ཟུང་ནག་རིལ་རིལ་ངང”“རྟ་ཕོ་ཞིག་གི་རྨི་ལམ་ལ་སྙེག་གིན་འདུག”ཅེས་བྲིས་ཏེ་རྡུལ་རྣམས་ཞེས་པའི་ཡིད་བརྙན་ནམ་མཚོན་དོན་ནི་རབ་རིབ་ཅིག་དང་། དེ་ནས“རྩི་ཤིང་ཞིག་གི་ཡལ་གར་ཁེན་འདུག”“འདར་ཤིག་ཤིག་ངང་དཔྱིད་ཀའི་ཁྲོད་ན་གནས་པ་དག”ཅེས་དངོས་འབྲིའི་ཚུལ་གྱིས་བྲིས་པས་རྡུལ་རྣམས་ཞེས་པ་ང་ཚོའི་མིག་ངོར་བསྟན་རུང་དུ་ཡོད་པ་དང་། རྡུལ་རྣམས་ཞེས་པའི་ཡིད་བརྙན་གྱིས་སྙན་ངག་ཧྲིལ་པོ་རྒྱུད་གཅིག་ཏུ་སྦྲེལ་ནས་ཡོད་ཅིང་སྙན་ངག་པའི་ཞེན་དོན་ལྷུག་པོར་འགོས་ཡོད་པས། སྙན་ངག་འདིར་མཚོན་ན་སྤྱིའི་སྒྲིག་གཞིའི་ཆ་ནས་དེང་རབས་མཚོན་དོན་དུ་གྲུབ་ནས་ཡོད་པ་ཡིན།
གཞན་ལྗང་བུའི་སྙན་ངག་མང་པོ་ནི་སྲོལ་རྒྱུན་མཚོན་དོན་གྱི་སྙན་ངག་ལས་མ་འདས་ཏེ། 《 ནོར་ནག》ཏུ“ཁ་བ་བུ་ཡུག་ནང་གི་ཚེ་སྲོག་ཡོད་པའི་བྲག་རྡོ/དྲག་ཆར་ཤྭ་འོད་ཁྲོད་ཀྱི་འདུ་ཤེས་ཡོད་པའི་གྲུ་གཟིངས”ཞེས་ཚིག་བྱེ་བྲག་པའི་སྟེང་ནས་མཚོན་བྱ་མཚོན་བྱེད་བར་གྱི་འབྲེལ་བ་དེ་ཕན་ཚུན་ཐ་དད་པའམ་གཅིག་མཚུངས་སུ་ཡོད་པ་ཡིན། གཅིག་ནས་ཁོའི་མཚོན་དོན་གྱི་འབྲི་ཐབས་སྤྱད་པའི་སྙན་ངག་དག་ལ་མཚོན་ན་སྙན་ངག་པའི་ཞེན་དོན་མ་ཞུགས་པ་དང་། གཉིས་ནས་ཞེན་དོན་ཞུགས་པའི་ཡིད་བརྙན་ཡིན་རུང་སྙན་ངག་ཧྲིལ་པོ་གཞི་གཅིག་ཏུ་སྦྲེལ་ཐུབ་མེད་པས་སྤྱིའི་སྒྲིག་གཞིའི་ཆ་ནས་ལེགས་འགྲུབ་མ་བྱུང་བར་ཚགས་མི་དམ་པ་དང་ཡིད་བརྙན་བར་གྱི་འབྲེལ་བ་ལྷོད་དྲགས་པས་དེང་རབས་མཚོན་དོན་དུ་གྲུབ་པའི་སྙན་ངག་ཧ་ཅང་ཉུང་བ་ཡིན། ཁོའི་ཡིད་བརྙན་སྙན་ངག་དག་ལ་ཡང་གནད་དོན་འདི་འདུག་སྟེ། ང་ཚོས་བལྟས་མ་ཐག་ཏུ་ཁོའི་སྙན་ངག་མང་ཤོས་ཡིད་བརྙན་དང་མཚོན་དོན་གྱི་ལམ་ནས་གསར་རྩོམ་བྱས་པ་ཡིན་རུང་། གོང་གི་གནད་དོན་ནམ་སྐྱོན་དེ་དག་གིས་ཁོའི་སྙན་ངག་དག་གི་ཡིད་བརྙན་ནམ་མཚོན་དོན་ལེགས་པོར་མ་གྲུབ་པས། ཀློག་པ་པོས་གོ་དཀའ་བའི་སྣང་ཚུལ་བྱུང་བ་རེད། ངས་བལྟས་ན་འདི་ནི་གཙོ་བོ་སྙན་ངག་པའི་སྒྱུ་རྩལ་གྱི་བློ་སྦྱོང་དང་གསར་རྩོམ་ཐབས་རྩལ་ལ་རག་ལས་སྙམ་སྟེ།“སྙན་ངག་ལ་མཚོན་ནས་བཤད་ན་གསར་རྩོམ་དང་མྱོང་རོལ་གང་ཡིན་རུང་། དེ་ཐོག་མར་དཀྱུས་གཅིག་ཏུ་འབྲེལ་བའི་གོང་བུའམ་སྒྲིག་གཞི་ཅན་ཞིག་ཡིན་དགོས” ཞེས་པ་བཞིན་སྙན་ངག་པས་སྙན་ངག་བློས་བསླང་བྱེད་དུས་ཡིད་བརྙན་གྱི་བཀོད་སྒྲིག་ལ་བློ་ཞིབ་མོ་སྔོན་དུ་འགྲོ་དགོས་པ་ཡིན། རྒྱུ་མཚན་ནི་སྙན་ངག་གི་སྒྲིག་གཞི་ཞེས་པ་སྙན་ངག་བློས་བསླང་སྐབས་ཀྱི་ཡིད་བརྙན་གྱི་བཀོད་སྒྲིག་ལས་མ་འདས་ཤིང་། སྙན་ངག་གི་སྒྲིག་གཞིའི་ཆ་ནས་ལེགས་འགྲུབ་མ་བྱུང་ཚེ་དེ་ནི་སྙན་ངག་པ་རང་སྟེང་གི་སྐྱོན་ཡིན་ཏེ་གསར་རྩོམ་ལ་ཁ་ལོ་དཀྱུ་མ་ཐུབ་པའོ།།
བཞི་པ། སྒྱུ་རྩལ་གྱི་ཁྱད་ཆོས།
སྙན་ངག་པ་ལྗང་བུ་ལོ་རབས་བརྒྱད་ཅུ་བའི་མགོར་གསར་རྩོམ་གྱི་ལས་སུ་ཞུགས་པ་ནས་བཟུང་ད་ཐུག་གི་བར་དུ་གསར་རྩོམ་གྱི་མཚམས་བཞག་མེད། དེ་བས་ཁོའི་སྙན་ངག་གསར་རྩོམ་གྱི་དུས་ཚོད་དང་འཕེལ་ལམ་རིང་བ་དང་། རྩོམ་གཤིས་སྣ་གཅིག་པའི་ངང་ནས་གསར་རྩོམ་བྱེད་པ་མ་ཡིན་པར་འཚོལ་སྙེག་དང་སྔུན་སྐྱོད་ཀྱི་བརྟུལ་ཞུགས་ལྷུར་བླངས་ཏེ་སྙན་ངག་གི་འཇིག་རྟེན་ཡངས་པོ་ཞིག་ཏུ་བསྐྱོད་ནས་ཡོད་པས་རྩོམ་གཤིས་ཀྱི་འགྱུར་བ་རྒོད་ཅིང་། སྙན་ངག་གི་ཁྱད་ཆོས་ཀྱང་སྣ་མང་ཕུན་ཚོགས་ཅན་ཞིག་ཏུ་ཡོད་པ་ཡིན། དེས་ན་འདིར་ལྗང་བུའི་སྙན་ངག་གི་རྩ་བའི་ཁྱད་ཆོས་སམ་གཞན་དང་མི་མཚུངས་པའི་ཐུན་མིན་ཁྱད་ཆོས་སུ་གྲུབ་པའི་རིགས་ཤེས་རང་བཞིན་དང་ཟུར་ཟའི་རང་བཞིན། སྔུན་སྐྱོད་རང་བཞིན་བཅས་ཕྱོགས་གསུམ་ནས་སྒྱུ་རྩལ་གྱི་ཁྱད་ཆོས་རིམ་པར་གླེང་ཡོད།
གཅིག རིགས་ཤེས་རང་བཞིན།
