ཨཱརྱ་ཏཱ་རེ།

འཇུ་སྐལ་བཟང་།(མགོ་ལོག) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཁྱེད་ནི་སྟོང་ཁམས་སུ་འཁྱིལ་བའི་ཉི་འོད

རི་ལུང་གང་ལ་ཡང་དབབ་ཆོག་ལ་རང་དགར་མི་འབབ་པའི

དབུ་སྐྲ་མཐིང་ནག་གི་ཆར་རྒྱུན་གྱི་ཉག་མ

ཁྱེད་ནི་མི་རབས་བརྒྱ་སྟོང་གི་རྒྱུད་རྒྱུ་དེད་དེ

ལག་མཐིལ་དུ་བབས་པའི་གསེར་གྱི་མེ་ཏོག གཡུ་ཡི་ལོ་མ

སེམས་ཀྱི་རྫ་རི་མཐོན་པོར་བཞད་པའི་གཟའ་བདུད་ལ་བ་དཀར་པོ

ཁྱེད་ཀྱི་མདུན་སྔར་མུན་པ་མ་ལུས་ཁ་བ་ལྟར་ཞུ

ངས་སྙན་ངག་གིས་སྒྲོ་འདོགས་བྱེད་མི་དགོས་པའི་བསམ་གྱིས་མི་ཁྱབ་པ་ཁྱེད

དོན་དམ་པའི་བསམ་གྱིས་མི་ཁྱབ་པ་ཁྱེད

ངའི་ཕྱེ་མ་ལེབ་དག་རི་རྟིང་ནས་ཆས་ཏེ་ཁྱེད་ཀྱི་ངོགས་སུ་ལུག་ཁྱུ་བཞིན་བཀྲམ་ཡོད

ངའི་སེམས་པའི་གསེང་གི་འོད་སྣང་བསགས་ཏེ་ཁྱེད་ཀྱི་རི་རྩེ་ཁོ་ནར་སྤུངས་ཡོད

ང་རང་ཁྱེད་ལ་བྱིངས་ནས་ཡུན་རིང་སོང

ད་ལྟ་ང་ཚོས

སྲིན་བུའི་ཁ་ཆུ་གཉོད་པོས་ས་ཡི་གོ་ལར་བཞི་ཆིངས་རྒྱག་པར་རྔམ

འཇའ་ཚོན་གྱི་ཁ་དོག་གིས་མི་ཚེ་ལ་འགྲེལ་བཤད་སུན་སུན་དུ་བརྒྱབས

རི་མོའི་བ་ཇོ་འཇོ་ཚུགས་པར་དུ་བརྡབས

དེ་འཕྲིན་ཕྲན་བརྒྱ་ཕྲག་ཏུ་སྤེལ་བ་ངོམ་སོར་འཁྱེར་བཞིན་ཡོད

སེམས་ཀྱི་མུན་པ་བསེད་བཞིན

བྲང་ཁ་རྡོ་འཁྱགས་ལ་སྦྱར་ནས་ཡུན་རིང་སོང་བ་ངོས་མ་ཟིན་པར

གསར་བྱུང་ལབ་རྐྱལ་སུ་ཞིག་གི་ཁ་ཁུགས་ཀྱི་ལྦུ་བ་གཞིབ་བཞིན་ཡོད

སྟོང་བསམ་ཆེ་ཆུང་མང་པོ་ཞིག་ཆུ་ལ་རླུང་གིས་འབྲི་བཞིན་ཡོད

བྲང་ཁོག་གི་རྐྱལ་བ་ཅི་ཞིག་གིས་འགེངས་ཀྱིན་གཞིལ་གྱིན

ཤི་གསོན་རེས་མོས་ཀྱི་ལྟད་མོ་སྟོན་གྱིན་ཡོད ད་ལྟ་བདག་གི

སྨྲ་ལྕེ་གྲུ་གསུམ་ངག་འཁྱལ་དུ་གཙུབ་ཆེས་པས་བརྡར་ཟད་དུ་འགྲོ་བཞིན་འདུག

