ཕ་ཡུལ་གྱི་རྐང་ལམ་རིང་མོ།

ཆབ་འགག་རྡོ་རྗེ་ཚེ་རིང་།(མཚོ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཨ་སྔོན་གཡུ་ཡི་འཁོར་ལོ།།

རྩིབས་མ་བརྒྱད་ཀྱི་འོག་དང་།།

དོག་མོ་གསེར་གྱི་པད་མོ།།

འདབ་མ་བརྒྱད་ཀྱི་ཐོག་ཏུ།།

ལྷ་ཆེན་ཚངས་པ་དཀར་པོས།།

ཐིག་རིས་དྲ་རྒྱ་འཐེན་འདྲའི།།

ལམ་ཆེན་ལམ་ཆུང་ཁྲོད་དུ།།

ཁྲི་གདུགས་འོད་སྟོང་འབར་བའི།།

གསེར་མདོག་ཉི་མའི་ཉི་ལམ།།

བཀྲ་ཤིས་ཚེས་ཆེན་བཅོ་ལྔའི།།

དུང་མདོག་ཟླ་བའི་ཟླ་ལམ།།

ལྷ་ལམ་དགུ་ཚིགས་རིང་མོའི།།

སྐར་ཚོགས་འབུམ་གྱི་སྐར་ལམ།།

རོག་མོ་གླག་གི་བཅུམ་ལམ།།

ཐང་དཀར་རྒོད་ཀྱི་འཕུར་ལམ།།

བསེར་མ་རླུང་གི་ལྡང་ལམ།།

ཆུ་འཛིན་སྤྲིན་གྱི་རྒྱུ་ལམ།།

དམར་པོ་གློག་གི་འཁྱུག་ལམ།།

སྦྲང་ཆར་ཟིལ་མའི་ཆར་ལམ།།

གཞི་བདག་དྲི་ཟའི་བསང་ལམ།།

མ་མོ་བཙན་གྱི་རྒྱུག་ལམ།།

ད་དུང་རྒྱ་ལམ་དབུས་ལམ།།

སྐོར་ལམ་ཚྭ་ལམ་ཚོང་ལམ།།

སྐྱ་ལམ་རྐང་ལམ་ཟོག་ལམ།།

མྱུར་ལམ་ལྕགས་ལམ་མཁའ་ལམ།།

ལམ་སྣ་མི་གཅིག་ཁ་ཁ།།

ལམ་མིང་མི་གཅིག་སོ་སོ།།

འགྲོ་ལམ་སྣ་ཚོགས་ཡོད་ཀྱང་།།

རྒན་གོག་བདག་གི་ཚེ་གཅིག་ལུས་གཅིག་ལ།།

དམར་ཆུང་སྙིང་ནས་འདོར་ཐབས་མེད་པ་གཅིག །

ཡ་ཆུང་སེམས་ནས་བརྗེད་རྒྱུ་མེད་པ་གཉིས།།

ཕ་ཡུལ་བོད་ཀྱི་རྐང་ལམ་རིང་མོ་ཡིན།།

ཅི་ཡིན་རྒྱུ་མཚན་གླེང་ན།།

ཡུལ་གྱི་རྐང་ལམ་རིང་མོ།།

ལམ་མགོ་ལྷ་ལ་ཐུག་ཡོད།།

ཡབ་ཆེན་རྒྱལ་པོའི་རུས་རྒྱུད།།

ལྷ་ལས་ཆད་དོན་དེ་ཡིན།།

ལམ་རྔ་ཀླུ་ལ་ཟུག་ཡོད།།

ཡུམ་ཆུང་བཙུན་མོའི་ཁྲག་རྒྱུད།།

ཀླུ་ལ་གཏུགས་དོན་དེ་ཡིན།།

ཕ་ཡུལ་བོད་ཀྱི་རྐང་ལམ་རིང་མོ་ཁྱེད།།

ས་སྟེང་འདི་ཡི་ལམ་གྱི་ཐོག་མ་ཡིན།།

རྐང་ལམ་རིང་མོར་འབོད་པའི་མགོ་མ་ཡིན།།

བསྐལ་པ་དང་པོ་ས་ལ་ཆགས་པའི་རྗེས།།

འགྲོ་བ་སེམས་ཅན་བྱུང་ནས་རིམ་བཞིན་དུ།།

གྲུབ་པའི་རྐང་ལམ་རིང་མོ་ཁྱེད་མེད་ན།།

