མོན་ཡུལ་ལེགས་པོ་རོང་དུ་ཕྱིན་པའི་དྲན་ འཆར་བྲག་བརྐོས་རི་མོ།

ཨ་སྨྱོན།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ལྔ་གཅིགརྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི།།

སྒོ་གླེགས་གྲོལ་བའི་སྔ་དྲོའི་སྐབས་ཤིག་ཏུ།།

སྙུག་ཁ་ཡངས་པའི་བྷོ་ཊའི་རྩོམ་མཁན་དག །

ལྷོ་ཁའིཨེ་པ་ཚངདུ་སྔ་ཕྱིར་འཛོམས།།

ལྷན་འཛོམས་གང་དེའི་དམིགས་སའི་གནས་མཆོག་ནི།།

རྒྱལ་དབང་དྲུག་པའི་འཁྲུངས་གཞིས་ཕྱོགས་ལགས་ན།།

རླངས་འཁོར་བཞི་ཡིས་གྲུབ་པའི་རུ་ཚོགས་དེ།།

རྩེད་ཐང་མེས་པོའི་ཐང་ནས་ལམ་ལ་ཆས།།

མཁར་གྱི་ཐོག་མ་ཡུམ་བུ་གཡས་སུ་བསྐྱུར།།

རི་ལ་མཐོ་བ་ཤམ་པོ་གཡོན་དུ་བཞག །

འཕྲུལ་གྱི་འཁོར་ལོའི་བགྲོད་མཚམས་མ་ལྷོད་པར།།

ཆུ་གསུམ་སུམ་སྣ་མིག་གི་དཔྱིད་དུ་མངོན།།

མཚམས་རེར་ཁ་བའི་འདབ་མ་འཚུབ་ཅིང་འཕྱོ།།

ལན་རེར་ཆར་ཟིམ་རྒྱུན་བཟང་ངང་གིས་འཇོ།།

སྐབས་ཤིག་ཉི་འོད་དྲོན་མོས་ལུས་སེམས་གསོ།།

མཐོ་སྒང་ནམ་ཟླས་འཁོར་བའི་རང་མཚང་སྟོན།།

ལ་མོར་འགོ་དུས་རུས་སྦལ་འགྲོས་བཞིན་བུལ།།

ཐུར་ལམ་སྙེག་དུས་རྦབ་རྡོ་འགྲིལ་ལྟར་མྱུར།།

མྱུར་བུལ་རེས་སུ་འཁོར་བའི་རྟིང་མ་ལ།།

ལྷུན་རྩེ་ས་ཡི་དཀྱིལ་འཁོར་ཐོང་དུ་བསུས།།

མཐའ་བཞི་རི་རྒྱལ་ལྷུན་པོས་ཡོངས་སུ་བསྐོར།།

ཞོལ་དག་ཞིང་ས་གཤིན་པོའི་འདབ་གཤོག་ཡངས།།

བར་བར་གྲོང་ཚོའི་ཁང་བས་ལེགས་པར་བརྒྱན།།

མི་ཡི་ཡུལ་གྱི་སུམ་རྩེན་ཞེས་བྱར་གྲགས།།

གྲགས་པ་དེ་ཡང་ཕྱི་སྣོད་ཁོ་ནས་མིན།།

བཅུད་ཀྱི་མི་ལ་སྲོང་བཙན་འཕྲུལ་བློན་ཏེ།།

མགར་དང་ཐོན་མི་ལས་གཞན་དུས་ཕྱིས་ཀྱི།།

དྭགས་པོ་ལྷ་རྗེ་སོགས་ཀྱང་གནས་འདིར་འཁྲུངས།།

དང་བའི་ཡིད་ལ་དད་པའི་རྒྱན་འདོགས་ཞོར།།

ལྷོ་ལམ་རིང་མོ་གཅོད་པའི་བརྒྱུད་རིམ་ནང་།།