སྙན་ངག་གི་རིགས་ཤེས་རང་བཞིན་ཞེས་པ་ནི་ནུབ་གླིང་གི་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གིས་གཙིགས་ཆེར་འཛིན་པའི་བརྡ་ཆད་ཅིག་རེད། ནུབ་གླིང་རྩོམ་རིག་གི་འཕེལ་མཚམས་རྟོག་པ་འཆར་ཡན་རིང་ལུགས་ཀྱི་དུས་མཇུག་ཏུ་ཐོན་དུས་བརྩེ་དུངས་དང་ཚོར་འདུ་རྒྱ་ཡན་དུ་གཏོང་བ་དང་ནད་མེད་འཁུན་སྒྲ་འབྱིན་པ་སོགས་རྩོམ་རིག་གི་ནད་ཡམས་མང་པོ་ཞིག་བྱུང་བས། དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་ཐོག་མའི་གྲུབ་མཐའ་སྟེ་མཚོན་དོན་རིང་ལུགས་དང་ཡིད་བརྙན་རིང་ལུགས་སོགས་ཀྱིས་སྙན་ངག་གི་རིགས་ཤེས་རང་བཞིན་གལ་ཆེན་དུ་བཟུང་སྟེ། བརྩེ་དུངས་དང་ཚོར་འདུ་ལ་ཚོད་འཛིན་གྱིས་རྟོག་པ་འཆར་ཡན་རིང་ལུགས་ཀྱི་བརྩེ་དུངས་བླ་མེད་དུ་སྨྲ་བ་དང་ནད་མེད་འཁུན་སྒྲ་འབྱིན་པའི་ནད་ཡམས་དག་ལ་ཡོ་བསྲང་བྱས་ཡོད་པ་ཡིན།
སྙན་ངག་གི་རིགས་ཤེས་རང་བཞིན་ནི་རྟོག་པ་འཆར་ཡན་རིང་ལུགས་ཀྱི་བརྩེ་དུངས་བླ་མེད་དུ་སྨྲ་བ་དང་ཁ་གཏད་ནས་བྱུང་བ་ཞིག་སྟེ། དེས་ནི་སྙན་ངག་ཅེས་པ་ཤེས་པ་དང་བརྩེ་དུངས་གཉིས་ཀའི་འདུས་གཟུགས་ཤིག་ཏུ་འདོད་པ་དང་། རྩོམ་པ་པོའི་བརྩེ་དུངས་སམ་ཚོར་འདུ་དེ་ཐད་ཀར་བརྗོད་པ་མ་ཡིན་པར་ཕྱི་རོལ་ཡུལ་གྱི་ཆོས་དངོས་ལ་བརྟེན་ནས་མཚོན་དོན་དང་ཡིད་བརྙན་གྱི་ལམ་ནས་མཚོན་པ་དང་། ཞར་དུ་སྙན་ངག་ལ་གནས་ལུགས་ཀྱི་ཆའམ་མཚན་ཉིད་རིག་པའི་དོན་སྙིང་ཡང་སྟུག་པོར་ཡོད་དགོས་པར་འདོད་པ་ཡིན། དེ་བས་ཨེལ་ཐུ་ནས“སྙན་ངག་ནི་ཚོར་འདུ་ཕྱིར་འབྱིན་པ་མ་ཡིན་པར། ཚོར་འདུ་ལ་བྱོལ་བ་དེའོ” ཞེས་གསུངས་པ་བཞིན་རྟོག་པ་འཆར་ཡན་རིང་ལུགས་ཀྱིས་བརྩེ་དུངས་རྒྱ་ཡན་ནམ་བླ་མེད་དུ་སྨྲ་བ་དང་ལྡོག་ཕྱོགས་ནས་ལངས་ཡོད་པ་ཡིན།
ལོ་རབས་བརྒྱད་ཅུ་དང་དགུ་བཅུའི་ནང་བོད་ཀྱི་སྙན་ངག་གསར་བས་རང་གི་ནང་སེམས་ཀྱི་བརྩེ་དུངས་སམ་བསམ་དོན་ཐད་ཀར་བརྗོད་པའི་ཐབས་ཀྱིས་སྤྱི་ཚོགས་ཀྱི་གནད་དོན་དང་བདེ་སྡུག་སོགས་སྟོན་པ་ཡིན་པས། སྐབས་དེའི་བོད་ཀྱི་སྙན་ངག་གསར་བའི་ནང་དུ་ཀྱེ་མ་དང་ཨེ་མ་ལྟ་བུའི་འབོད་སྒྲས་ཁྱབ་ཡོད་ཅིང་། བརྩེ་དུངས་རྒྱ་ཡན་དུ་ཤོར་ནས་ནད་མེད་འཁུན་སྒྲ་འབྱིན་པ་དང་སྙན་ངག་གི་བརྩེ་དུངས་ཀྱི་བདེན་པས་སྟོངས་པ་བཅས་ཀྱི་སྐྱོན་ཆ་མི་ཉུང་བ་ཞིག་མཆིས། འོན་ཀྱང་། སྙན་ངག་པ་ལྗང་བུར་མཚོན་ན་གསར་རྩོམ་གྱི་རིམ་པ་གཉིས་པ་ནས་བཟུང་ནུབ་གླིང་གི་དེང་རབས་རིང་ལུགས་ཀྱི་རྩོམ་ལུགས་ལ་འབྲེལ་འདྲིས་དང་སློབ་སྦྱོང་བྱས་པས་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པའི་ངང་ཁོའི་སྙན་ངག་ཏུ་རིགས་ཤེས་རང་བཞིན་མང་དུ་ཐོན་ཡོད་པས། སྐབས་དེའི་གཙོ་རྒྱུགས་ཀྱི་སྙན་ངག་དང་བསྡུར་ན་ཡན་གར་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཐོན་ཡོད། 《 གངས་དཀར་ལྷ་མོའི་བསླུ་བྲིད་ཀྱི་དབང་གིས》ནི་གསར་རྩོམ་གྱི་རིམ་པ་དང་པོ་ནས་གཉིས་པའི་འཕེལ་མཚམས་སུ་ཡོད་པས། སྙན་ངག་འདི་ནས་བཟུང་ཁོའི་རྗེས་ཕྱོགས་ཀྱི་སྙན་ངག་སྤྱི་ལ་སྙན་ངག་གི་རིགས་ཤེས་རང་བཞིན་ནམ་གཏན་ཚིགས་ཀྱི་ཆ་ནི་ཡོངས་ཁྱབ་ཏུ་ཡོད་པ་དང་། 《 རང་ལ་བལྟས་པ》 《 ང་གྲུབ་ཚུལ》 《 དཔྱངས་ཟམ》 《 སྣང་སྟོང》 《 མིག་གསུམ་པ》 《 འབྱོར་བ་ཞན་པའི་མི་གསུམ》སོགས་ནི་ཚབ་མཚོན་སྙན་ངག་སྟེ་སྙན་ངག་པས་རང་གི་བརྩེ་དུངས་སམ་འདོད་འདུན་དེ་ཐད་ཀར་བརྗོད་པ་མ་ཡིན་པར། ཡིད་བརྙན་ནམ་མཚོན་དོན་གྱི་འབྲི་ཐབས་ལ་བརྟེན་ནས་ཚོར་བའམ་བརྩེ་དུངས་ཕན་ཆད་ཀྱི་བརྗོད་དོན་ནམ་གནས་ལུགས་ཤིག་མཚོན་ཡོད་པ་ཡིན།
