ལི་ཞང་ཐོག་ཁང①དུ་གྲོགས་པོ་ཞིག་ལ་སྐྱེལ་མ་ཞུས་པ།

ལྡོང་ཕྲུག(མཚོ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཁྲི་གའི་ཡུལ་དུ་གནའ་བོའི་རྨ་ཀླུང་ནི།།

སྔོ་མེར་དལ་བུའི་འགྲོས་ཀྱིས་ཤར་དུ་བཞུར།།

བཅུ་གཉིས་ཉིན་ལ་ལི་ཞང་ཐོག་ཁང་དུ།།

སེམས་ཀྱི་གྲོགས་ལ་གྱེས་ཁའི་སྟོན་མོ་བཤམས།།

བཅུད་ལྡན་ཟས་ཀྱི་སྡེར་ཁ་ཉུང་ན་ཡང་།།

མ་བཅོས་སྙིང་གི་གཏམ་གླེང་བྱུར་བུར་སྤུངས།།

འཕྲད་ནས་བགྲང་བྱ་གཉིས་ཀྱང་མ་འགོར་བར།།

གློ་བུར་འབྲལ་དགོས་བྱུང་བ་བསམ་ལས་འདས།།

ཁྲི་གའི་ཡུལ་དུ་རྟེན་རྙིང་མང་ན་ཡང་།།

མཆོད་རྟེན་དཀར་པོའིལོ་རྒྱུས་སྲིད་ན་རིང་།།

རྨ་འགྲམ་ཡུལ་དུ་མི་ཚོགས་སྟུག་ན་ཡང་།།

གྲོགས་ཁྱེད་གཅིག་པུ་ཁོ་བོའི་སེམས་སུ་ཟུག །

བརྗོད་པར་མ་ནུས་སེམས་ཀྱི་གསང་བ་དག །

སྙན་འཇེབས་རྒྱུད་མངས་དབྱངས་ཀྱིས་མཁའ་ནས་བརྡོལ།།

དར་ཅིག་སྨྲ་བ་བསྡམས་ཏེ་རྣ་བ་བླགས།།

གདོང་ལ་འཁྲེང་བའི་རྣམ་འགྱུར་ཅི་ཡང་གསལ།།

ཁོ་བོ་འཁྱག་ཟས་ཟ་རྒྱུར་རངས་པའི་རྐྱེན།།

དབང་མེད་ཁྱེད་ལའང་བཤམས་པ་མཐོལ་ལོ་བཤགས།།

ཆང་ཚབ་ཇ་ཡིས་བྱས་པའི་རྣམ་པ་འདིས།།

སེམས་ཀྱི་གདུང་བ་བསྐྱུད་ཐབས་ཡོད་དམ་ཅི།།

མེ་ཏོག་དུས་སྟོནའགྱངས་མིན་བསླེབ་ངེས་མོད།།

སེམས་ཀྱི་དུས་སྟོན་དེ་དུས་གང་དུ་འཚོལ།།

ཡུན་རིང་བསགས་པའི་གདུངས་པའི་མཆི་མ་དག །

ནམ་ཞིག་ཞག་ཆར་ཟོལ་གྱིས་གང་དུ་འབབ།།

ཁོ་བོ་སེམས་པའི་གཏིང་ནས་བརྗེད་ཀྱང་ཆོག །

ལི་ཞང་ཐོག་ཁང་མ་བརྗེད་དེ་ཡིས་ཆོག །

སྔོན་གྱི་མཛའ་བརྩེ་ཡིད་ནས་ཡལ་ཡང་རུང་།།

སྐབས་དེའི་རྒྱུད་མངས་མ་བསྐྱུད་དེ་ཡིས་ཆོག །

ཁོ་བོ་ཁྲི་གའི་ཡུལ་དུ་སྔར་ནས་ལྷགས།།

རིན་བྲལ་ལོ་ཟླ་དུ་མ་དོན་མེད་འདས།།

ད་ཐེངས་གྲོགས་ཁྱེད་བྲལ་བའི་གདུང་ཡུས་འདི།།

སུས་ཀྱང་མ་ངེས་སེམས་པ་ཉིད་ལ་གསལ།།

ཁྲི་གའི་ཡུལ་འདི་འབྲི་ཆུའི་ལྷོ་རྒྱུད་དང་།།

མཚུངས་ཞེས་དེང་གི་མི་རྣམས་གཏམ་དུ་གླེང་།།

རྨ་ཀླུང་སྔོན་མོའི་དྭངས་ཤ་མཐོང་ཐེངས་རེར།།

གྲོགས་ཁྱེད་གཤིས་ཀ་ཡིད་ལ་ཝ་ལེར་དྲན།།

བྱང་ནས་སྨུག་སྤྲིན་དུམ་ཞིག་ལྡང་འོང་ཚེ།།

ཁྱེད་ཀྱིས་དེ་ནི་ཁོ་བོ་ཡིན་སྙམ་གྱིས།།

ལྷོ་ནས་ཁུ་བྱུག་ལྷང་ལྷང་འདིར་ཕེབས་དུས།།

ཁོ་བོས་དེ་ནི་ཁྱེད་ཉིད་ཡིན་པར་འཛིན།།

མཆན།

ལི་ཞང་ཐོག་ཁང་ཞེས་པ་ནི། ཁྲི་གའི་རྨ་འགྲམ་དུ་ཡོད་ཅིང་རྒྱ་སྐད་དུ“梨乡楼”ཅེས་པ་དེའོ།།

མཆོད་རྟེན་དཀར་པོ་ནི་ཡོངས་གྲགས་སུ་མི་ཉག་མཆོད་རྟེན་ཟེར་ཞིང་། བོད་རྒྱལ་ཞེ་གཅིག་པ་ཁྲི་རལ་བ་ཅན་གྱི་དུས་སུ་བཞེངས་པར་གྲགས།

མེ་ཏོག་དུས་སྟོན་ཞེས་པ་ནི། ལོ་རེའི་ཧོར་ཟླ་གསུམ་པའི་ནང་ཁྲི་གར་སྤེལ་བའི་བྱ་འགུལ་ཞིག་སྟེ་རྒྱ་སྐད་དུ“梨花节”ཞེས་པ་དེའོ།།


རྩོམ་ཡིག་སྔོན་མ།
སྨོན་ཚིག་ཚིགས་བཅད་གསུམ་མ།
རྩོམ་ཡིག་རྗེས་མ།
ཡུམ་གཤིས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1