ལམ་ཞེས་འབོད་པའི་མིང་ཡང་ཡོད་མ་ཡིན།།

ཕ་ཡུལ་གངས་ཅན་བོད་ཡུལ་གྱི།།

རྐང་ལམ་རིང་མོ་ཁྱེད་མེད་ན།།

རྒྱལ་པོ་སྲོང་བཙན་སྒམ་པོ་གཙོས།།

བོད་ཀྱི་བཙན་པོ་རིམ་བྱོན་རིང་།།

སློབ་དཔོན་ཐོན་མི་ལ་སོགས་པའི།།

ཉི་ཟླ་ལྟ་བུའི་མཁས་གྲུབ་ཚོས།།

དུས་གསུམ་སངས་རྒྱས་འཁྲུངས་པའི་ཡུལ།།

རྡོ་རྗེ་གདན་དུ་གྲགས་པའི་གནས།།

རྒྱ་གར་ཆོས་ཀྱི་ཕ་ས་ནས།།

འདོད་འབྱུང་ནོར་བུ་ལས་དཀོན་པའི།།

ཤཱཀྱ་ཐུབ་པའི་ནང་བསྟན་དང་།།

རིན་ཆེན་རིག་གནས་ཅི་རིགས་པ།།

གངས་ཅན་ལྗོངས་ལ་ཇི་ལྟར་འདྲེན།།

ཡུལ་གྱི་རྐང་ལམ་རིང་མོར།།

འབོད་པའི་ལམ་ཁྱེད་མེད་ན།།

བོད་ཀྱི་ཆོས་རྒྱལ་མེས་དབོན།།

རྣམ་པ་གསུམ་གྱི་དུས་སུ།།

སྲིན་པོ་གདོང་དམར་ཅན་གྱི།།

བོད་ཀྱི་རུ་དཔུང་བཙན་པོས།།

འཛམ་གླིང་སུམ་གཉིས་ས་ཡི།།

དཀྱིལ་འཁོར་དབང་གིས་འཛིན་དུས།།

མགྱོགས་འགྲོ་རྟ་མཆོག་སྟོང་གི །

སྐྱ་དམག་བྱེར་ལམ་གང་ཡིན།།

མི་ལོ་ཆིག་སྟོང་ཡར་སྔོན་ལ།།

རྐང་ལམ་རིང་མོ་ཁྱེད་མེད་ན།།

ཐུགས་རྗེ་ཆེན་པོའི་སྤྲུལ་བ་ཞེས།།

བཙན་པོ་སྲོང་བཙན་སྒམ་པོའི་དུས།།

མ་ཧ་ཙི་ནར་འབོད་པ་ཡི།།

ནག་པོ་རྒྱ་ཡི་རྒྱལ་ས་ནས།།

ཇོ་བོ་ཤཱཀྱ་མུ་ནེ་གཅིག །

བཟོ་རྩིས་སྨན་གྱི་རིག་གནས་གཉིས།།

ཀོང་ཇོ་སྒྲོལ་མ་སྔོན་མོ་གསུམ།།

རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ནས།།

བོད་ཀྱི་ཉི་མ་ལྷ་སའི་བར།།

ལམ་ཐག་རིང་མོ་རྒྱུ་དགོས་པས།།

གངས་ཅན་བོད་ལ་ཇི་ལྟར་བསུ།།

ཕ་ཡུལ་བོད་ཀྱི་ས་ཆ་ནས།།

རྐང་ལམ་རིང་མོ་ཁྱེད་མེད་ན།།

ཤ་རུས་གདུང་རྒྱུད་གཅིག་ཡིན་པའི།།

ང་ཚོའི་ཕ་མེས་ཡང་མེས་དང་།།

ཕུ་ནུ་སྤུན་ཟླ་མིང་སྲིང་ཚོས།།

དབུས་གཙང་དག་པའི་ཞིང་བཀོད་དུ།།

ཇོ་བོ་ཡིད་བཞིན་ནོར་བུ་དང་།།

སྐུ་མཁར་ཕོ་བྲང་པོ་ཏ་ལ།།

སེ་ར་འབྲས་སྤུངས་དགའ་ལྡན་གཙོས།།