《 གཟི༨》རུ“ཕར་ལྟ་བྱེད་དེ/ལྡོང་བར་གྱུར་ནས/ལྟ་བྱའི་ཡུལ་དུ་འཁུམས”ཞེས་སྙན་ངག་པས“ཕར་ལྟ་བྱེད”ཀྱི་ཡུལ་ཅན“ལྡོང་བར་གྱུར་ནས”“ལྟ་བྱའི་ཡུལ་དུ་འཁུམས”ཞེས་ཡུལ་ཡུལ་ཅན་གྱི་འབྲེལ་བ་གོ་ལོག་ཏུ་བསྡེབས་པ་དང་། ང་ཚོས་འདིར་སྙན་ངག་པ་དང་མི་རིགས་བར་གྱི་འབྲེལ་བའི་ཐད་ནས་འགྲེལ་བ་བྱས་ཆོག་ལ་ཕྱོགས་གཞན་ནས་འགྲེལ་བ་བྱས་ཀྱང་ཆོག རྒྱུ་མཚན་ནི་སྙན་ངག་འདིར་མཚན་ཉིད་རིག་པའི་དོན་སྙིང་ཟབ་མོ་ཡོད་པ་དང་ཀློག་པ་པོར་ཀུན་རྟོག་འགྱུ་སའི་ཡུལ་ཡངས་པོར་བསྐྱུར་ནས་ཡོད་པ་ཡིན། གཞན《ཕུག་རོན》དུ“ཕུག་རོན་འཕུར་ཤེས་པ་གཤོག་པའི་རྐྱེན་དང/ཕུག་རོན་འཕུར་མི་འདོད་པ་བྲག་སྐྱིབས་ཀྱི་ཕྱིར་ཏུའོ/ཕུག་རོན་ལ་ངའི་རྟོག་བཏགས་ཀྱི་རྒུམ་འབུ་ཐོབ/ཕུག་རོན་དེ་ངའི་ཐག་རིང་གི་མཆོད་རྟེན་ལ་འཁོར་བའི/རྨེག་མེད་དང་རྨི་ལྟས་ཡིན”ཞེས་སྙན་ངག་པས་ཕུག་རོན་ཞེས་པའི་ཡིད་བརྙན་ལ་བརྟེན་ནས་རང་གི་འདོད་འདུན་ནམ་བརྩེ་དུངས་གང་རུང་ཞིག་མཚོན་ཡོད་པ་དང་། ཞར་དུ་ཕུག་རོན་དང་བྲག་སྐྱིབས། སྙན་ངག་པ་དང་ཕུག་རོན། ཕུག་རོན་དང་གཤོག་པ། ཕུག་རོན་དང་རྨི་ལྟས་སོགས་འབྲེལ་བ་མང་པོ་ཞིག་སྙན་ངག་ཏུ་སྤུངས་ཡོད་པས། འབྲེལ་བ་དེ་འདྲ་མང་པོ་ཞིག་གི་ཕག་ཏུ་སྙན་ངག་པས་འཇིག་རྟེན་ལ་བཟུང་བའི་ལྟ་ཚུལ་ལམ་ཁོང་གི་མི་ཚེའི་ལྟ་གྲུབ་ཅིག་སྦས་ནས་ཡོད་པ་ཡིན། སྙན་ངག་འདི་གཉིས་དང་འདྲ་བར་ཁོའི་གསར་རྩོམ་གྱི་རིམ་པ་གཉིས་པ་ནས་བཟུང་སྙན་ངག་ཡོངས་ལ་རིགས་ཤེས་རང་བཞིན་ལྷུག་པོར་ཡོད་པས། གཏན་ཚིགས་ཀྱི་ཆ་ཤུགས་ཆེ་ཞིང་མཚན་ཉིད་རིག་པའི་དོན་སྙིང་ལྡན་པ་ཡིན།
གཉིས། ཟུར་ཟའི་རང་བཞིན།
ང་ཚོས་ཟུར་ཟ་ལ་ཚིག་ངོས་ཀྱི་ཟུར་ཟ་དང་སྒྲིག་གཞིའི་ཟུར་ཟ་ཞེས་རིགས་གཉིས་སུ་དབྱེ་ཆོག་སྟེ། ཚིག་ངོས་ཀྱི་ཟུར་ཟ་ནི་ང་ཚོས་རྒྱུན་པར་འཚོ་བ་དང་རྩོམ་རིག་ཁྲོད་བེད་སྤྱོད་གཏོང་ཞིང་། དེ་ནི་ཚིག་བྱེ་བྲག་པའི་སྟེང་ནས་གཞན་ལ་སུན་འབྱིན་དང་ཐེར་འདོན་བྱེད་པའི་ཚིག་རྒྱན་དང་ཐབས་རྩལ་ཙམ་ལས་མ་འདས་པས་སྲོལ་རྒྱུན་ཟུར་ཟ་ཡིན་པ་དང་། སྒྲིག་གཞིའི་ཟུར་ཟ་ཞེས་པ་ནི་དེང་རབས་སྙན་ངག་གི་ཟུར་ཟ་སྟེ། དེ་ནི་ཚིག་ངོས་ཀྱི་ཟུར་ཟ་བཞིན་ཚིག་བྱེ་བྲག་པའི་སྟེང་ནས་ཟུར་ཟའི་ནུས་པ་འདོན་པ་མ་ཡིན་པར། ཚིག་གི་ཚོགས་པ་དང་སྙན་ངག་གི་སྤྱིའི་སྒྲིག་གཞིའི་ཆ་ནས་ཟུར་ཟ་གྲུབ་པ་དང་། ཟུར་ཟ་གྲུབ་པའི་ནུས་པར་མི་བུའི་འཚོ་གནས་དང་རང་བཞིན། ངོ་བོ་སོགས་ལ་ཕྱིར་རྟོག་དང་ངོས་ཟིན་འཐོབ་པར་བྱེད་པ་ཡིན།“ཟུར་ཟ་ནི་རང་ཉིད་ལ་རྒོལ་བའི་ཟུར་ཟ་ཡིན་ཏེ། རང་ཉིད་ལ་ཁ་ཕྱོགས་པའི་སྟེང་རང་ཉིད་དང་རང་ཉིད་འཚོ་སའི་འཇིག་རྟེན་ལ་ཕྱིར་རྟོག་རང་བཞིན་གྱི་ཤེས་རྟོགས་དང་ངོས་ཟིན་ཐོབ་པ་ཡིན” ཞེས་པ་ལྟར་སྲོལ་རྒྱུན་ཟུར་ཟ་ཡིས་ཚིག་བྱེ་བྲག་པས་གཞན་ལ་ཟུར་ཟ་བྱེད་པ་ཡིན་ན། དེང་རབས་ཟུར་ཟའམ་སྒྲིག་གཞིའི་ཟུར་ཟ་ཡིས་སྙན་ངག་སྤྱིའི་སྒྲིག་གཞིའི་ཆ་ནས་རང་ཉིད་དམ་རང་ཉིད་གནས་སའི་འཇིག་རྟེན་ལ་ཟུར་ཟ་བྱེད་པ་ཡིན། དེ་བས་སྲོལ་རྒྱུན་ཟུར་ཟ་དང་དེང་རབས་ཟུར་ཟ་གཉིས་ཀྱི་ཁ་གཏོད་ཡུལ་དང་། ཟུར་ཟ་གྲུབ་སྟངས། ཟུར་ཟ་གྲུབ་པའི་ནུས་པ་སོགས་ཁྱོན་ནས་མི་འདྲ།
བོད་ཀྱི་རྩོམ་རིག་གསར་བའམ་སྙན་ངག་གསར་བར་མཚོན་ན་རྒྱ་ནག་གི་རྩོམ་རིག་ལ་དཔེ་བླངས་ནས་བོད་དུ་དར་བ་ཡིན་པས། དེར་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་གི་ཁྱད་ཆོས་ལྡན་ཞིང་། བོད་རྩོམ་མང་པོ་ཞིག་གིས་སྤྱི་ཚོགས་ཀྱི་གནད་དོན་ནམ་སྤྱི་ཚོགས་སྟེང་གི་མི་ལེགས་མི་སྡུག་པའི་ཆ་གང་མང་ཞིག་ནང་དོན་དུ་བཀོལ་ཏེ་སྤྱི་ཚོགས་ལེགས་བཅོས་ཡོང་བའི་བསམ་བློ་སྟོན་པ་ཡིན། དེ་བས་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་ནི་བོད་ཀྱི་རྩོམ་རིག་ལ་མཚོན་ན་རྒྱུགས་ཆེ་བའི་རྩོམ་རིག་གི་བསམ་བློ་ཞིག་གམ་རླབས་རྒྱུན་ཞིག་ཡིན། འོན་ཀྱང་། ལྗང་བུའི་སྙན་ངག་ལ་མཚོན་ན་འབྲི་ཐབས་དེ་ལས་ཐོད་བརྒལ་གྱིས་གསར་རྩོམ་གྱི་རིམ་པ་གསུམ་པའི་མཚོན་བྱེད་བརྩམས་ཆོས་ཏེ་སྙན་དེབ《སྙན་རྩོམ་གཟི་མིག་དགུ་པ》ཡི་ནང་དུ་ཟུར་ཟའི་འབྲི་ཐབས་མང་དུ་སྤྱད་ཡོད་པས། དེང་རབས་སྙན་ངག་གི་ཁྱད་ཆོས་སམ་དེང་རབས་རིང་ལུགས་ཕྱི་མའི་བསམ་བློའི་སྙིང་སྟོབས་ཐོན་ནས་ཡོད། 《 ཆུ་སྐྱེས》ཞེས་པར“རྫིང་བུ་རྣམས་རྙོག་ཅིང་ན་ཚས་གཟིར/ན་ཚ་དེའི་མིང་ལ་རྙིང་ནད་ཟེར”ལྟ་བུར་ཚིག་ངོས་ཀྱི་ཟུར་ཟ་ཡོད་ལ། དེང་རབས་ཀྱི་ཟུར་ཟའམ་སྒྲིག་གཞིའི་ཟུར་ཟའང་གྲུབ་ཡོད་པ་ཡིན། 《 ང་ཚོའི་སང་ཉིན》 《 ངོས་ལེན་ཞུ་ཡིག》 《 མི་སེར་གྱི་ཚབ་བྱས་ནས་གྲོང་ཁྱེར་སྲིད་གཞུང་ལ་ཕུལ་བའི་སྙན་ཞུའི་ཡི་གེ》 《 དེ་རིང་ང་ཡི་མཐོང་ལུགས》 《 གཟུགས་མེད་ཀྱི་གཏུབ་གྲི》 སོགས་ནི་སྒྲིག་གཞིའི་ཟུར་ཟ་གྲུབ་པའི་མཚོན་བྱེད་སྙན་ངག་ཡིན།
