མི་ཟད་ངག་གི་དངོས་གྲུབ་སྩོལ་མཛད་པའི།།
ངག་དབང་ཚངས་སྲས་ལྷ་མོར་དང་བས་འདུད།།
འཛམ་གླིང་གཙུག་རྒྱན་ལྷ་ལྡན་གྲོང་ཁྱེར་དང་།།
སྤྱི་ལེ་བརྒྱ་ཕྲག་བཞི་ཡིས་ཆོད་པའི་གནས།།
མོན་ཡུལ་མཚོ་སྣའི་ལེགས་པོ་རོང་ཞེས་པ།།
ལྷོ་རུ་རྒྱ་གར་ནུབ་ཏུ་འབྲུག་པར་འབྲེལ།།
ས་ལ་ངོ་མཚར་དགེ་བཅུའི་དཔལ་ཡོན་འབར།།
ཡུལ་ལ་བཀྲ་ཤིས་དགེ་ལེགས་སྣང་བས་ཁྱབ།།
རླབས་ཆེན་ཚོགས་གཉིས་རྒྱ་ཆེར་བསགས་པ་ཡིས།།
རྨད་བྱུང་ཤེས་རིག་རིན་ཆེན་སྤུངས་པའི་མཛོད།།
དགེ་ལྡན་ལུང་རྟོགས་བསྟན་པའི་མངའ་བདག་མཆོག །
ཕྱག་ན་པདྨོ་ཚངས་དབྱངས་རྒྱ་མཚོ་མཆོག །
དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོ་མཆོག །
ལྷ་མིའི་མགོན་དུ་འཁྲུངས་པའི་གནས་མཆོག་གི །
ལྷུན་པོའི་དབུ་རྩེར་གངས་ཀྱི་ཅོད་པན་མཛེས།།
བརྗིད་ཆགས་རྫ་བྲག་ཕྲེང་དུ་བསྟར་བ་ནི།།
སྒྲོལ་མ་ཉེར་གཅིག་ལྷ་སྐུ་རང་བྱོན་འདྲ།།
སྐེད་དུ་ཚང་ཚིང་འཁྲིགས་པའི་ནགས་ཚལ་དང་།།
འདབས་ན་གཡུ་ཡི་མཎྜལ་ཕུལ་འདྲའི་སྤང་།།
ཨུ་རྒྱོའུ་ལ་སོགས་མེ་ཏོག་འཛུམ་པ་ཡི།།
མདུན་གྱི་དྭངས་གསལ་རང་རོང་མཚེའུ་ནི།།
གྲུ་འཛིན་ཕོ་བྲང་ཞོལ་གྱི་ཡིད་འཕྲོག་མ།།
མ་སྐྱེས་ཨ་མའི་དངུལ་དཀར་མེ་ལོང་ཡིན།།
དྲང་སྲོང་བསམ་གཏན་བསྟི་གནས་ཉམས་དགའ་བ།།
མཐོ་རིས་སྐྱེད་ཚལ་ལྟ་བུའི་མཛེས་ལྗོངས་སུ།།
ཀུན་ནས་སྒྲིབ་བྲལ་སྙན་ངག་གསར་བའི་ཁམས།།
ཀུན་རྟོག་སྒྱུ་མའི་རོལ་པ་འབྱམས་ཀླས་པ།།
ཕུལ་བྱུང་སྡེབ་སྦྱོར་སྙན་ཚིག་ནོར་བུའི་ཕྲེང་།།
རིག་རྩལ་མཁས་པའི་ངག་གི་མཆོད་པ་ཡིས།།
རིག་འཛིན་ཚངས་དབྱངས་རྒྱ་མཚོར་རྗེས་དྲན་ཕྱིར།།
རིག་འཛིན་དབང་མོའི་ཏམ་བུ་ར་ཡི་རྒྱུད།།
རིག་བྱེད་སོར་མོས་བདུངས་པའི་སྙན་འཇེབས་སྒྲ།།
གླུ་དང་གར་གྱི་སྟངས་སྟབས་དང་འགྲོགས་ནས།།
བརྩེ་བ་གདངས་སུ་གྱེར་བའི་དབྱངས་འགྲོས་ཀྱིས།།
དུངས་པའི་རླབས་ཕྲེང་སྐལ་ལྡན་ཡིད་དུ་བརྩེགས།།
བྱིན་རླབས་ཅན་གྱི་མོན་ཡུལ་བདུད་རྩི་འདི།།
བཀའ་ཆོས་དབང་ཆེན་རིག་སྔགས་མཐུ་སྟོབས་ཀྱིས།།
ཡུལ་འདིའི་འདྲེ་སྲིན་འདུལ་མཛད་སློབ་དཔོན་མཆོད།།
ཕུན་ཚོགས་སྡེ་བཞིའི་དགའ་སྟོན་རོལ་བར་ཤོག །
མ་སྐྱེས་ཨ་མས་བསྙལ་བའི་རྒུན་ཆང་འདི།།
ཆོལ་གསུམ་ལྷན་འཛོམས་སྙན་ངག་མཁན་རྣམས་དང་།།
གླུ་བྲོ་རོལ་མོ་གར་མཁན་མཛེས་མར་འདྲེན།།
རྩེ་དགའི་འདོད་པ་རྟག་ཏུ་འཇོ་བར་ཤོག །
བོད་ཇ་གཡུ་ལོ་རྐང་གཅིག་འཐུང་ཞོར་དུ།།
མོན་ཡུལ་སྣོད་བཅུད་ཞིབ་ཏུ་བཤེར་བཞིན་དུ།།
ཆུང་འདྲིས་ཟླ་བ་སྒྲོལ་མའི་མཛེས་སྡུག་ཞལ།།
རི་མོར་བྲིས་པའི་སྣུམ་ཚོན་གཟུགས་བརྙན་བཞིན།།
ཡིད་ཀྱི་མཚོ་མོར་འགོག་མེད་ཡང་ཡང་འཆར།།
ཡིད་སེམས་མཐུན་པའི་སྙིང་སྡུག་དགའ་མ་དང་།།
མི་འབྲལ་གཏན་དུ་འགྲོག་རྒྱུ་བྱུང་ན་བསམས།།
ཚེ་སྔོན་ལས་འཕྲོའི་མདུད་པ་མ་བཤིག་ན།།
སང་ལོར་མོན་ཡུལ་གླིང་ནས་འཕྲད་པར་ཤོག །
ཡིད་འགྱུར་རྩེན་པའི་ཚོར་ཤེས་འཇགས་ནའང་།།
སྙིང་གི་གཏམ་དང་རྨི་ལམ་མ་རྫོགས་པར།།
འཁྲེང་བའི་སེམས་ཀྱིས་སྨོན་ལམ་འདེབས་བཞིན་དུ།།
ཆོས་འཁོར་དཔལ་གྱི་ལྷ་སར་གྱེས་ཕྱག་ཕུལ།།
མོན་ཡུལ་ཨོ་རྒྱན་གླིང་གསོལ་མགྲོན་ཁང་དུ་བྲིས་པ་ཕྱིས་ཞིབ་ཏུ་བཅོས།
༢༠༡༨.༩.༢༩