མིང་གྲགས་ཅན་གྱི་དགོན་གནས་ལ།།

མཇལ་སྐོར་ཕྱག་སྐོར་གནས་སྐོར་ཆེད།།

ཉིན་ལམ་ཟླ་ལམ་ལོ་ལམ་ནང་།།

བཀྲེས་སྐོམ་དཀའ་སྡུག་མ་ལུས་པ།།

སེམས་ཀྱི་སྟོབས་ཤུགས་ལ་བསྒོམས་ཏེ།།

སེམས་ཅན་ཐམས་ཅད་སྡུག་བསྔལ་ལས།།

ཐར་བའི་སྐྱབས་འཇུག་ཇི་ལྟར་ཞུ།།

ཕ་ཡུལ་བོད་ཀྱི་རྐང་ལམ་རིང་མོ་ཁྱེད།།

མེད་ན་སྟོད་ཕྱོགས་འབྲོག་གི་ཕ་ས་ནས།།

རྐང་བཞི་ཕྱུགས་ཟོག་རྟ་ནོར་ལུག་གི་ཁྱུ།།

རྩྭ་ཐང་སྤང་ལྗོངས་སྟེང་ལ་ཇི་ལྟར་འདེད།།

སྨད་ཕྱོགས་ཆུ་མ་རོང་གི་ཕ་ཡུལ་ནས།།

འགྲིག་གཞོང་རི་མོ་བྲིས་འདྲའི་རྣང་ཞིང་སྟེང་།།

སྟོན་ཐོག་འབྲུ་རིགས་གྲོ་ནས་སྲན་གསུམ་གྱི།།

ལོ་ལེགས་འབྲས་བུ་མཛོད་ལ་ཇི་ལྟར་འདྲེན།།

ཕ་ཡུལ་གྱི་རྐང་ལམ་རིང་མོ་ཁྱེད།།

སེམས་ཅན་གྱི་རྣམ་ཤེས་འཁོར་ས་ཡིན།།

མ་ཡུམ་གྱི་རྐང་ལམ་རིང་མོ་ཁྱེད།།

དལ་འབྱོར་གྱི་མི་ལུས་ཐོབ་ས་ཡིན།།

དགེ་སྡིག་གི་རྐང་ལམ་རིང་མོ་ཁྱེད།།

རྒྱུ་འབྲས་ཀྱི་རྒྱ་མ་དྲང་ས་ཡིན།།

འགྲོ་དྲུག་གི་རྐང་ལམ་རིང་མོ་ཁྱེད།།

ཡིག་དྲུག་གི་མ་ཎི་འདོན་ས་ཡིན།།

དུས་གསུམ་གྱི་རྐང་ལམ་རིང་མོ་ཁྱེད།།

དར་རྒུད་ཀྱི་ལོ་རྒྱུས་འབྲི་ས་ཡིན།།

སྲོལ་རྒྱུན་གྱི་རྐང་ལམ་རིང་མོ་ཁྱེད།།

རིག་གནས་ཀྱི་མེ་ཏོག་བཞད་ས་ཡིན།།

བདེ་སྐྱིད་ཀྱི་རྐང་ལམ་རིང་མོ་ཁྱེད།།

བརྩེ་དུངས་ཀྱི་རྨི་ལམ་འཁྲུངས་ས་ཡིན།།

མཛའ་གཅུགས་ཀྱི་རྐང་ལམ་རིང་མོ་ཁྱེད།།

མཐུན་སྒྲིལ་གྱི་ལ་རྒྱ་ངོམ་ས་ཡིན།།

འཇིག་མེད་ཀྱི་རྐང་ལམ་རིང་མོ་ཁྱེད།།

མ་འོངས་པའི་རེ་བ་བཅོལ་ས་ཡིན།།

བཀྲ་ཤིས་ཀྱི་རྐང་ལམ་རིང་མོ་ཁྱེད།།

བདེ་ལེགས་ཀྱི་ཕྱྭ་གཡང་འཁོར་ས་ཡིན།།

ཕ་ཡུལ་གྱི་རྐང་ལམ་རིང་མོ་ཁྱེད།།

རྒན་པོ་ངའི་སེམས་ཀྱི་དྲན་ཤིང་ཡིན།།


རྩོམ་ཡིག་སྔོན་མ།
2018.04
རྩོམ་ཡིག་རྗེས་མ།
སྨོན་ཚིག་ཚིགས་བཅད་གསུམ་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1