གསོལ་བ་འདེབས་སྟངས་གཞན་ཞིག(ཞར་བཀོད་གཅིག)

རོང་བོ་དགེ་འདུན་ལྷུན་གྲུབ།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


བདག་གི་སེམས་ནི་རྣམ་པར་འཛིན།།

ལུས་ཀྱི་བ་སྤུ་གཡོ་བར་བྱེད།།

ཁྱེད་ནི་སྙིང་གི་ནགས་ཚལ་དུ།།

མ་ཆགས་ཆགས་པའི་ལྷའི་བུ་མོ།།

ཅི་ཞིག་ལྟར་ཏེ་ཁྱེད་ཀྱི་ལུས།།

མ་རྙོག་པ་ཡི་རྫིང་བུ་ཞིག །

བདག་གི་རྣམ་པར་ཤེས་པ་ཡི།།

ངང་བ་དེ་འང་དེ་ལ་འཁོར།།

ནམ་ཞིག་ཟླ་བའི་འོད་ཀྱི་ངོགས།།

འདྲིས་པའི་གདོང་ལ་གདོང་ཕྱོགས་ཏེ།།

ཡིད་ཀྱི་ཟེའུ་འབྲུའི་རྩེར་སྨིན་པའི།།

སྦྲང་རྩི་དང་མཚུངས་གཏམ་དེ་འབྱོ།།

ཀྭ་ཡེ་ཁྱེད་ཀྱི་སྤྲིན་གྱི་གོས།།

བདག་གི་རི་བོའི་པང་ལ་གཡོ།།

སྤྲིན་དེས་རྟག་ཏུ་གཡོགས་པའི་བདག །

ཁྱེད་ཀྱི་པང་ན་རྟག་ཏུ་ཉལ།།

གཟའ་གཏད་མེད་པའི་དམིགས་པ་ལ།།

རྟོག་པའི་ན་བུན་ཀུན་བྲལ་ཀྱང་།།

ཟིལ་བ་ལས་ཀྱང་དྭངས་པ་ཁྱེད།།

སྒྱུ་འཕྲུལ་ཆེན་པོའི་ཚུལ་དུ་བསླེབས།།

ཁྱེད་ཀྱི་ལས་དང་བསོད་ནམས་ཀྱི།།

རི་མོ་དེ་འང་གཟུགས་ཅན་དུ།།

འགྱུ་དང་འཆག་དང་འགྲེང་བ་ཡི།།

སྤྲུལ་བ་འདི་ཡང་སྤྲུལ་བ་འོ།།

རྣམ་པར་རྟོག་དང་མ་རྟོག་པའི།།

ཡུལ་དུ་མ་ཤོང་ཕྱི་ནང་གི །

བསམ་མི་ཁྱབ་པའི་ཡོན་ཏན་ལ།།

ཉིན་རེར་བདག་ཡིད་གཅིག་ཏུ་ཕྱོགས།།

ཞུ་མགུར།

སངས་རྒྱས་གཞན་ནས་མ་བཙལ་རང་གི་སེམས།།

རིག་པ་རྗེན་པ་འདི་ཡི་ཕ་རོལ་ན།།

གདོད་མའི་ཀུན་ཏུ་བཟང་བོ་མ་མཆིས་པས།།

རང་རིག་གཏན་གྱི་སྐྱབས་གནས་ཡིན་པར་གསུངས།།

སྒོ་ལྔའི་ཤེས་པ་ལྔ་ཡི་གཟུང་བྱའི་ཡུལ།།

འདོད་ཡོན་ལྔ་ཡི་མཛེས་དང་མི་མཛེས་དང་།།

ཞིམ་དང་མི་ཞིམ་རང་གི་སེམས་ལ་བལྟས།།

བལྟས་ཚེ་གཉིས་ཀ་སྟོང་བ་རོ་མཉམ་དུ།།

མ་ཤར་འཛིན་པ་མཁྲེགས་སོ་ཞབས་དཀར་བ།།

ད་ནི་ཅི་ཞིག་སྒོམ་ན་ཕན་ལགས་སམ།།

བྱ་ལམ་རྗེས་མེད་བཞིན་དུ་རང་སེམས་ཀྱི།།

འགྱུ་བ་གང་ལ་ཞེ་འཛིན་མ་བྱས་ཀྱང་།།

གཞི་ཡི་ངོ་བོ་མ་མཐོང་རྟོག་པས་བསྒྲིབས།།

དྲ་བ་འདི་ལས་ཐར་བའི་འཕྲང་གི་སྒོ།།

ཅིག་ཅར་བསལ་བའི་ཐབས་དེ་གང་ཞིག་ལགས།།

དུག་ལྔ་རང་སར་གྲོལ་ལ་རྩོལ་བཅས་ཀྱི།།

ཤུགས་དང་མ་འབྲེལ་ཚིག་དང་ཐ་སྙད་ཀྱིས།།

མི་ཟིན་ཟད་སར་འཁྱོལ་བར་གསུངས་ན་འང་།།

སེམས་དང་རིག་པའི་ཤན་ལ་འཐོམས་པ་གང་།།

ཇི་ལྟར་གཟེབ་འདིའི་རྒྱ་ལས་ཐར་རམ་ཀྱེ།།

སྣང་བ་བཅའ་བཅོས་མ་བྱས་རང་སར་བཞག །

དུག་ལྔ་རྗེས་འདེད་མེད་པར་དཔུང་ཆད་བྱས།།

ཡུལ་ལ་གཟའ་གཏད་མེད་པར་བསྐྱུར་ན་འང་།།

ཡིད་ཀྱི་གུད་དུ་གནས་འདྲའི་ང་ཡི་བ།།

སྒོ་རུ་མ་ཕྱུང་རྩོལ་མེད་ཆོས་ཉིད་སར།།

གྲོལ་བར་དཀའ་འོ་བླ་མ་ཞབས་དཀར་བ།།

མན་ངག་ཚིག་གིས་མ་རྙེད་རྟོག་གེ་བ།།

ཐ་སྙད་སྤྲོས་པའི་གཅོང་ལ་ལྟུང་བའི་ཚེ།།

ཡེ་གྲོལ་གཞི་ཡི་ཀ་དག་ངོ་ཤེས་ཤིང་།།

རང་བཞིན་གསལ་བའི་སྣང་ཚུལ་བརྡ་འཕྲོད་ནས།།

ཐུགས་རྗེ་ཀུན་ཁྱབ་རྩོལ་མེད་གདེང་རྙེད་དེ།།

གླང་བོ་ཁྱིམ་དུ་བཞག་ནས་གླང་བོའི་རྗེས།།

ནགས་སུ་འཚོལ་བའི་འཁྲུལ་བ་སྤོང་བ་ལ།།

བྱིན་རླབས་གནང་བ་མ་ཆུང་ཞབས་དཀར་བ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1