རུས་གསེང་གི་བདེ་བ་ཁབ་རྩེ་ཡིས་བྲུས་ཀྱང

འབུ་སྲིན་ཕྲ་མོའི་ཉིན་རྒྱགས་ཤིག་ཏུ་མི་ལོངས་པ་མ་ཤེས

ང་ཚོའི་དགའ་མགུ་ཡོད་ཚད་ཆང་མ་ཞིག་གི་ལོ་ཟླ་ཙམ་རེད

མཛའ་བོའི་ཟླ་བ་ཚིག་གི་རྡོ་བས་སིལ་ཁྲོལ་དུ་བཅག་ཡོད

ངས་རང་ཉིད་མེ་ལོང་ལས་ཕྱིར་ཕུད་ཟིན

ངས་རང་ཉིད་བོར་བ་ས་སྲོད་ཀྱི་རྗེས་ནས་ཡུན་རིང་བཙལ་ཡང་མ་རྙེད

སྐྱེ་བ་ནི་ཆུའི་གྲམ་ངོགས་སུ་བསྟར་བའི་བྱེ་མའི་ཆངས་བུ་རེད

རྒ་བ་ཁོ་ད་ལྟ་ངའི་ངོ་གདོང་ན་ཉིན་རེ་བཞིན་འཚར་ལོངས་ཀྱིན་འདུག

ན་བ་ནི་རོལ་དུ་ཁྲིད་པའི་གྲིབ་མ་བཞིན་སུས་ཀྱང་གསུབ་ཏུ་མེད

ཤི་བ་ཁོ་སྐྱེ་བའི་སྔས་མགོ་དང་རྟེན་མ་སྟེ

ང་ཚོ་ད་ལྟ་ཁོས་འཚོ་སྐྱོང་བྱེད་ཀྱིན་འདུག

འདོད་ཆགས་ཀྱི་ཡན་ལག་ཤིག་ཤིག་འགུལ་ཏེ

ཤ་གསེང་ལ་གཡའ་ཚོར་མི་བཟོད་པ་བསླང་ཡོང་ཉིན

འཇིག་རྟེན་ཧྲིལ་པོ་འདི་ངས་ད་ལྟ་ཁྱུར་མིད་བྱེད་ན་འདོད

ཞེ་སྡང་གི་སྡེར་སེན་ཀྲབ་ཀྲབ་བགྲད་དེ

ཡ་ཐོད་ཀྱི་མིག་ལམ་ཁྲག་གིས་འགེབས་ཡོང་ཉིན

ངས་དམ་ཚིག་གི་མཆོད་རྟེན་མགོ་རྟིང་བསློག་ན་བསམ་ཡོང

གཏི་མུག་གི་མགོ་བོ་ཨར་འདམ་གྱིས་གཡོགས་ཏེ

སྲང་མདོ་རུ་འགྲེང་ནས་གོས་འདབས་གྱེན་ལ་བརྫེ་ཡོང་ཉིན

ངས་ལོ་ངོ་ཁྲི་སྟོང་བརྒྱུད་པའི་སྲིད་པ་མི་ཡི་ཤེས་རིག་དེ

བྲག་ལྡེབས་ལ་ཕངས་མེད་དུ་རྡེག་རྩིས་རེད་ཨང

ཀྱེ་མ་ད་ཙམ་ན ཆེས་གདེང་ཚད་མེད་པ་དེ་ལ

ཡོད་ཚུགས་སྟོན་པའི་མཁྲེགས་འཛིན་དེ་ལ་ཡི་ཆད

འཇིག་རྟེན་འདི་ངས་བཟོས་པ་མ་རེད

འདི་ན་ང་དང་ངེད་ཚང་གི་ཁྱིམ་རྒྱུད་ཀྱི་ཤུལ་བཞག་ཅི་ཡང་མེད་ན

ངའི་འདོད་ཐོག་ཏུ་ཅི་སྟེ་འོང

ང་ཚོས་རང་གིས་ནུས་པ་མང་པོ་ཞིག་ནུས་བཞིན་མི་ནུས་ལ