《 ང་ཚོའི་སང་ཉིན》དུ“ང་ཚོས་མཛེས་སྡུག་གི་ཅི་ཞིག་གྱོན་པ/ཁྱོད་ཀྱིས་སྔར་ནས་ཇུས་བཀོད་བྱས་ཚར/ང་ཚོས་སྙན་མོ་ཞིག་ཇི་ལྟར་འཆད་པར/ཁྱོད་ཀྱི་སྔར་ནས་མ་ཡིག་བརྒྱབ་ཚར/སང་ཉིན་བསམ་ཡུལ་ལས་འདས་པ་ཅི་ཞིག་འབྱུང་རྒྱུའང/ཁྱོད་ཀྱི་སེམས་ལ་ཏག་ཏག་འཁོར་ཡོད/ཉི་འོད་འོག་གི་ཉི་དགའ་མེ་ཏོག་དང་འདྲ་བར/ང་ཚོའི་སང་ཉིན་ནི་བདེ་སྐྱིད་ལྡན་པ་ཞིག་རེད”དང《མི་སེར་གྱི་ཚབ་བྱས་ནས་གྲོང་ཁྱེར་སྲིད་གཞུང་ལ་ཕུལ་བའི་སྙན་ཞུའི་ཡི་གེར》“བརྩེ་དུངས་ཁྱོད་ཀྱིས་ཁྱེར་ཆོག/དུས་ཚོད་ཁྱོད་ཀྱིས་ཁྱེར་ཆོག/ཐ་ན་བླ་སྲོག་ཀྱང་ཁྱོད་ཀྱིས་ཁྱེར་ཆོག/འོན་ཀྱང/ནང་མ་སྤྲོ་སྐྱིད་ཁང་གཅིག་པུ/ང་ལ་འཇོག་གནང་རོགས”ཞེས་སྙན་ངག་པས་ལྷུག་བརྗོད་བྱེད་དུས་ང་ཚོའི་ཕན་ཆད་དུ་ཁྱོད་ཅེས་པ་ཞིག་ཡོད་པ་དང་ཁྱོད་ཅེས་པར་ཟུར་ཟ་བྱེད་ཀྱིན་པས་ཚིག་ངོས་ཀྱི་ཟུར་ཟ་དང་འདྲ་བོ་ཡོད་རུང་། རྩོམ་པ་པོ་རང་ཉིད་ཐེ་བའི་ང་ཚོའི་རྨོངས་པ་དང་འཐོམ་སྦྲིད། བག་གཡེང་། སྒྱིད་ལུག་གང་རུང་གིས་ཁྱོད་ཅེས་པ་བསྐྱེད་པའམ་གྲུབ་པར་བྱས་པ་ཡིན་ལ། ཁྱོད་ཅེས་པས་གང་ཞིག་བསྟན་ཡོད་རུང་སྙན་ངག་གི་སྤྱིའི་སྒྲིག་གཞིའམ་ཚིག་གི་བབ་ཀྱི་ཆ་ནས་དེང་རབས་ཟུར་ཟ་གྲུབ་ནས་ཡོད་ཅིང་། ང་ཚོ་སུ་ཡིན་རུང་སྙན་ངག་འདི་ཉིད་བཀླགས་མ་ཐག་ཏུ་རང་ཉིད་དང་རང་ཉིད་གནས་སའི་ཁོར་ཡུག་དང་མི་རིགས། འཇིག་རྟེན་ཕྱོགས་ལ་ཕྱིར་རྟོག་དང་བསམ་གཞིག་བགྱི་ངེས་ཤིང་། ཕྱིར་རྟོག་དང་བསམ་གཞིག་གི་རྗེས་སུ་རང་ཉིད་ཀྱི་འཚོ་གནས་དང་རང་བཞིན་སོགས་ལ་ཤེས་རྟོགས་དང་ངོས་ཟིན་གསར་བ་ཡང་འཐོབ་ངེས་པ་ཡིན། འདི་ནི་ད་གཟོད་ཚིག་ངོས་ཀྱི་ཟུར་ཟ་འམ་སྲོལ་རྒྱུན་གྱི་ཟུར་ཟ་དང་མི་འདྲ་བའི་སྒྲིག་གཞིའི་ཟུར་ཟ་ཡིན་ནོ།།
གསུམ། སྔུན་སྐྱོད་རང་བཞིན།
སྔུན་སྐྱོད་ཅེས་པ་ནི་སྔར་གྲུབ་ཟིན་པའི་རྩོམ་རིག་ལྟ་བའམ་སྲོལ་རྒྱུན་ལ་ངོ་རྒོལ་གྱིས་རྣམ་པའི་ཐད་ནས་འཚོལ་སྙེག་དང་ཚོད་ལྟ་བྱས་ཏེ། རྩོམ་རིག་གི་ལྟ་བའམ་འདུ་ཤེས་གསར་བ་རིགས་ཤིག་ལ་སྙེག་པའམ་གསར་གཏོད་བྱེད་པར་གོ་བ་ཡིན། སྤྱིར་སྔུན་སྐྱོད་ཅེས་པ་ནི་ནུབ་གླིང་རྩོམ་གཞུང་གི་བརྡ་ཆད་ཅིག་སྟེ་དེར་གོ་དོན་གཉིས་ཡོད་པ་ཡིན། གཅིག་ནས་སྔུན་སྐྱོད་ཅེས་པར་སྤྱི་ཚོགས་རིག་པའི་ངོས་ཐད་ནས་སྤྱི་ཚོགས་དང་ཆབ་སྲིད་སོགས་ཀྱི་ལྟ་བའམ་འདུ་ཤེས་ཀྱི་སྔུན་སྐྱོད་ལ་གོ་བ་དང་། གཉིས་ནས་རྩོམ་རིག་སྒྱུ་རྩལ་གྱི་ངོས་ཐད་ནས་སྤྱི་ཚོགས་ཆབ་སྲིད་དང་ཆེར་མ་འབྲེལ་བར་གཙང་རྐྱང་གི་རྩོམ་རིག་གམ་རྩོམ་རིག་རང་སྟེང་གི་མཛེས་པ་གཉེར་བར་གོ་བ་ཡིན། འདིའི་དཔེ་མཚོན་ལ་ནུབ་གླིང་གི་སྙན་ངག་པ་པོ་དྷི་ལེར་རུང་སྟེ། ཁོས་སྙན་ངག་ཅེས་པས་སྙན་ངག་རང་སྟེང་གི་མཛེས་པ་དང་ཁྱད་ཆོས་དོན་དུ་གཉེར་དགོས་ཞེས་མཚོན་དོན་རིང་ལུགས་སམ་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་སྲོལ་ཕྱེས་པ་ཡིན། རྗེས་སུ་ནུབ་གླིང་གི་རྩོམ་རིག་གི་གཏམ་སྦྱོར་ཁྲོད་དུ་སྔུན་སྐྱོད་ཅེས་པ་དང་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གཉིས་གོ་དོན་གཅིག་མཚུངས་སུ་སྤྱོད་པར་གྱུར་པ་དང་། དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་ནང་གསེས་གྲུབ་མཐའ་སོ་སོར་སྔུན་སྐྱོད་ཅེས་པའི་མིང་གིས་བསྟན་འདུག དེ་མཚུངས་སུ་རྒྱ་ནག་རྩོམ་རིག་ལ་མཚོན་ནའང་སྔུན་སྐྱོད་སྙན་ངག་ཅེས་པར་ཞིབ་འཇུག་བྱ་དུས་སུ་དུས་རབས་སྔོན་མའི་ལོ་རབས་ཉི་ཤུ་བའི་ནང་གི་རྒྱ་ནག་གི་མཚོན་དོན་རིང་ལུགས་ཀྱི་སྙན་ངག་དང་། ལོ་རབས་སུམ་ཅུ་བའི་དེང་རབས་རིང་ལུགས་ཀྱི་སྙན་ངག