གླེང་སློང་།
གྲངས་མེད་བསྐལ་པར་ཚོགས་བསགས་སྒྲིབ་པ་སྦྱངས།།
ཉོན་མོངས་མུན་པའི་སྨག་ཆེན་དབྱིངས་སུ་དག །
ཡེ་ཤེས་ཉི་མ་སྟོང་ཕྲག་འབར་བའི་འོད།།
འགྲོ་བའི་སྟོན་པ་བླ་ན་མེད་པས་སྐྱོངས།།
སྐུ་གཟུགས་ཚིགས་དྲུག་སྨྱུག་མའི་ལྡེམ་ཤུགས་ལ།།
ཞལ་ཁྱིམ་དུང་ཟླ་དཀར་པོའི་མཛེས་སྡུག་རྫོགས།།
འཕྲང་རྒྱས་ནུ་འབུར་དུད་པའི་དབྱངས་ལྷ་མོས།།
འཛུམ་དཀར་ཚེམས་ཕྲེང་སུམ་ཅུས་དགོད་བཞིན་སྲུངས།།
འདི་ན་མཁས་པ་མགུ་བའི་ལེགས་བཤད་ཀྱི།།
ནོར་བུའི་ཕྲ་ཚོམ་སྤུངས་པ་མེད་ན་ཡང་།།
སྡེབ་ལེགས་སྙན་འགྱུར་དབྱངས་ཀྱི་རོལ་མོ་འབུམ།།
དཔྱོད་ལྡན་སྙན་དབང་གསོ་བའི་དཔྱིད་དུ་བསྡེབས།།
རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་བཞིན།།
རྨད་བྱུང་འཕྲིན་ལས་གདུགས་དཀར་བླ་ན་འཁོར།།
ལུགས་གཉིས་ཤིང་རྟས་རྒྱལ་སྲིད་སྐྱོང་མཁས་པའི།།
ཆོས་རྒྱལ་རྟོགས་བརྗོད་དཔྱིད་ཀྱི་ཆར་དཀར་འཇོ།།
རབ་བྱེད་དང་པོ།
གང་ཚེ་ཐུབ་པ་མཆོག་གི་སྤྱན་སྔ་རུ།།
དད་པའི་ས་ཆེན་སྤར་མོ་གང་ཕུལ་བས།།
རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་ཡིས།།
ཆེ་རྒུས་གཙུག་གིས་བཀུར་བ་དེ་ལ་འདུད།།
སྔོན་ཚེ་རྒྱ་གར་ལྷོ་ཕྱོགས་ག་ལ་བར།།
མོརྱའི་རྒྱལ་སྲིད་དབུ་འཕང་མཐོ་བ་བྱུང་།།
རྒྱལ་པོ་ཆེན་པོ་བིན་དུ་སྭ་ར་དང་།།
བྲམ་ཟེའི་བུ་མོ་ཡན་ལག་བཟང་མོ་བཤོས།།
རྒྱལ་སྲས་མཆོག་ཅིག་རིགས་ཀྱི་ལྗོན་པའི་རྩེར།།
སྤྱི་ལོ་སྔོན་གྱི་མེ་མཁའ་མེ་ལ་འཁྲུངས།།
མཚན་ཡང་ཡུམ་ཆེན་རང་གི་མོས་པ་བཞིན།།
མྱ་ངན་མེད་ཅེས་སྙན་པའི་དབྱངས་ཀྱིས་བོས།།
ཆུང་ངུའི་དུས་ནས་རིག་གནས་ཀུན་ལ་བསླབ།།
བློ་ཁོག་ཡངས་ཤིང་ཟབ་གསལ་ཤེས་རབ་རྣོ།།
ལུགས་ཀྱི་བསྟན་བཅོས་མང་པོ་ཐུགས་སུ་ཆུད།།
སྒྱུ་རྩལ་ཀུན་ལ་བྱང་ཞིང་མཁས་པར་གྱུར།།
ཨེ་མ་བསྐལ་པ་བཟང་ངོ་འཕགས་པའི་ཡུལ།།
ནག་ཕྱོགས་ཀླ་ཀློའི་མཚན་སྨག་རིང་དུས་འདིར།།
དགེ་ལེགས་བྱེ་བའི་གཟི་བྱིན་ལྷང་ངེ་བའི།།
སྲིད་པའི་སྒྲོན་མེ་མཆོག་ཅིག་འདི་ན་གསལ།།
ཡིན་ཡང་ཡབ་ཀྱི་ཟླ་བ་དཀར་པོའི་འོད།།