མི་ནུས་པ་མང་པོ་ཞིག་ལ་མི་ནུས་ཞེས་ཁས་ལེན་མི་ནུས

ཅི་སྟེ མི་ནུས་ཀྱང་རུང་མོད་མི་ནུས་ཞེས་ཁས་ལེན་པ་ནུས་དགོས་ཨང

དེ་མི་ནུས་པ་ནི་ནུས་མི་ནུས་མ་རེད་མོས་མི་མོས་རེད

དེ་གཡོ་སྒྱུ་ཐ་ཤལ་བ་ཞིག་རེད

དེ་བས

ད་ནི་ངོ་སྲུང་བྱེད་མི་འདོད ཕེར་མདོག་སྟོན་མི་འདོད

འཇག་མ་སྦུབས་སྟོང་གི་ང་རྒྱལ་དེ

ཤེས་མེད་ཀྱི་ཁ་ཕོ་གུ་དོག་པོ་ཞིག་ཡིན་པ་ཤེས་ཡོད

དྲང་མོར་འཆད་དགོས མུན་ཐང་སྟོང་བ་འདི་ནས

ང་ལ་རྟ་ཁ་འཁྲིད་མཁན་ཞིག་ངེས་པར་ཡོད་དགོས་འདུག

འབར་བཞིན་པའམ་སྦར་ཆོག་པའི་སྐོམ་གདུང་ཞིག་གིས་དེད་དེ

ང་འདི་ཕྱོགས་སུ་འོང་ནས་ཡུན་རིང་སོང

ངས་ཁྱེད་ཀྱི་འཛུམ་དཀར་འདྲེན་ཕྱིར

སེམས་ལ་ཝ་ཁ་བཙུགས་ནས་ཡུན་རིང་སོང

ངའི་སྨོན་ལམ་གསར་བ་དེ་འབྲོང་གཡག་ཅིག་གི་རྨིག་ཕོར་དུ་བླུགས་ཏེ

ཁྱེད་ལ་ཡོན་ཆབ་བཤམས་ཡོད

གཟའ་སྐར་འཆར་བའི་ཤེས་པ་དྭངས་མོ་ཞིག་གིས

ཁྱེད་ལ་ཡོན་ཆབ་བཤམས་ཡོད

འཁོར་བའི་མདའ་རྩེ་ལས་རྨས་པའི་གྲུ་ཆུང་ང

ཁྱེད་ཀྱི་རླབས་རྩེ་རུ་ལེན་པའི་ཉིན་མོ་དེ་ལ་སྒུག་ཨེ་ཕེར་སྙམ་བཞིན

མིག་ཆུ་སྐྱུར་མོ་འདོན་བཞིན་ཡོད

ཁྱེད་ཀྱི་པང་བར་རྙིད་པར་གྱུར་ཀྱང་ད་ལྟ་ང་ལ་འཁང་ཚིག་ཅི་ཡང་མེད

ད་ནི་ཅི་ཡང་མི་འདོད་དེ ཡོང་ན

ཁྱེད་ཀྱི་ཞབས་གཡས་པ་ཕྱེད་ཙམ་བརྐྱངས་པའི་སྣེ་ག་དེ་རང་དུ

ས་ལ་འགྱེལ་ནས་ཡུན་རིང་བརྒྱལ་བར་འདོད

ཁྱེད་ཀྱི་མདུན་སྔའི་ཕ་ཚད་ཅིག་ན རླུང་ཁར་བཏེགས་པའི་གྲིབ་མ་བཞིན

ལྷོད་འཇགས་སུ་མི་ཚུགས་པ་དེ་ང་རང་ཡིན དེ་རིང་ངས

མོས་གུས་ཀྱི་གཤོག་ཡ་བརྐྱངས་ནས་ཁྱེད་ཀྱི་ཕྱག་འོག་ཏུ་འབབ་ཨེ་ཆོག

ཁྱེད་ཀྱི་མདུན་སྔར་ང་རང་མར་ཁུའི་རྒྱ་མཚོ་ཆེན་པོར་འགྲེང་སྟེ

མགོ་བོ་འོད་ཀྱི་རུམ་དུ་བཅུག་ནས