ལོ་རབས་བརྒྱད་ཅུ་བའི་སྙན་ངག་གསར་བའི་རླབས་རྒྱུན་སོགས་ལ་གོ་འདུག་པ་དང་། དེ་དག་སྔུན་སྐྱོད་སྙན་ངག་ཡིན་པའི་རྒྱུ་མཚན་ནི་ནུབ་གླིང་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་སྒྱུ་རྩལ་མཚོན་ཐབས་དང་ཁྱད་ཆོས་ཐོན་ཡོད་པས་ཡིན་ཞེས་བྲིས་འདུག གང་ལྟར་ཡང་སྔུན་སྐྱོད་ཅེས་པ་ནི་གཙོ་རྒྱུགས་དང་གྲུབ་ཟིན་གྱི་རྩོམ་རིག་ལྟ་བ་དང་མཛེས་དཔྱོད་ལ་དོ་བསྡོ་བའི་སྟེང་ནས་བྱུང་ཞིང་། དེང་རབས་རིང་ལུགས་ཀྱི་རྩོམ་རིག་གིས་ཀྱང་སྔོན་མའི་དངོས་ཡོད་རིང་ལུགས་དང་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་ལ་ངོ་རྒོལ་དང་ཐོད་བརྒལ་བྱས་ཡོད་པས་སོ།།
དེ་བཞིན་དུ་ལྗང་བུའི་སྙན་ངག་གི་སྔུན་སྐྱོད་རང་བཞིན་ཡང་ཁོང་གིས་ནུབ་གླིང་དེང་རབས་རིང་ལུགས་ཀྱི་སྙན་ངག་ལ་སློབ་སྦྱོང་དང་ཚུར་ལེན་བྱས་ནས་བོད་ཀྱི་སྐབས་དེའི་གཙོ་རྒྱུགས་ཀྱི་རྩོམ་རིག་ལྟ་བར་ཐོད་བརྒལ་བྱས་པ་ལས་བྱུང་སྟེ། སྙན་ངག་གསར་རྩོམ་གྱི་རིམ་པ་གཉིས་པ་ནས་བཟུང་ཁོའི་སྙན་ངག་ཏུ་ནུབ་གླིང་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་བསམ་བློའི་ནང་དོན་དང་སྒྱུ་རྩལ་མཚོན་ཐབས་ཀྱིས་ཁེངས་ནས་ཡོད་པ་ཡིན།“སྙན་ངག་ཅེས་པ་འདི་ང་རང་ཉིད་ཀྱི་རང་གཤིས་དང་ཨུ་ཚུགས་དེར་ཐག་ཉེ་བར་སྣང་སྟེ། འདི་ལ་རོལ་རྩེད་ཀྱི་ཤས་ཆེ་བའི་ཁར་ངོམས་པའི་མཐའ་བྲལ་བ་ཞིག་དང་། འགྱུར་ལྡོག་ལ་རྫོགས་མཐའ་མེད་པ་ཞིག འབྲི་ཀློག་དཔྱད་གསུམ་ལ་རིགས་པའི་གཞུང་ལུགས་གཅིག་ཁོ་ནས་མ་བཅིངས་པར་རང་དབང་ལྡན་པ་ཞིག་གམ་ཐ་ན་རིགས་པའི་གཞུང་ལུགས་ཞེས་པ་ཆ་ཚང་གིས་ཀྱང་འདི་དབང་དུ་སྡུད་མི་ཐུབ་པ་ཞིག” ཅེས་ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བར་རང་རེའི་སྙན་ངག་དེ“ན་ཟླ་ཚོ/གླུ་ཞིག་ལོངས་དང”ཞེས་པ་བཞིན་དུས་རབས་ཀྱི་མཉམ་ལེན་དང་དུངས་བརྗོད་རྒྱ་ཆེན་པོའི་དབང་དུ་ཚུད་སྐབས། ཁོས་ནུབ་གླིང་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ལ་སློབ་སྦྱོང་བྱེད་བཞིན་སྔུན་སྐྱོད་པའི་བརྟུལ་ཞུགས་བཟུང་ནས། སྙན་ངག་གསར་རྩོམ་གྱི་ནང་དོན་དང་རྣམ་པ་གཉིས་ཀའི་ཐད་ནས་ཚོད་ལྟ་དང་འཚོལ་སྙེག་བྱས་ཡོད་པ་ཡིན།
ཁོས་ནུབ་གླིང་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ལ་སློབ་སྦྱོང་དང་ཚོད་ལྟ་བྱས་པའི་མཐའ་འབྲས་སུ་ཁོའི་སྙན་ངག་ཏུ་ཡིད་བརྙན་དང་མཚོན་དོན་སོགས་ནི་རྒྱུན་སྤྱོད་ཀྱི་མཚོན་ཐབས་སུ་གྱུར་པ་དང་། ནང་དོན་ཐད་ནས་ཀྱང་མི་ཡི་འཁྱོག་བསྒྱུར་དང་དེང་རབས་རང་བཞིན་ཕྱིར་རྟོག་སོགས་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་བསམ་བློ་ཐོན་ཡོད་པ་ཡིན། 《 ང་གྲུབ་ཚུལ 》 《 ང་རང་གཞན་ཞིག》 《 རང་ལ་བལྟས་པ》བཅས་ཀྱིས་མི་ཡི་འཁྱོག་བསྒྱུར་གྱི་ནང་དོན་སྟོན་གྱིན་ཡོད་པ་དང་། 《 གཟུགས་མེད་ཀྱི་གཏུབ་གྲི》 《 ཉིན་གུང་ཞིག་ལ་མྱ་ངན་གྱིས་གཟིར་བ》 《 ངོས་གཞན་ཞིག》 《 ལག་པ་མང་པོ》 སོགས་ཀྱིས་དེང་རབས་ཅན་གྱིས་མཚོན་པའི་དེང་རབས་རང་བཞིན་ལ་ཕྱིར་རྟོག་བྱེད་ཀྱིན་ཡོད། གཞན་ད་དུང《མུན་འཐོམ་པའི་རྣམ་པ་ཞིག་ལས》 《 འཐབ་འཛིང》ལྟ་བུའི་སྙན་ངག་ཏུ་བག་ཉལ་གྱི་འདུ་ཤེས་ཀྱི་ནང་དོན་ཡང་ཐོན་ནས་ཡོད། དེ་ལྟར་ཁོའི་སྙན་ངག་གི་སྔུན་སྐྱོད་རང་བཞིན་ནི་ཁོའི་སྙན་ངག་ཏུ་དེང་རབས་རིང་ལུགས་ཀྱི་བསམ་བློ་དང་མཚོན་ཐབས་གཉིས་ཀ་ཐོན་ནས་སྐབས་དེའི་གཙོ་རྒྱུགས་སྙན་ངག་གི་ནང་དོན་དང་མཚོན་ཐབས། མཛེས་པ་བཅས་ལ་དོ་བསྡོ་བའི་སྟེང་ནས་མངོན་ཡོད།