མཉམ་དུ་འཐུང་ཡང་སྐྱེད་ཡུམ་མི་གཅིག་པའི།།
སྤུན་ཆུང་སུ་སིམ་མི་འདོད་གཡེར་བག་ཆེ།།
ཕྲག་དོག་རལ་གྲིའི་སོ་ཁ་རྣོ་བ་བྱུང་།།
གང་གི་ཐུགས་དགོངས་མཐའ་དབུས་བྲལ་བའི་ཁམས།།
གཡོ་མེད་ལྷུན་པོའི་ཚད་དུ་རྫོགས་པ་དེས།།
མི་འདོད་རྣམ་འགྱུར་ཙམ་ཡང་ག་ལ་སྲིད།།
བརྩེ་བའི་ཕྱི་ཐག་མ་ལྷོད་དམ་པར་བྱས།།
དུས་ཀྱི་འཁོར་ལོའི་རྟ་མཆོག་བང་གིས་རྒྱུགས།།
རྒྱལ་སྲས་སེམས་དཔའི་ལང་ཚོ་དར་ལ་བབས།།
རྒྱལ་སྐྱོང་སྲིད་གཉེར་སོགས་ཀྱི་བྱ་བ་ཀུན།།
ངང་བས་ཆུ་ལས་འོ་མ་འབྱེད་བཞིན་བསླབ།།
ཡིན་ཡང་ཚེ་སྟོད་ངན་སྤྱོད་རིགས་ལ་འཁོར།།
ཡབ་ཀྱི་བརྩེ་བའི་དར་ཐག་ངང་གིས་ལྷོད།།
གཏུམ་པོ་མྱ་ངན་མེད་ཅེས་ཀུན་ལ་གྲགས།།
མངའ་བདག་རྒྱལ་པོའི་སྲིད་ཁྲིར་འོས་སམ་ཅི།།
རབ་བྱེད་གཉིས་པ།
དེའི་ཚེ་རྒྱལ་བློན་ཕྱི་ནང་གྲོས་ལ་བགྲོས།།
དྲང་སྲོང་ཆེན་པོ་གདན་དྲངས་ལུང་བསྟན་ཞུས།།
རྒྱལ་སྲས་ཐམས་ཅད་སྐྱེད་མོས་ཚལ་ལ་བོས།།
སྲིད་ཁྲིར་སུ་འཇོན་དེ་རིང་བརྟག་གོ་གསུང་།།
ཡུམ་གྱིས་འབྱོན་པར་བསྐུལ་ཡང་མི་འགྲོ་གསུང་།།
ཡབ་ཆེན་བདག་ལ་ཐུགས་བརྩེ་མེད་དོ་ཞུས།།
ཡིན་ཡང་ཡུམ་གྱིས་ནན་སྐུལ་བྱས་པའི་མོད།།
འབྱོན་པར་ཁས་བླངས་ཞལ་ཟས་གཏོང་གནང་ཞུས།།
གྲོགས་པོ་རཱངྷ་གུཔྷ་ལངས་ཏེ་ཡིས།།
བརྩེ་སེམས་ཆེན་པོས་ཕེབས་སྐྱེལ་ཞུས་པ་བཞིན།།
གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན་ལ།།
བཅིབས་ནས་གསེར་གྱི་གུར་ཅན་ཚལ་ལ་ལྷགས།།
རྒྱལ་སྲས་གཞན་རྣམས་གསེར་དངུལ་མཐོན་པོའི་ཁྲིར།།
ང་རྒྱལ་སྣང་བའི་དབུ་འཕང་བསྟད་དེ་བཞུགས།།
མྱ་ངན་མེད་ཀྱིས་རང་གི་སྟོད་དཀྲིས་ཀྱི།།
རས་ཡུག་བཏིངས་ནས་ས་ཆེན་གདན་དུ་མཛད།།
རྒྱལ་སྲས་རྣམས་ཀྱིས་གསེར་དངུལ་སྣོད་རྣམས་སུ།།
ཞལ་ཟས་རོ་བརྒྱའི་ཟས་ལ་ལོངས་སྤྱོད་མཛད།།
མྱ་ངན་མེད་ཀྱིས་ཡུམ་གྱིས་གནང་བ་ཡི།།
ས་ཡི་སྣོད་དུ་རང་གི་ཞོ་འབྲས་བཞེས།།
དེའི་ཚེ་མངའ་བདག་རྒྱལ་པོས་འདི་སྐད་གསུངས།།
ཚང་མས་གཟིགས་ཤིག་ཡེ་ཤེས་སྤྱན་གྱིས་གཟིགས།།
སུ་འཇོན་གསུང་རོགས་དྲང་སྲོང་བཏྶཇིབ།།