གནམ་འདེགས་ཀ་བར་བསྔགས་པའི་གངས་རི་དང་།།

རྐང་བཞི་གཟས་ལ་བཀྲམ་པའི་སྤང་གི་རི།།

དེ་ཡི་སུལ་ནས་བརྡོལ་བའི་ཆབ་ཀྱི་རྒྱུན།།

རྒྱུན་གྱིས་བསྐྱངས་པའི་གཤོང་གི་འདམ་རྩྭའི་ཆུ།།

སྤྲིན་དཀར་མངལ་དུ་སྦྲུམ་པའི་མཚོ་དང་མཚེའུ།།

གཅིག་ལས་གཅིག་ལྷག་མཐོ་སྒང་དཔལ་དུ་བཀྲ།།

བཀྲ་ཤིས་གླུ་དབྱངས་རྣ་བར་ཆེར་སྙན་དུས།།

གཞོགས་གཉིས་རྩིག་པ་དྲང་མོས་བཅད་པའི་ངོར།།

ཚངས་མགུར་བོད་རྒྱ་ཡི་གེས་ལེགས་བྲིས་པ།།

ཡིད་ཀྱི་དང་བ་འདྲེན་པའི་ལྕགས་ཀྱུར་འཕོས།།

འཕྲུལ་གཟུགས་དེ་ཡིས་ཐོག་དྲངས་མཚོ་སྣ་རྫོང་།།

ཁང་རྩེག་བཀོད་ལེགས་སྲང་བར་གཙང་ཞིང་དག །

ཚོང་ཟོང་ཀུན་འདུས་ཟས་བཅུད་ཡོངས་འཛོམས་པས།།

མགྲོན་ཚོགས་སྤྲིན་གྱི་འདུ་འགོད་བཞིན་དུ་འཁྲིགས།།

གནས་དེར་བྲལ་ནས་ཐང་ཆེན་འཕྲེད་གཏུབས་པར།།

སྤོས་ལ་ལྟ་ཅི་དེའུ་འབུར་ཆུང་བ་ཡང་།།

སྨུག་པའི་དར་གོས་ཆེན་པོས་ཡོངས་བཏུམས་ཚེ།།

སྐབས་ཤིག་འཆི་མེད་ལམ་དུ་རྒྱུ་འདྲ་བྱུང་།།

ཚོར་ཀློང་དེ་འདྲར་འཁྱམས་པའི་མཐའ་མ་ལ།།

ལུང་དང་གྲོག་ནང་འབབ་པའི་དབུ་བརྩམས་པར།།

ལྷ་བབས་ཐེམ་སྐས་དཔྱངས་འདྲའི་ལམ་གྱི་སྣེ།།

མཐོང་བྲལ་ལེགས་པོ་རོང་གི་མཐིལ་དུ་ཟུག །

ཁ་བའི་རྡུལ་མང་ལུད་ནས་ནགས་གསེབ་སླེབས།།

ནགས་ཀྱི་དྲ་བ་བྲེས་ནས་རི་གདོང་བཀབ།།

རི་ཞོལ་སྟག་མའི་མེ་ཏོག་སྣ་བརྒྱ་བས།།

འཛུམ་བག་གྲོལ་ཏེ་མགྲོན་བརྒྱ་མ་ལུས་བསུ།།

མཁའ་ལ་ཟུག་པའི་ལྗོན་པའི་རྩེ་མོ་དང་།།

ལམ་གྱི་འགྲམ་དུ་སྤྲེའུས་འཁྱུག་རྩལ་ངོམ།།

སྔོན་ནས་རེ་བའི་ལྷོ་མོན་ཁུ་བྱུག་གི །

གདངས་སྙན་དུས་སྐབས་འདི་འདྲར་ཐོས་པ་མཚར།།

ལུང་མཐིལ་འབབ་པའི་གཙང་ཆབ་སྔོན་མོ་ཡི།།

འགྲམ་གྱི་རྒྱུ་མ་འཁྱིལ་འདྲའི་གཞུང་ལམ་ཆེ།།