སྤྱིར་ན་བོད་རང་གི་གནས་སྟངས་ནི་དེང་རབས་སྔོན་མའི་ཆུ་ཚད་དུ་ཡོད་པས་ལྗང་བུའི་སྙན་ངག་ཏུ་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་བསམ་བློ་མང་དུ་ཐོན་པར་ང་ཚོར་བློ་ཞིབ་མོས་དཔྱད་རྒྱུ་ཡོད་རུང་། ང་ཚོས་དེར་དགེ་སྐྱོན་གྱི་ཐད་ནས་མ་བལྟས་པར་སྐབས་དེའི་གཙོ་རྒྱུགས་ཀྱི་སྙན་ངག་ཁྲོད་དུ་གངས་རི་དང་རྩྭ་ཐང་། མ་ཡུམ་སོགས་བསྟོད་གླུ་དང་སྒེར་གཤིས་མེད་པའི་གཏམ་སྦྱོར་གྱིས་ཁེངས་ཡོད་པར་བལྟས་ཚེ། ལྗང་བུས“ཁེར་རྐྱང་གི་འཚོ་བ་དང་ཁེར་རྐྱང་གི་བསམ་གཞིག ད་དུང་ཁེར་རྐྱང་གི་འགྲུལ་སྐྱོད”དང་དུ་བླངས་ཏེ་བོད་ཀྱི་སྙན་ངག་གསར་བའི་གཏམ་སྦྱོར་ཁྲོད་ནུབ་གླིང་དེང་རབས་རིང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་གོ་དཀའ་བའི་སྙན་ངག་དག་འཁྱེར་ཡོང་བ་ནི་མ་གཞི་ནས་གཏོར་བཤིག་རིགས་ཤིག་ཡིན་ལ། ཁོང་གི་སྙན་ངག་གིས་ང་ཚོར《ལང་ཚོའི་རྦབ་ཆུ》 ལྟ་བུའི་དུངས་བརྗོད་རྒྱ་ཆེན་པོའི་སྙན་ངག་གི་ཕན་ཆད་དུ་ད་དུང་གོ་དཀའ་བའི་སྙན་ངག་གམ་སྙན་ངག་གི་མཛེས་པ་གཞན་ཞིག་ཡོད་པ་རྟོགས་སུ་བཅུག་ཅིང་། སྔུན་སྐྱོད་ནི་མི་ཉུང་ཤོས་ཡིན་ཞེས་པ་ལྟར་སྙན་ངག་པ་ཁོས་ཀྱང་གོ་ལོག་དང་ཀློག་པ་པོ་མེད་པའི་སྡུག་བསྔལ་མང་དུ་མྱངས་ཡོད་པ་ཡིན། སླད་མར་སྙན་ངག་པས་ཀློག་པ་པོར་བསྟུན་པའམ་ཅི་ཡིན་ཆ་མ་འཚལ་རུང《སྙན་རྩོམ་གཟི་མིག་དགུ་པ》ནས་ཁོའི་རྩོམ་གཤིས་ལ་འགྱུར་ལྡོག་བྱུང་སྟེ་གོ་དཀའ་བ་ནས་ཅུང་དྭངས་གསལ་ཅན་དུ་བསྐྱོད་པ་དང་། སྔུན་སྐྱོད་ཀྱི་རང་བཞིན་ཡང་སྔར་ལས་ཉམས་ཞན་དུ་ཕྱིན་འདུག
ལྗང་བུ་ནི་བོད་ཀྱི་རྩོམ་རིག་གསར་བའི་ལོ་རྒྱུས་ཁྲོད་ནུབ་གླིང་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ལ་སློབ་སྦྱོང་དང་ཚུར་ལེན་བྱེད་མཁན་གྱི་མི་ཐོག་མ་དེ་ཡིན་ལ། ལྗང་བུའི་སྙན་ངག་ཅེས་ན་བོད་ཀྱི་རྩོམ་རིག་གསར་བའི་གཏམ་སྦྱོར་ཁྲོད་གོ་དཀའ་བ་དང་རོལ་རྩེད་ཀྱི་ཤས་ཆེ་བ་ཞིག་ཏུ་གྲུབ་འདུག་ཅིང་། དེང་གི་སྙན་ངག་པ་མང་པོ་ཞིག་གི་སྙན་ངག་ལ་ཤུགས་རྐྱེན་ཐེབས་ཏེ་ཁོའི་ལམ་ཕྱོགས་ལྟར་གསར་རྩོམ་བྱེད་མཁན་ཡང་མང་པོ་བྱུང་ཡོད་པ་ཡིན། སྤྱིར་ན་ནུབ་གླིང་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ལ་སློབ་སྦྱོང་དང་ཚུར་ལེན་བྱེད་པ་ལ་རང་རེའི་རྩོམ་རིག་དེ་འཛམ་གླིང་རྩོམ་རིག་དང་སྦྲེལ་བ་དང་མཚོན་ཐབས་སྣ་མང་ཅན་དུ་བྱ་བ་སོགས་ཀྱི་དགེ་མཚན་མང་པོ་ཡོད་རུང་། ང་ཚོས་རྩོམ་རིག་རླབས་རྒྱུན་གང་ཞིག་ཚུར་ལེན་བྱེད་དུས་དེ་ཉིད་རང་གི་དངོས་ཡོད་གནས་བབ་དང་མཐུན་པའི་གནས་ཚུལ་འོག་བསལ་བསེད་འདོར་ལེན་བྱ་དགོས་ཤིང་རང་ས་ཅན་དུ་བསྒྱུར་རྒྱུ་ཧ་ཅང་གལ་ཆེན་ཡིན། དེ་ལྟར་ལྗང་བུའི་སྙན་ངག་ལ་མཚོན་ན་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་ནང་དོན་དང་རྣམ་པ་གཉིས་ཐད་ནས་རང་གི་ཁྱད་ཆོས་དོད་པོ་མ་ཐོན་པར་ལད་མོའི་ཤུལ་རྗེས་མངོན་གསལ་དུ་ཡོད་པས། ཤེས་བཞིན་གྱི་ངང་ནས་ཚུར་ནང་འདྲེན་དང་གསར་རྩོམ་བྱས་པ་མ་ཡིན། དེ་བས་དེང་གི་བོད་ཀྱི་སྙན་ངག་པ་ཚོར་མཚོན་ན་རང་རྟོགས་དང་ཤེས་བཞིན་ཡོད་པའི་ཆ་རྐྱེན་འོག་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ཚུར་ལེན་གྱིས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པར་བྱས་ནས་རང་རེའི་རྩོམ་རིག་དེ་འཛམ་གླིང་གི་ཕྱོགས་སུ་བསྐྱོད་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བར་བྱེད་པ་རྒྱུ་ཕྲག་ཏུ་བབས་པའི་གཟུར་མེད་ཀྱི་འགན་འཁྲི་ཡིན་ནོ།།
མཇུག་བསྡུ་བ།