མ་འཁྲུལ་མ་ནོར་བདེན་པའི་གཟུ་བོ་གྱིས།།
དྲང་སྲོང་ཐུགས་ལ་རྒྱལ་སྲས་མྱ་ངན་མེད།།
འཇོན་པར་ཞུས་ཚེ་མངའ་བདག་མི་དགྱེས་པས།།
དྲང་པོར་ཞུ་བའི་སྤོབས་པ་མ་བྱུང་བས།།
མངའ་བདག་ཆེན་པོའི་ཞབས་ལ་འདི་སྐད་ཞུས།།
རྒྱལ་སྲས་སུ་ཡི་བཞོན་པ་མཆོག་ཡིན་ན།།
དེ་ནི་ཀུན་གྱི་ནང་ནས་མཆོག་གོ་གསུངས།།
རྒྱལ་སྲས་རྣམས་ཀྱིས་རང་ཉིད་གསེར་དངུལ་གྱི།།
ཤིང་རྟར་བཞུགས་པས་རང་ཉིད་མཆོག་གོ་འདོད།།
དེའི་ཚེ་མྱ་ངན་མེད་ཀྱི་ཐུགས་དགོངས་ལ།།
དཔའ་བོ་རྣམས་དང་རྒྱལ་པོ་ཆེན་པོ་རྣམས།།
བཞོན་པའི་མཆོག་ནི་གླང་ཆེན་ཡིན་པས་ན།།
རང་གི་བཞོན་པ་འདི་ནི་མཆོག་གོ་སྙམ།།
སླར་ཡང་མངའ་བདག་བིན་དུ་སྭ་ར་ཡིས།།
དྲང་སྲོང་ཆེན་པོས་ད་དུང་དཔྱད་མཛོད་ཞུས།།
དྲང་སྲོང་ཆེན་པོས་སུ་ཡི་བཞུགས་གདན་དེ།།
མཆོག་ཏུ་བསྔགས་པ་དེ་ནི་མཆོག་གོ་ཞུས།།
རྒྱལ་སྲས་གཞན་རྣམས་རང་གི་བཞུགས་གདན་ནི།།
གསེར་དངུལ་ཡིན་པས་གཞན་ལས་མཆོག་གོ་སྙམ།།
མྱ་ངན་མེད་ཀྱིས་རང་གི་བཞུགས་གདན་ནི།།
འཛིན་མ་ཉིད་དུ་ངེས་པས་མཆོག་གོ་སྙམ།།
དེ་ནས་སླར་ཡང་དྲང་སྲོང་ཆེན་པོས་ནི།།
རྒྱལ་སྲས་སུ་ཡི་སྣོད་དང་བཟའ་བཏུང་གི །
མཆོག་དེ་ངེས་པ་དོན་གྱི་མཆོག་ཡིན་པས།།
རྒྱལ་སྲས་དེ་ཉིད་རྒྱལ་བར་འགྱུར་རོ་སྨྲས།།
རྒྱལ་སྲས་གཞན་རྣམས་གསེར་དངུལ་སྣོད་ཀྱི་ནང་།།
བཏུང་བ་མངར་མོའི་སྟེང་ལ་མེ་ཏོག་བཞག །
དྲི་ཞིམ་ཕྱོགས་ཀྱི་མཐའ་ལ་ཁྱབ་པར་བྱས།།
རང་གི་སྣོད་དང་བཟའ་བཏུང་མཆོག་གོ་སྙམ།།
མྱ་ངན་མེད་ཀྱིས་གཙང་ཞིང་དག་པ་ཡི།།
ས་ཡི་སྣོད་དུ་ཟས་སུ་ཞོ་འབྲས་དང་།།
བཏུང་བ་གཙང་མ་ཆུ་ལ་བྱས་པ་ཡིས།།
དོན་དུ་གཞན་ལས་རྒྱལ་བ་གོ་བར་བྱས།།
ཆོས་ཉིད་བདེན་པའི་རང་ཞལ་གསལ་བྱས་ཀྱང་།།
ད་དུང་ཐེ་ཚོམ་འཁྱོག་ལ་འཕྱང་པ་ཡི།།
བདག་འཛིན་གདོན་གྱིས་བསླུས་པ་དག་ལ་ནི།།
གསལ་དག་གཉིས་མེད་མེ་ལོང་གཞན་ཡོད་མིན།།
རབ་བྱེད་གསུམ་པ།
མངའ་བདག་རྒྱལ་པོས་དབང་མཛད་མངའ་སྡེ་རུ།།
རྒྱལ་ཕྲན་རེ་རེར་རྒྱལ་པོ་གཅིག་རེ་བསྐོས།།
རྒྱལ་པོས་གཟིགས་སྐྱོང་དེ་ཙམ་མེད་ན་ཡང་།།
མྱ་ངན་མེད་ནི་ཨུཇྗེན་རྗེ་བོར་བསྐོས།།