ཕུ་འདེད་བྱས་པར་དམིགས་སའི་མག་མང་གྲོང་།།

ཁོད་ཡངས་གནས་སུ་ལྷམ་མེར་ལྷང་ངེར་མཛེས།།

མགྲོན་ཁང་མདུན་སར་མོན་གྱི་བུ་བུ་མོས།།

མཚལ་ལྟར་དམར་བའི་ཆས་བཟང་ལེགས་སྤྲས་ཏེ།།

དཀར་གཙང་དར་དང་སྔོན་མོ་ནས་ཆང་གིས།།

བསུ་བ་བགྱི་དུས་མིག་ལས་མཆི་མ་དཀུ།།

མུན་པའི་ལྭ་བས་ཕྱི་སྣོད་བསྒྲིབས་དང་ལྷན།།

ཐང་ཆེན་དབུས་ཀྱི་སྲེག་ཟ་མཁར་མཆེད་པར།།

ཨ་ལོང་བསྐོར་འདྲའི་སྒོར་བྲོའི་སྟངས་སྟབས་ཀྱིས།།

ཕ་ཡུལ་སླེབས་འདྲའི་ཚོར་བས་རྒྱུད་ཀུན་ཕྱུག །

ལྷག་པར་ཁ་ལག་ཟ་བའི་བར་སྐབས་སུ།།

ཞལ་རས་ཟླ་བ་སྔོན་ཆད་མ་མཐོང་ཡང་།།

མཚན་སྙན་འབྲུག་སྒྲ་ཐོས་པའི་རྩོམ་མཁན་ཚོར།།

ཁ་བརྡ་གློད་པས་ཡིད་སེམས་ཁྱོན་ནས་བཟི།།

བཟི་ཚོར་རྒྱུན་གྱིས་མཚན་ཞག་ཕར་བསྐྱལ་ཏེ།།

ཉིན་མོ་གསར་བའི་གསེར་ཞལ་མངོན་མཇལ་བར།།

ས་གནས་དཔོན་རིགས་དུ་མ་བྱོན་དང་ལྷན།།

ལྷན་ཅིག་ཚོགས་འདུའི་རིམ་པ་བསྟར་ལ་བརྒྱུས།།

ལ་ལས་ཡུལ་གྱི་གནས་ཚུལ་མཚམས་སུ་སྦྱོར།།

འགའ་རེས་ལོ་རྒྱུས་གསང་བ་གསེད་དུ་འགྲོལ།།

སྐོར་ཞིག་མ་འོངས་བླང་བྱ་རིས་སུ་འགོད།།

ཀུན་ཀྱང་མཚོ་སྣ་སྒྲོགས་པའི་གནད་དུ་འབབ།།

མཐུད་དེ་གསར་རྩོམ་ལྟེ་གནས་བྱང་བུ་ཆེ།།

སྦྱིན་པའི་མཛད་སྒོ་སྤེལ་ཅིང་སྒེར་འབྲེལ་དང་།།

མཉམ་ལེན་པར་སོགས་བསྐྱོན་པའི་གོ་རིམ་ནང་།།

མཛའ་གཅུགས་མདུད་པ་སྔར་ལས་གྲིམ་པ་བྱུང་།།

སྒོས་སུ་ཆེད་ལས་མཁས་པ་གདན་འདྲེན་གྱིས།།

རྒྱལ་བ་ཚངས་དབྱངས་རྒྱ་མཚོ་དང་འབྲེལ་གྱི།།

ལོ་རྒྱུས་གསང་བའི་སྒོ་འཕར་ཕྱེ་བ་ལས།།

ཡིད་ཀྱི་མཁའ་ལ་ཤེས་བྱའི་རྒྱུ་སྐར་བརྩེགས།།

ཕྱི་དྲོའི་ཆ་དེར་རྒྱང་རིང་མདོ་སྨད་ནས།།

ཐོས་ཤིང་དད་ལ་མངོན་དུ་ཕྱོགས་པའི་ཡུལ།།

སྲིན་མོ་བྲག་ཅེས་བྱ་བའི་གནས་མཆོག་དེར།།

བགྲོད་པའི་ལས་སྐལ་ངེད་ཅག་སྐལ་བར་ཤར།།