“སྙན་ངག་པ་ལྗང་བུ་ནི་བོད་ཀྱི་སྙན་ངག་གསར་བའི་ལོ་ངོ་སུམ་ཅུ་དང་འགྲོགས་ནས་ཡོང་བ་ཡིན་ཞིང་། གསར་རྩོམ་གྱི་རྒྱུན་ད་དུང་ཡང་ཆད་པ་མེད་པར་སྐྱོང་བཞིན་ཡོད། བརྩམས་ཆོས་ཀྱི་གྲངས་འབོར་དང་སྤུས་ཚད་གང་གི་ཐད་ནས་བཤད་ཀྱང་ལྗང་བུའི་སྙན་ངག་དེ་བོད་ཀྱི་སྙན་ངག་གསར་བའི་ལོ་རྒྱུས་ཁྲོད་དུ་གོ་ས་ངེས་ཅན་ཞིག་ཡོད་ལ།‘ལྗང་བུ'ཞེས་པའི་ཐ་སྙད་འདི་ད་ལྟ་རྩོམ་རིག་སྣང་ཚུལ་རིགས་ཤིག་གི་མཚོན་བྱེད་བརྡ་རྟགས་སུ་གྲུབ་ཚར” ཞེས་པ་བཞིན་སྙན་ངག་པ་ལྗང་བུ་ཞེས་ན་འཚོལ་རྟོག་དང་སྔུན་སྐྱོད། སྒྱུ་རྩལ་གྱི་མཛེས་པ་ཐུན་མོང་མ་ཡིན་པ་ཞིག་གི་ཚད་གཞིར་གྱུར་ནས་ཡོད་པ་དང་། དེང་གི་བོད་ཀྱི་སྙན་ངག་གསར་བའི་ལས་ལ་འཇུག་མཁན་སྐོར་ཞིག་གི་སྙན་ངག་ལ་ཤུགས་རྐྱེན་བཞག་དང་འཇོག་བཞིན་ཡོད། འོན་ཀྱང་ལྗང་བུའི་སྙན་ངག་གི་འཕེལ་ལམ་རིང་ཞིང་འགྱུར་བ་རྒོད་པ་དང་། གསར་རྩོམ་གྱི་གནས་སྟངས་དེ་མཐོ་རྒྱག་དམའ་རྒྱག་ཆེ་བའི་ཚུལ་དུ་ཡོད་ཅིང་། འཚོལ་རྟོག་དང་སྔུན་སྐྱོད་ཀྱི་ཁྱད་ཆོས་ལྡན་རུང་ཟབ་སར་ཕྱིན་མེད་པའམ་གྲུབ་འབྲས་ཆེན་པོ་གླེང་རྒྱུ་མེད་པ་ཞིག་ཏུ་ཆགས་འདུག འདི་ནི་ལྗང་བུའི་སྙན་ངག་མ་ཟད་བོད་ཀྱི་སྙན་ངག་གསར་བར་གནས་པའི་གནད་དོན་ཡང་ཡིན་པ་རེད།
ཕྲན་གྱིས་བལྟས་ན་དེང་གི་རང་རེའི་སྙན་ངག་གསར་རྩོམ་བྱེད་སྟངས་ལ་ཕྱོགས་ཆེན་པོ་གཉིས་མཆིས་ཏེ། གཅིག་གིས་རྟོག་པ་འཆར་ཡན་རིང་ལུགས་དང་དངོས་ཡོད་རིང་ལུགས་ཀྱི་འབྲི་ཐབས་སམ་དེ་གཉིས་སྦྲགས་མའི་འབྲི་ཐབས་ཀྱིས་གསར་རྩོམ་བྱེད་པ་དང་། འབྲོང་ཕྲུག་ལྷ་ཆེན་རྒྱལ་དང་ཁུ་བྱུག་སྔོན་མོ་ལྟ་བུ་ནི་ཚབ་མཚོན་སྙན་ངག་པ་ཡིན། ཅིག་ཤོས་ཀྱིས་དེང་རབས་རིང་ལུགས་ཀྱི་རྩོམ་རིག་གི་འབྲི་ཐབས་ལྟར་དེང་རབས་སྙན་ངག་གི་ཕྱོགས་སུ་འབད་པ་བྱེད་ཀྱིན་འདུག སྐྱབས་ཆེན་བདེ་གྲོལ་དང་རེ་རྐང་གླིང་ལྟ་བུ་ནི་ཚབ་མཚོན་སྙན་ངག་པ་ཡིན། གསར་རྩོམ་བྱེད་སྟངས་འདི་གཉིས་ལས་གང་ཡིན་རུང་བརྗོད་དོན་ཟབ་སར་ཕྱིན་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་ཆགས་ཡོད་པ་མ་ཡིན་པར། འདྲ་བཤུས་དང་ལད་མོ། མཐོ་རྒྱག་དམའ་རྒྱག་ཆེ་བའི་ཚུལ་དུ་ཡོད་པས《ཉིས་སྟོང་བཅུ་ལོའི་བོད་ཀྱི་སྙན་ངག་ལ་འཁྱུག་ཙམ་བལྟ་བ》ཞེས་པར“བོད་ཀྱི་སྙན་ངག་གསར་བ་དེ་བརྩམས་སྒྲུང་དང་བསྡུར་ན་འགག་འཕྲང་ཞིག་ལ་ཚུད་དེ་སོ་ན་གནས་འདུག” ཅེས་པ་ནི་ཤིན་ཏུ་མད་པའི་གཏམ་མོ།།
རྒྱའི་རྩོམ་པ་པོ་དང་རྩོམ་རིག་ཞིབ་འཇུག་པ་ཚའོ་ཝུན་ཞོན་ནས་རྒྱ་ནག་གི་རྩོམ་རིག་ལ་མི་སྒེར་གྱི་མྱོང་བ་འབྲི་བ་དང་རྟོག་བཟོའམ་གསར་གཏོད། ཚོར་བའམ་བརྩེ་དུངས་བཅས་ཕྱོགས་གསུམ་ནས་བསམ་འཆར་བཏོན་ཡོད་པ་དང་། བདུད་ལྷ་རྒྱལ་གྱི་དཔྱད་རྩོམ《བོད་ཀྱི་དེང་རབས་རྩོམ་རིག་གསར་རྩོམ་འཕེལ་རྒྱས་ཐད་ཀྱི་བསམ་གཞིག》ཅེས་པར་ཚོར་ཤེས་སམ་ཚོར་བ་དང་བསམ་བློའི་བློ་སྦྱོང། རྩོམ་རིག་གི་ཤེས་བྱའི་བློ་སྦྱོང་བཅས་ཕྱོགས་གསུམ་ནས་བོད་ཀྱི་རྩོམ་རིག་གསར་བའི་གསར་རྩོམ་ཐད་ལ་རེ་བ་དང་བསམ་འཆར་བཏོན་པ་ནི་ཤིན་ཏུ་མད་པའི་གཏམ་ལགས་ཤིང་། ང་ཚོས་འདི་ལ་ཟུར་བལྟ་དང་བསམ་གཞིག་གིས་བོད་ཀྱི་རྩོམ་རིག་གསར་བའི་ལམ་ཁ་དེ་སྔར་ལས་ཇེ་ཡངས་དང་ཇེ་རྒྱས་སུ་གཏོང་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན།
ཕྲན་གྱིས་བལྟས་ན་བོད་ཀྱི་སྙན་ངག་གསར་བའི་སོ་ན་གནས་པའི་གནས་སྟངས་དེ་བསྒྱུར་དགོས་ན་གཙོ་བོ་སྙན་ངག་པ་དང་ཀློག་པ་པོའི་རྩོམ་རིག་གི་བློ་སྦྱོང་ལ་འབད་པ་བྱ་དགོས་ཤིང་། རང་ཅག་གི་སྙན་ངག་པ་དང་ཀློག་པ་པོ་སུ་ཡིན་རུང་རྩོམ་རིག་བློ་སྦྱོང་དང་ཤེས་བྱ་ནི་ཧ་ཅང་འཁོས་ཞན་དུ་ཡོད་པ་ཡིན། རྒྱུ་མཚན་ནི་ང་ཚོར་གཅིག་ནས་སྙན་ངག་གསར་བའི་ཤེས་བྱ་སྦྱོང་སའི་གནས་ཀྱི་ཆ་རྐྱེན་མི་འཛོམས་པ་དང་། གཉིས་ནས་ལོ་ངོ་སུམ་ཅུའི་བཤུལ་ལམ་ལས་མེད་པའི་སྙན་ངག་གསར་བ་ད་དུང་ནར་སོན་མེད་པས་ང་ཚོ་རང་གིས་འཚོལ་དཔྱོད་ཀྱིས་ལམ་ཁ་སྙེག་དགོས་པས། ང་ཚོས་སྙན་ངག་གསར་བར་སློབ་སྦྱོང་བྱ་འདོད་ཚེ་རྟེན་ཡིག་རིགས་གཞན་པའི་དེབ་དང་གཞུང་ལུགས་ལ་བརྟེན་དགོས་ཤིང་ཐབས་རང་སྦྱོང་བྱེད་དགོས་པ་ཡིན། དེ་ལྟར་ང་ཚོའི་མདུན་དུ་དཀའ་ངལ་གང་མང་ཡོད་རུང་དེ་དག་ཁྱད་གསོད་ཀྱིས་བརྩམས་ཆོས་དང་དཔྱད་བརྗོད་སྦྲགས་ནས་ཀློག་པ་དང་། རང་གི་གནས་སྟངས་ལ་ངོས་ཟིན་ཡོད་པའི་རྨང་གཞིའི་སྟེང་རྩོམ་རིག་རླབས་རྒྱུན་ནམ་རྩོམ་རིག་ཤེས་བྱ་གང་ཡིན་རུང་བསལ་བསེད་འདོར་ལེན་གྱིས་ཚུར་ལེན་དང་སློབ་སྦྱོང་བྱ་དགོས། དེའང་ཐོག་མར་འཆར་ཡན་རིང་ལུགས་དང་དངོས་ཡོད་རིང་ལུགས་ཀྱི་རྩོམ་རིག་ལ་སློབ་སྦྱོང་དང་། དེ་ནས་རིམ་གྱིས་དེང་རབས་རིང་ལུགས་ཀྱི་རྩོམ་རིག་ལ་སློབ་སྦྱོང་བྱེད་པ་བཅས་ཀྱིས་སྙན་ངག་པ་དང་ཀློག་པ་པོ་གཙོ་བྱས་པའི་ང་ཚོའི་རྩོམ་རིག་གི་བློ་སྦྱོང་ངམ་ཤེས་བྱ་མཐོར་འདེགས་གཏོང་དགོས་པ་དང་། གཞན་དུ་རང་རེའི་སློབ་གྲྭ་ཆེན་མོ་ཁག་གིས་རྩོམ་རིག་ཞིབ་འཇུག་དང་དཔྱད་བརྗོད་ཀྱི་ལས་ལ་འཇུག་མཁན་གྱི་སློབ་མ་གསོ་སྐྱོང་བྱ་བ་གལ་ཆེན་དུ་འཛིན་དགོས་ཤིང་། རྩོམ་རིག་དཔྱད་བརྗོད་པ་དང་ཞིབ་འཇུག་པ་ནི་རྩོམ་རིག་གསར་རྩོམ་དང་རྩོམ་རིག་སྣང་ཚུལ་གྱི་ཚད་གཞི་གཟུག་མཁན་དང་སྣེ་སྟོན་མཁན་ཡིན་པས། གྲི་དང་རྡར་གྱི་དཔེ་ཇི་བཞིན་རྩོམ་རིག་གསར་རྩོམ་དང་རྩོམ་རིག་དཔྱད་བརྗོད་ནི་གཅིག་ལ་གཅིག་བརྟེན་དང་གཅིག་ཕན་གཅིག་གྲོགས་ཀྱིས་ཕན་ཚུན་ཁ་འབྲལ་མི་རུང་། འདི་ལྟར་བྱས་ཚེ་ད་གཟོད་བོད་ཀྱི་སྙན་ངག་གསར་བའམ་རྩོམ་རིག་གསར་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་དང་སྣ་མང་ཕུན་ཚོགས་ཅན་དུ་ཕྱིན་ནས། གཞན་ལ་ངོམ་རི་བའི་གྲུབ་འབྲས་ལེན་སྲིད་ཅིང་འཛམ་གླིང་རྩོམ་རིག་གི་སྐྱེད་ཚལ་ཡངས་པོའི་ཁྲོད་དུ་སྔར་ལས་བཀྲག་མདངས་དང་བཅས་གནས་སྲིད་དོ།།
མཆན།
①韩作荣:《诗歌讲稿》[M] 北京:昆仑出版社,2007年1月。P201
②དམངས་ཀྱི་ཐ་ཤལ་རང་བཞིན།(国民劣根性)སྤྱི་ཚོགས་འཕེལ་རྒྱས་ཀྱི་བཀག་རྡོར་གྱུར་པའི་དམངས་ཀྱི་རང་སྟེང་གི་མི་སྡུག་ངན་རུལ་གྱི་ཆ་དག་སྟེ། དཔེར་ན། མཁྲེགས་འཛིན་དང་རྨོངས་པ། འཐོམ་སྦྲིད། སྒྱིད་ལུག ཚུལ་འཆོས། རང་མགོ་རང་གཡོག བྲན་གཤིས། བརྗེད་སྐྱེན་པ་ལྟ་བུའོ།།
③བྲན་ཁོལ་མཚན་ཉིད་རིག་པ།(奴性哲学)རྐྱེན་ངན་བར་ཆད་དམ་ཁྲིམས་མེད་ལུགས་མེད། བརྙས་དམོད་ཁྱད་གསོད་སོགས་རང་ལ་གནོད་པའི་རྐྱེན་དང་འཕྲད་ཚེ། དེ་ལ་རྒོལ་བའམ་ངོ་ཡ་བྱེད་མི་ཕོད་པར། བྲན་ནམ་ཁོལ་བོ་བཞིན་དུ་མགོ་སྒུར་ཁས་ལེན་བྱེད་པའི་ལྟ་སྤྱོད་ཅིག་ལ་ཟེར།
④陈嘉明:《现代性与后现代性十五讲》[M] 北京:北京大学出版社,2009年11月印。P4
⑤杨春时:《现代性与中国文学思潮》[M] 北京:生活•读书•新知三联书店,2009年6月印。P3
⑥杨春时:《现代性与中国文学思潮》[M] 北京:生活•读书•新知三联书店,2009年6月印。P3
⑦流沙河:《十二象》ཞེས་པའི་དེབ་ཀྱི་ནང་དུ་ཡིད་བརྙན་ལ་གོ་དོན་གཉིས་ཡོད་པར།“表意的象”དང“意和象”ཞེས་བྲིས་འདུག
⑧韩作荣:《诗歌讲稿》[M] 北京:昆仑出版社,2007年1月印。P210
⑨邹建军选编:《20世纪中国文学史文论精华:新诗卷》[M]石家庄:河北教育出版社,2000年12月印。 P368
⑩བདུད་ལྷ་རྒྱལ། 《 འཚོལ་རྟོག་སྙིང་སྟོབས》 [M] ཁོན་མིན། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ6པར་དཔར། ཤ132
བདུད་ལྷ་རྒྱལ། 《 འཚོལ་རྟོག་སྙིང་སྟོབས》 [M] ཁོན་མིན། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2004ལོའི་ཟླ6པར་དཔར། ཤ134
沈天鸿:《现代诗学:形式与技巧30讲》[M]北京:昆仑出版社,2005年5月印。P32
སྣང་བརྙན་དང་ཡིད་བརྙན་བར་གྱི་ཁྱད་པར་གོང་གི“ཡིད་བརྙན”ཞེས་པའི་དོན་ཚན་ལ་གསལ།
孙绍振:《文学性讲演录》[M] 桂林:广西师范大学出版社,2007年5月印。P292
沈天鸿:《现代诗学:形式与技巧30讲》[M] 北京;昆仑出版社,2005年5月印。P232
沈天鸿:《现代诗学:形式与技巧30讲》[M]北京:昆仑出版社,2005年5月印。P54
ལྗང་བུ། 《 སྙན་རྩོམ་གཟི་མིག་དགུ་པ》 [M] ཞང་ཀང་གྱི་ལིང་དཔེ་སྐྲུན་ཀུང་ཟི། 2001ལོའི་ཟླ11པར་དཔར། ཤ130-131
ལྗང་བུ། 《 ལྗང་བུའི་རྩོམ་བཏུས•སྙན་ངག་དེབ》 [M]ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1996ལོའི་ཟླ3པར་དཔར། སྔོན་འགྲོའི་གཏམ་གྱི་ཤ1
《 ཕྱིར་རྟོག་དང་འཚོལ་སྙེག》 གངས་རྒྱན་མེ་ཏོག་རྩོམ་སྒྲིག་ཁང་གིས་བསྒྲིགས།[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ7པར་དཔར། ཤ224
དཔྱོད་པའི་བློ་མིག རྩོམ་སྒྲིག་འགན་འཁུར་པ། ཀླུ་འབུམ་རྒྱལ།