མྱ་ངན་མེད་ཀྱང་བཀའ་ལུང་སྤྱི་བོར་བཀུར།།
སྤུན་མཆེད་བར་ལ་ང་ཆེ་ང་བཙན་མེད།།
མ་འོངས་རྒྱལ་སྲིད་གསེར་གྱི་སྒོ་མོ་ཆེར།།
ཕྱི་ནང་འཁོར་གཡོག་མང་པོས་བསྐོར་ཏེ་ཕྱིན།།
ལམ་བར་བི་དི་ཤཱ་ཡི་གྲོང་ཁྱེར་ནས།།
ཉིན་ཤས་བཞུགས་རིང་དེ་གའི་ས་བདག་དང་།།
ནོར་ཅན་རྣམས་ཀྱིས་གུས་བཀུར་ཆེན་པོའི་ངང་།།
གསོལ་སྟོན་བཤམས་ཤིང་དགའ་སྐྱིད་དཔལ་ལ་རོལ།།
ཚེ་སྔོན་ལས་ཀྱི་སྨོན་ལམ་མཐུ་བཙན་པས།།
དེ་གའི་ནོར་ཅན་བུ་མོ་ལྷ་མོ་ཞེས།།
མཛེས་སྡུག་ཡིད་འཕྲོག་ཚངས་པའི་སྲས་མོ་དེར།།
ཕན་ཚུན་མཛའ་བའི་མདུད་པ་ཐེབས་པར་གྱུར།།
སྤྱི་ལོ་སྔོན་གྱི་མིག་ཀླུ་འབྱུང་བའི་ལོར།།
ཆང་ས་བརྒྱབ་སྟེ་མཉམ་དུ་ཨུཇྗེན་བྱོན།།
རྒྱལ་སྲིད་ཁུར་དུ་བཞེས་ནས་མངའ་འབངས་བསྐྱངས།།
བདེན་ལུགས་ཚུལ་བཞིན་སྲུང་བའི་ལས་ལ་འབད།།
ཆང་ས་བརྒྱབ་ནས་ལོ་གཅིག་འདས་པའི་རྗེས།།
རིགས་ཀྱི་བཙུན་མོར་རིགས་ཀྱི་སྲས་པོ་འཁྲུངས།།
དེ་ནས་ལོ་གཉིས་འདས་རྗེས་སྲས་མོ་ཞིག །
འཁྲུངས་པའི་མཚན་ལ་དགེ་འདུན་བཤེས་སུ་གསོལ།།
སྔ་མ་གནས་བརྟན་ཆེན་པོ་མཧིནྡྲས།།
ལིངྒའི་ཡུལ་དུ་དམ་ཆོས་རྒྱ་ཆེར་སྤེལ།།
ཕྱི་མས་དགེ་སློང་མ་ཡི་ཚུལ་བཟུང་ནས།།
དགེ་སློང་མ་ཡི་གཞི་རྟེན་རྒྱ་ཆེར་བཙུགས།།
གང་ལ་གང་འདོད་དེ་ལ་དེ་བཞིན་དུ།།
དམ་ཆོས་སྦྲང་ཆང་མངར་མོས་བྲན་བྱས་པས།།
ཐར་འདོད་དཔྱོད་ལྡན་རྐང་དྲུག་བུང་བའི་ཚོགས།།
འཕུར་ལྡིང་གར་གྱིས་བྲེལ་བའི་མཐའ་མ་དམིགས།།
རབ་བྱེད་བཞི་པ།
སྐལ་བཟང་དུས་ཀྱི་ཉི་མ་ཤར་བ་ཡིས།།
མོརྱའི་རྒྱལ་སྲིད་མངའ་ཐང་ཆེན་པོར་རྒྱས།།
རྒྱལ་ཕྲན་མང་པོ་བྱུང་ཞིང་རྒྱལ་རྒྱུད་རྣམས།།
ཞི་དྲག་མཐོ་དམན་ཁྱད་པར་ཆེ་བ་བྱུང་།།
མོརྱའི་ནུབ་བྱང་ཕྱོགས་ཀྱི་རྒྱལ་ས་སྟེ།།
གྲོང་ཁྱེར་ཏཀྵི་ལ་ནས་གྱེན་ལོག་བྱུང་།།
རྒྱལ་པོས་བཀའ་ཡིས་རྒྱལ་སྲས་མྱ་ངན་མེད།།
ཏཀྵི་ལ་རུ་གྱེན་ལོག་བསྡུམ་པར་མངགས།།
མྱ་ངན་མེད་ཀྱི་དཔུང་ཚོགས་འཁོར་དང་བཅས།།
གྲོང་ཁྱེར་ཏཀྵི་ལ་རུ་སླེབས་པ་ན།།
གྲོང་ཁྱེར་བ་རྣམས་དཔག་ཚད་དུ་མའི་སར།།