གྲོང་དང་བྲལ་ཏེ་གཡོན་གྱི་བཤུལ་ནང་ཞུགས།།

བཤུལ་གྱི་སྣེ་མོ་ནགས་རིའི་རྐེད་དུ་ཟུག །

རྐེད་པར་བཟོས་པའི་འཁོར་ལྷས་གཞིར་སླེབས་པར།།

གཞི་རྒྱ་ཆེ་བའི་གནས་མཆོག་མིག་སྔར་ལྷམ།།

རྡོ་སྐས་བརྒྱུད་དེ་གྱེན་ནས་གྱེན་འཛེགས་ཚེ།།

ལམ་འགྲམ་སློབ་དཔོན་པད་མའི་མཚམས་རྡོ་དང་།།

རྟགས་བརྒྱད་རི་མོ་གསལ་བའི་རྡོ་ཕ་བོང་།།

དུག་སྦྲུལ་རང་བྱོན་བཅས་པ་གསལ་ལེར་མཐོང་།།

གཞན་དུ་བྲག་རྡོ་གཞི་རུ་སྐྱེས་པ་ཡི།།

འབྲུག་ཚང་འཁོར་ཤིང་དུ་གྲགས་ལྗོན་དབང་དང་།།

གནམ་ཐག་ཅེས་པར་འབོད་པའི་འཁྲི་ཤིང་དེ།།

གདོད་མའི་ནགས་ཚལ་རྒྱན་དུ་མཁའ་ལ་བསྲིངས།།

ལྷག་དོན་གུ་རུའི་དགུང་གྲངས་བཞི་ཟུང་གི །

ཞབས་རྗེས་དང་ནི་མཆོག་ནས་ཁྱུང་ཆེན་དང་།།

སྲིན་མོ་དམ་ལ་བཏགས་ཤིང་བསྒྲིལ་བ་ཡི།།

མགོ་དང་རུས་སྒྲོམ་གོར་མའི་གཟུགས་སུ་གསལ།།

ད་དུང་མཁའ་འགྲོའི་ཚོགས་ཞིང་དུར་ཁྲོད་ཆེ།།

འཇམ་དབྱངས་རལ་གྲི་ལ་སོགས་རང་བྱོན་དང་།།

རྒྱལ་དབང་དྲུག་པའི་དབང་མཆོག་གནང་སྐབས་ཀྱི།།

བཞུགས་ཁྲིའི་གནའ་ཤུལ་དག་ཀྱང་ཉམས་མེད་གནས།།

དེར་མཐུད་རྐེད་ལམ་ཡུད་ཙམ་བརྒྱུད་ཙ་ན།།

པོ་ཏི་སྟོང་ཕྲག་བརྩིགས་འདྲའི་བྲག་གི་ངོས།།

མུ་ཏིག་ཁྲི་ཕྲག་འཐོར་འདྲའི་རྦབ་ཆུའི་རྒྱུན།།

འགྲོ་མང་སྡིག་སྒྲིབ་སེལ་སླད་ཤར་མར་འབབ།།

ནམ་ཟླ་ཡག་ཤོས་འཕྲད་པའི་དུས་བཟང་ལ།།

རྦབ་ཆུའི་ཀློང་ནས་མར་མེ་མཆོད་རྐོང་བཅས།།

མཆོད་ཆས་སྣ་ཚོགས་སྐར་མདའ་ཆད་པ་བཞིན།།

མངོན་སུམ་མིག་ལ་ཤར་ཞེས་ཀུན་གྱིས་གླེང་།།

གླེང་གཞི་དེ་ཚོའི་རྒྱུན་ཐག་མ་བཅད་པར།།

ཕྱི་ཉིན་ཞོགས་པའི་ཉི་གཞོན་གདོང་བསུས་ནས།།

ཕྱོགས་མགྲོན་དག་ལ་མག་མང་ཡུལ་ཚོ་དང་།།

ཉེ་སའི་སྤྱང་ཚང་རོང་དུ་མཇལ་སྐལ་སྨིན།།

