སྨོན་ཚིག་ཚིགས་བཅད་གསུམ་མ།
སྟོབས་ལྡན།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18
ༀ་བདེ་ལེགས་སུ་གྱུར་ཅིག །
ཕྱི་ནང་རིག་པའི་ནོར་གྱིས་རང་རྒྱུད་ཕྱུག །
བླ་མེད་རིན་ཆེན་ཡོན་ཏན་གཤིས་སུ་གྲུབ།།
ཚོགས་དབུས་ཆེར་འཕགས་སྡོངས་གྲོགས་དམ་པ་འདི།།
ཡང་དག་ལམ་དུ་ཁྲིད་ཅིག་འཇམ་པའི་དབྱངས།།
བསམ་པ་དཀར་པོ་གངས་དཀར་རི་ལས་ལྷག །
སྡིག་སྤོང་དགེ་སྒྲུབ་ལས་ལ་རྒྱུན་མར་བརྩོན།།
གཤིས་འཇམ་གཞུང་བཟང་གྲོགས་ཀྱི་དྭངས་མ་འདི།།
ཡང་དག་ལམ་དུ་ཁྲིད་ཅིག་སྤྱན་རས་གཟིགས།།
རང་གཞན་འཚེ་བ་འགོག་པའི་སྟོབས་དང་ལྡན།།
ཀུན་ཕན་ལས་དོན་གཉེར་བའི་སྙིང་སྟོབས་ཅན།།
སྤོབས་པའི་གདེང་ལྡན་ཡིད་ཀྱི་གྲོགས་མཆོག་འདི།།
ཡང་དག་ལམ་དུ་ཁྲིད་ཅིག་གསང་བའི་བདག །
བཀྲ་ཤིས། དགེ་ལེགས་འཕེལ།
༢༠༡༧.༡༠.༢༥