བུམ་པ་ཆུ་ཡིས་བཀང་སྟེ་བསུ་བ་བྱས།།
སྐྱེས་བུ་དེ་དག་གུས་པ་ལྷུར་ལེན་གྱིས།།
བདག་ཅག་མངའ་བདག་རྒྱལ་པོར་ངོ་མ་ལོག །
རྒྱལ་པོའི་སྲིད་ལ་ཐེ་གཏོགས་ག་ལ་ཞིག །
མངའ་འབངས་ཡིད་སེམས་དཀར་པོ་དུང་ཡིན་ཞུས།།
འོན་ཀྱང་བློན་ངན་རྣམས་ཀྱི་བཙན་གནོན་འདི།།
ཕལ་བའི་འབངས་ཀྱི་མགོ་བོས་ཐེག་མིན་པས།།
ཡིད་ཆེས་འཇོན་ཐང་ལྡན་པའི་སྲིད་བློན་རེ།།
རེ་ལྟོས་ཁམ་བུའི་ཤིང་ལ་སྨིན་ཡོད་ཞུས།།
རྒྱལ་སྲས་ཆེན་པོ་མྱ་ངན་མེད་པ་དེས།།
ཏཀྵི་ལ་ཡི་གྱེན་ལོག་ཞི་བདེར་བཀོད།།
གྲོང་ཁྱེར་པཱཊ་ལི་པུཏྲར་ཉིན་ཤས་བཞུགས།།
དེ་རྗེས་སླར་ཡང་གྲོང་ཁྱེར་ཨུཇྗེན་ཕེབས།།
མི་རྟག་དུས་ཀྱི་ཞགས་པ་ཐེབས་པས་ན།།
སྐྱེ་བོ་སུ་ཞིག་བྲོས་ནས་ཐར་བར་འགྱུར།།
མངའ་བདག་ཆེན་པོ་བིན་དུ་སྭ་ར་ཡི།།
ཚེ་ཡི་འཕེན་པ་རྫོགས་པའི་དུས་ལ་བབས།།
མངའ་བདག་རྒྱལ་པོས་རང་གི་སྲིད་ཁྲི་ལ།།
རྒྱལ་སྲས་སུ་སིམ་བསྐོ་བར་འདོད་ནའང་།།
བློན་པོའི་ཚོགས་ནི་དེ་ལྟར་མི་འདོད་པས།།
ས་ཐག་རིང་པོར་རྐྱེན་བྱས་བརྡ་མ་སྦྲན།།
དེ་འཕྲད་རྒྱལ་སྲས་མྱ་ངན་མེད་པ་ལ།།
འཕྲིན་པ་བཏང་བ་བཞིན་དུ་མྱུར་མྱུར་སླེབས།།
ཡབ་ཆེན་སྐུ་ཡི་འདུ་བྱེད་གཏོང་ཉེ་བས།།
རིག་རིག་སྤྱན་གྱིས་རྒྱལ་སྲས་སུ་སིམ་བཙལ།།
རྒྱལ་སྲས་སུ་སིམ་གར་ཡོད་རྟོགས་མ་བྱུང་།།
ཕན་ཚུན་སྨྲ་བརྗོད་མགྲིན་པ་དུས་ཀྱིས་འགགས།།
དེའི་ཚེ་རྒྱལ་པོས་རང་གི་ཅོད་པན་མཆོག །
ཕུད་ནས་མྱ་ངན་མེད་ཀྱི་དབུ་ལ་བསྐོན།།
མོརྱའི་རྒྱལ་སྲིད་ཡོངས་ཀྱི་བདག་པོ་ནི།།
མྱ་ངན་མེད་ཅེས་སྤྲིངས་ཡིག་ཕྱོགས་ན་རྒོད།།
འབངས་རྣམས་དགའ་བའི་མེ་ཏོག་ཕྲེང་བ་ཡིས།།
གྲོང་དང་གྲོང་ཁྱེར་མ་ལུས་བདག་གིར་བྱས།།
རབ་བྱེད་ལྔ་པ།
ཡབ་ཆེན་ཞི་བའི་དབྱིངས་སུ་གཤེགས་པ་དང་།།
རྒྱལ་སྲིད་མྱ་ངན་མེད་ཀྱིས་བཟུང་བ་སོགས།།
གཏམ་གྱི་ཚེར་མ་གཟེངས་ཤིང་རྣོ་བ་དག །
སུ་སིམ་སྙིང་ལ་ན་ཟུག་སྟོང་གིས་ཟུག །
སེམས་ཀྱི་མཁར་རྫོང་ནག་པོའི་ཀློང་རུམ་ལ།།
ངམ་གནག་མེ་ལྕེ་གཡོ་བའི་རླུང་བཟུང་ནས།།
དྲག་པོའི་མཚོན་ཆ་འབར་བའི་དཔུང་དང་བཅས།།