ལམ་གྱི་གཞོགས་ཟུང་རྐང་འཐུང་བྱེ་བས་བརྒྱན།།

རྩེ་མོར་བྱ་དང་བྱིའུ་ཡི་མགྲིན་གླུ་སྙན།།

ཀླུང་དུ་ཆུ་བོའི་ཤང་སྒྲ་ཕྱོགས་ཀུན་ཁྱབ།།

བདེ་ལྡན་ཞིང་གི་བཀོད་པ་དྲན་དུ་གསོ།།

སྒོ་ཆེན་འཛུལ་བར་མི་ཚད་རྡོ་རིང་དང་།།

མཁའ་འགྲོ་མ་ཡི་མྱོས་བུམ་རང་བྱོན་དེ།།

ཁ་གཏད་མ་ཡིན་ཕྱོགས་གཉིས་ལྷུན་གྲུབ་པ།།

གནས་འདིའི་གསང་རྣམ་མངོན་སླད་བཞེངས་དང་མཚུངས།།

རྡོ་སྐས་རྡོག་པས་གནོན་བཞིན་ཡར་ཕྱིན་ཚེ།།

སློབ་དཔོན་པད་འབྱུང་མཆོག་གི་གསོལ་ཐབ་དང་།།

བྱ་སྐད་བྲག་དང་རྡོ་རྗེ་ཕག་མོའི་བྲག །

མཁའ་འགྲོ་འབུམ་གྱི་བྲག་ཕུག་རིམ་པར་བསྟར།།

དེའི་གོང་གསང་བདག་དཔལ་རི་རང་བྱོན་དང་།།

གུ་རུ་ཆེན་པོས་སྒྲུབ་རྟེན་གནང་གྱུར་པའི།།

དུར་ཁྲོད་ལས་གཞན་ཁོང་གི་སྒྲུབ་ཕུག་བཅས།།

དད་ལྡན་དད་པའི་རྟེན་དུ་ལྷན་ནེར་མངོན།།

ཞོལ་གྱི་གྲམ་རྩར་སྤྱང་ཀིའི་གཟུགས་བརྙན་ཞིག །

གོར་མའི་གཞི་རུ་བབས་པའི་ཡང་མཐའ་རུ།།

གཡུ་ཆུ་ཞེས་བྱའི་བྱིན་རླབས་འབུམ་འཇོ་ཆབ།།

ཆུ་མིག་བརྒྱ་རྩར་འདྲེས་ནས་ཐུར་དུ་འབབ།།

འབབ་ལྡན་དེའི་འགྲམ་ནགས་ཀློང་མ་བཏང་བར།།

ཕྱི་ལམ་བརྒྱུད་པར་རྒྱལ་ཡུམ་སྒྲོལ་མའི་ཞིང་།།

ཞིང་མཆོག་གཡུ་ལོ་བཀོད་པར་ལན་གཅིག་ཏུ།།

ཕྱིན་འདྲའི་སྤྲོ་དགའ་ཟད་དུ་མེད་པ་རྒྱས།།

ལུས་ཀྱི་ལོ་འདབ་དུས་ཀྱི་རླུང་བུ་ཡིས།།

དེད་ནས་ཕ་སའི་པང་དུ་བདེར་འབྱོར་ཡང་།།

བྱིན་ཅན་གནས་དང་ལས་ཅན་གྲོགས་རྣམས་ཀྱི།།

བརྙན་བཟང་བྲག་བརྐོས་རི་མོ་བཞིན་དུ་ཟབ།།

རྟེན་འབྲེལ་མགོ་ནས་འགྲིག་པའི་དུས་བཟང་འདིར།།

རྩོམ་མཁན་རྩོམ་འབྲིའི་སྙུག་ཁ་རབ་ཡངས་ཤིང་།།

ལེགས་པོ་ལེགས་ཚོགས་ལམ་དུ་མྱུར་ཞུགས་ཏེ།།

རེ་འབྲས་ཡིད་བཞིན་སྨིན་པའི་བཀྲ་ཤིས་ཤོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1