ནུ་བོ་མྱ་ངན་མེད་ལ་སྲོག་གིས་རྒོལ།།
དེ་ལྟ་ན་ཡང་གཏུམ་པོ་མྱ་ངན་མེད།།
དྲག་པོ་དམག་གི་ལས་ལ་འཇོན་པ་སྟེ།།
མི་འཇིགས་སྟོབས་ཀྱི་དཔུང་ཚོགས་གྲ་སྡེབ་ཀྱིས།།
སུ་སིམ་འཁོར་ཚོགས་འབྲས་སྙེ་ས་ལ་བསྙིལ།།
མི་འདོད་དམག་གི་ལས་ནི་རྩུབ་པ་སྟེ།།
འཇམ་པོའི་རལ་གྲི་བརྡར་བ་སྲོག་ལེན་ཡིན།།
རང་ལ་གཅེན་གཅུང་བརྒྱ་ཙམ་ཡོད་པ་ལས།།
སུ་སིམ་ཕྱོགས་གཏོགས་མ་ལུས་ཚར་གཅོད་བྱས།།
མོརྱའི་རྒྱལ་སྲིད་ཀ་བ་བརྟན་པ་དང་།།
མངའ་ཐང་སྐྱོན་མེད་མཚོ་ལྟར་རྒྱས་པ་ལ།།
ཕུ་བོ་སུ་སིམ་ལམ་གྱི་དགྲར་མཐོང་ནས།།
བརྩེ་མེད་རལ་གྲི་རྣོན་པོའི་ངར་ལ་དྲངས།།
ལྷོ་ཕྱོགས་སྟོབས་ཤུགས་མ་ལུས་བདག་གིར་བཟུང་།།
ཕྱི་འབྲེལ་བཙུགས་ནས་མངའ་ཐང་རྒྱ་བསྐྱེད་བྱས།།
པཱཊ་ལི་པུ་ཏྲའི་ཡུལ་གྱི་དམག་རྣམས་ཀྱང་།།
དབང་བསྒྱུར་རང་གི་བཀའ་ལ་གཏོགས་པར་བྱས།།
སྔོན་ཆད་མེས་པོ་ཟླ་གསང་སྐུ་རིང་ནས།།
ཡོངས་རྫོགས་དབང་སྒྱུར་མ་ནུས་ཀཤྨིར།།
དམག་དྲངས་དེ་ཡང་རང་གི་རྒྱལ་སྲིད་དུ།།
བཙུད་ཅིང་ལུགས་གཉིས་ཤིང་རྟའི་སྲོལ་ལ་གནས།།
མངའ་བདག་བིན་དུ་སྭ་རའི་སྐུ་དུས་སུ།།
འདུལ་བར་མ་ནུས་ཀལིངྐ་ཡི་ཡུལ།།
ཕུན་ཚོགས་སྡེ་བཞིའི་ནོར་གྱིས་སྙེམས་པ་དེར།།
དྲག་པོའི་དམག་དཔུང་དྲངས་ནས་སྟོབས་ཀྱིས་རྒོལ།།
ས་དེའི་ཡུལ་དམག་ཁྲི་ཚོ་བཅོ་ལྔ་ཙམ།།
མི་རྟག་ཕྱི་མའི་ཡུལ་ལ་མགྲོན་དུ་མངགས།།
ཡུགས་མོ་མང་པོ་མཉམ་དུ་རུབ་ནས་ངུ་།།
དྭ་ཕྲུག་མང་པོ་སྲང་མདོར་ཁྱི་ལྟར་འཁྱམས།།
ཚུལ་འདི་མཐོང་ནས་རྒྱལ་པོ་མྱ་ངན་མེད།།
ཤིན་ཏུ་འགྱོད་ཅིང་ཐུགས་ལ་བརྣག་པ་བྱུང་།།
འགྲོ་འཆག་ཉལ་འདུག་སྤྱོད་ལམ་རྣམ་བཞི་བོར།།
གཤིན་རྗེའི་འཕྲང་རིང་ལྟ་བུའི་གཡུལ་ས་མཐོང་།།
ཀལིངྐ་ཡི་དམག་ལས་རྒྱལ་བ་དེ།།
རང་ཉིད་ཤིན་ཏུ་ཕམ་པའི་ཚོར་བ་བྱུང་།།
ཕྱིན་ཆད་རྒྱལ་སྲིད་སྐྱོང་བའི་བྱ་བ་འདི།།
དགེ་བའི་དཔལ་དུ་བསྒྱུར་བའི་ཐུགས་སྨོན་འཁྲུངས།།
རབ་བྱེད་དྲུག་པ།
སུ་སིམ་སྲས་པོ་ནྱ་གྲོ་ངྷ་ནི།།
ནང་བའི་ཆོས་སྒོར་ཞུགས་ནས་བསླབ་སྡོམ་བཞེས།།
ཉིན་ཞིག་མྱ་ངན་མེད་ཀྱི་ཕོ་བྲང་མདུན།།
ལྷུང་བཟེད་བསྣམས་ཏེ་བསོད་སྙོམས་བྱེད་པ་མཐོང་།།
མྱ་ངན་མེད་ལ་བྱམས་སེམས་ཆེན་པོ་འཁྲུངས།།
བརྩེ་བས་གདན་དྲངས་འཇམ་པའི་གདན་ལ་བོས།།
དགེ་ཚུལ་རང་བཞིན་འཇིགས་སྣང་མེད་པའི་ངང་།།
མངའ་བདག་རྒྱལ་པོའི་སེང་ཁྲིའི་ཕྱོགས་སུ་ཐོན།།
མྱ་ངན་མེད་ལ་ངོ་མཚར་ཆེན་པོ་སྐྱེས།།
དེ་ནི་མངའ་བདག་རང་ཉིད་ཡིན་སྙམ་ཤར།།
ང་ཡི་སེང་ཁྲིར་འདི་ཉིད་བཞུགས་འགྱུར་ཞེས།།
མངའ་བདག་ཉིད་ཀྱིས་གསུང་གི་དབུགས་འབྱུང་བསྩལ།།
དགེ་ཚུལ་སེང་ཁྲི་མཐོན་པོར་འཛེགས་པ་དང་།།
དཀར་པོའི་གདུགས་ཀྱི་འོག་ཏུ་མཛེས་པར་བཞུགས།།
རྒྱལ་པོ་ཉིད་ཀྱིས་ཆེད་དུ་སྦྱར་བ་ཡི།།
ཟས་གོས་ཕུལ་ནས་ཞབས་ཏོག་ཕུལ་ཕྱིན་མཛད།།
གསོལ་ཚིགས་གྲུབ་རྗེས་དམ་པའི་ལྷ་ཆོས་ཀྱི།།
དྲི་བ་འགའ་ཞིག་ཕུལ་བར་དགེ་ཚུལ་མཆོག །
དགྱེས་བཞིན་ཆོས་ཀྱི་ཚིགས་སུ་བཅད་པ་ལས།།
དྲངས་ཏེ་ཟབ་ཅིང་རྒྱ་ཆེའི་ཆོས་བསྟན་ཏོ།།
མྱ་ངན་མེད་ཀྱི་སེམས་ཀྱི་ནམ་མཁའ་ལ།།
བྱམས་དང་བརྩེ་བ་ཆེན་པོའི་སྤྲིན་ཆེན་འཁྲིགས།།
ད་ནས་དམ་པའི་ཆོས་ལ་འཇུག་གོ་ཞེས།།
བསླབ་ཁྲིམས་ཁས་བླངས་དམ་བཅའ་སྙིང་ལ་བཀོད།།
དགེ་ཚུལ་ནྱ་གྲོ་ངྷ་ཕྱིར་ཕེབས་ཁར།།
མྱ་ངན་མེད་ཀྱིས་དད་པའི་ཕྱག་དང་བཅས།།
སྐྱེ་བོ་བརྒྱད་ཀྱི་ཞལ་ཟས་འབུལ་ལོ་ཞུས།།
ལན་དུ་རང་གི་མཁན་པོར་འབུལ་ལོ་གསུངས།།
མྱ་ངན་མེད་ཀྱིས་སླར་ཡང་ཟས་བརྒྱད་ཞུས།།
དེ་ནི་རང་གི་སློབ་དཔོན་ལ་འབུལ་གསུངས།།
དེ་ནས་སླར་ཡང་ཟས་བརྒྱད་ཞུས་པ་ན།།
དེ་ནི་དགེ་འདུན་ཚོགས་ལ་འབུལ་ལོ་གསུངས།།
མྱ་ངན་མེད་ཀྱིས་ཡང་བསྐྱར་དད་ཕྱག་གིས།།
ད་དུང་སྐྱེ་བོ་བརྒྱད་ཀྱི་ཟས་ཞུས་པར།།
བློ་གྲོས་མཆོག་དང་ལྡན་པའི་དགེ་སློང་དེས།།
རྒྱལ་པོས་ཞུས་པ་བཞིན་དུ་ཁས་བླངས་སོ།།
རྗེས་མའི་ཉིན་གུང་དགེ་ཚུལ་དགེ་སློང་གི །
རྟེན་ལྡན་སོ་གཉིས་བསུས་ནས་གསོལ་ཚིགས་དྲངས།།
མྱ་ངན་མེད་ཀྱིས་རང་གི་ནང་མི་དང་།།
ལྷན་ཅིག་སྐྱབས་འགྲོའི་སྡོམ་པ་རྒྱུད་ལ་བླངས།།
དེ་ནས་བཟུང་སྟེ་དམག་གི་གོ་མཚོན་སྤངས།།
བྱམས་དང་སྙིང་རྗེ་འཚེ་མེད་དགེ་བའི་ལས།།
གཅིག་ཏུ་བདག་གིར་བཞེས་ཤིང་བསླུ་མེད་ཀྱི།།
དཀར་པོའི་ཆོས་ལ་དཀར་པོའི་སེམས་ཀྱིས་སྦྱངས།།
ཕྱོགས་བཞིའི་རྒྱལ་ཕྲན་མང་པོ་དམ་ཆོས་ཀྱིས།།
དབང་བསྒྱུར་མཚུངས་པ་མེད་པའི་སྡེ་རུ་ཆགས།།
ཀུན་ཀྱང་འཚེ་མེད་ཞི་བའི་སེམས་དང་བཅས།།
བཀྲ་ཤིས་རྫོགས་ལྡན་དཔལ་ལ་རོལ་ཅིང་སྐྱིད།།
ཉེ་འབྲེལ་རྒྱལ་ཁབ་མང་པོར་དགེ་ཚུལ་གྱི།།
ཕོ་ཉ་མངགས་ནས་དཀར་པོའི་ལྷ་ཆོས་སྤེལ།།
ཚེ་མཇུག་དགེ་བའི་ལས་ལ་བསྔོས་པ་དེས།།
བརྒྱ་བྱིན་དགའ་བས་མེ་ཏོག་ཆར་དུ་བསྙིལ།།
ལུམྦིའི་ཚལ་དང་ཝ་ར་ཎ་སི་སོགས།།
སྟོན་པའི་ཞབས་ཀྱིས་བཅགས་ཤིང་བྱིན་རླབས་པའི།།
གནས་མཆོག་དག་ཏུ་ཆོས་ཀྱི་འགྲུལ་བཞུད་བྱས།།
རྟེན་དང་བརྟེན་པ་བཞེངས་ནས་དགེ་རྩ་བསྒྲུབས།།
རང་གི་རྒྱལ་སྲིད་ཡོངས་ལ་གཙུག་ལག་ཁང་།།
བརྒྱད་ཁྲི་བཞི་སྟོང་བཞེངས་ཤིང་མཆོད་རྟེན་ཡང་།།
གོང་གི་གྲངས་དང་མཚུངས་པར་ཕྱོགས་ཀུན་བཞེངས།།
ངུར་སྨྲིག་སྡེ་ཡིས་ས་ཆེན་ཁྱབ་པར་མཛད།།
དེ་ལྟར་རྨད་བྱུང་མཛད་པའི་འཕྲིན་ལས་ཀྱིས།།
མཆོག་གི་ཐུགས་སྨོན་མཐའ་དག་ལེགས་གྲུབ་ནས།།
སྤྱི་ལོ་སྔོན་གྱི་ལག་ཐིག་ལག་གི་ལོར།།
ཆོས་རྒྱལ་ཆེན་པོ་ཞི་བའི་དབྱིངས་སུ་གཤེགས།།
དེ་ལྟ་ན་ཡང་ལོ་རྒྱུས་སྒྱུ་མའི་འཕྲུལ།།
ཆེན་པོ་རྡོ་རིང་དག་ཏུ་བཞེངས་པ་དེས།།
དེང་ཡང་ཆོས་རྒྱལ་མཆོག་གི་རྣམ་པར་ཐར།།
བརྗོད་ལ་མཁས་མང་རོ་འཛིན་ངལ་མ་གྱུར།།
དེ་ལྟར་རྟོགས་བརྗོད་དཔྱིད་ཀྱི་ཆར་དཀར་ནི།།
རྩོམ་རིག་པད་ཚལ་རྒྱས་པའི་རྟེན་དུ་ཕབ།།
དགེ་བས་ཀུན་ཀྱང་འཚེ་མེད་ཞི་བདེའི་ངང་།།
སྙན་ངག་སྨྲ་ལ་ཟླ་དང་འབྲལ་བར་ཤོག །
—ཅེས་རྒྱ་གར་འཕགས་པའི་ཡུལ་གྱི་ཆོས་རྒྱལ་མྱ་ངན་མེད་ཀྱི་རྟོགས་པ་བརྗོད་པ་དཔྱིད་ཀྱི་ཆར་དཀར་ཞེས་བྱ་བ་འདི་ནི་ཨཱ་ཙརྱ་ཐུབ་བསྟན་བྱམས་པས་བསྒྱུར་བའི《 ཆོས་རྒྱལ་མྱ་ངན་མེད་ཀྱི་ལོ་རྒྱུས》ལ་གཞི་བྱས་ཏེ་སྤྱི་ལོ༢༠༡༨ལོའི་སྤྱི་ཟླ༧པའི་ཚེས༡༣ཉིན་མདོ་སྨད་ས་ཡི་ལྟེ་བ། རྩེ་གཞུང་སྐྱིད་པའི་སྨན་ལྗོངས་ཀྱི་རང་ཤག་དཔེ་མང་སྤུངས་པའི་ཚལ་ནས་སྦྱར་བའི་དགེ་བས་ཚེ་རབས་ཀུན་ཏུ་སྙན་ངག་སྨྲ་བའི་མགྲིན་པ་གཟེངས་སུ་མཐོ་བར་གྱུར་ཅིག