ཡོད་ཚད་གཤིས་ལུགས་ལྟ་བའི་མེ་ལྕེ་གཅིག་གི་ཟན་དུ་སྦར་ཨེ་ཆོག

གལ་ཏེ་ཁྱེད་ཀྱི་འོད་ཁྱམས་སུ་འགག་ནུས་པའི་སྲིན་བུ་ཞིག་ཡོད་ན

དེ་ང་རང་ཡིན་ཆོག་གམ་རྗེ་བཙུན་མ

དེ་རིང་ངའི་ཉེས་པ་ཡོད་ཚད་ཁྱེད་ཀྱི་སྤྱན་ཁྱམས་ནས་བཞུ་རྡུང་བྱེད་ན་འདོད

ནམ་ཞིག་ཁྱེད་ཀྱི་ཞབས་སེན་གྱི་ལྡོག་འོད་འཕྲོས་པའི

ཉི་ཐིག་ནང་ན་ཐལ་མོ་སྦྱར་མཁན་དེའི་གྲལ་ན་ང་རང་ཡོད་སྲིད་ན

འོན་ཀྱང་ངའི་མཐའ་འཁོར་ན་མུན་པའི་རྒྱ་མཚོ་གཏམས་ཡོད

འོན་ཀྱང་ངས་ད་ནས་བཟུང་ཏཱཾ་ཡིག་དྲོན་མོ་ཞིག

སེམས་སུ་བལྟེབས་ཏེ་དཔྲལ་བར་ཉར་ན་འདོད་ཅིང

སྨོན་ལམ་དང་པོ་དྲང་བདེན་གྱི་ཚངས་ཐིག་ཅིག་ལ་འདེབས་ན་འདོད

ངས་ཁྱེད་ཀྱི་ཞིང་ཁམས་དེ་པགས་པ་བཞིན་འཐེན་ནས

གོ་ལའི་ཉིན་སྲིབ་འགེབས་ན་འདོད

གཞན་དུ་ན་ཁྱེད་ཀྱི་གཟི་བྱིན་དུ་སྦངས་པ་ང་རང་གཅིག་པུ་ག་ལ་ཡིན

ནང་གི་ལྷོག་ལྷོག་ཁོལ་བ་ཡོད་ཚད་ཁྱེད་ཀྱི་མདུན་སྔར

དད་པས་སྦྱིན་སྲེག་བྱེད་མཁན་གྲངས་ཀྱིས་ག་ལ་ཆོད

སྨོན་ལམ་དུ་གསོན་ཡང་རེ་བ་ལས་ཤི་བའི་སྐྱབས་འཇུག་དེས

ཟུག་རྔུ་ཕྲ་རགས་སུ་ལའང་སློང་གིན་འདུག་མོད

དམ་ཚིག་ལས་འདྲེད་དེ་ཤི་བའི་ངའི་ཕུ་ནུ་ཚོ་སྙིང་རེ་རྗེ

ཁ་དན་ཞེས་པ་ཤེལ་གྱི་གྱང་ལ་བྲིས་པའི་ཡི་གེ་སྟེ

དེ་སྙིང་ཤ་ཤིན་ཏུ་སྲབ་མོས་འདེགས་པ་ལས་སླ་བ་མ་ཡིན་མོད

སྲིད་པའི་རི་ཚོགས་དད་པའི་ཀློང་ན་འཁྱོམ་གཡེང་བྱེད་ཉིན

འབུ་སྲིན་བསེ་བོས་རང་སྣང་གི་རྫིང་གླུ་ལེན་པའི་ཁྲོད་ན་ང་མེད

ད་ནས་བཟུང་ངས་རང་ལ་དབང་བའི་ཟས་ནོར་ཕྲན་བུ་དེ་ཚོ

ཁབ་མིག་ཏུ་ཚུད་པའི་སྐུད་སྣེ་ཕྱིར་འཆོར་ལ་ཁད་དུ་གྱུར་ཚེ

རྒྱང་ནས་འབོད་ས་ཁྱེད་ལ་བྱེད་ན

མ་བྱིན་པ་བཙན་གྱིས་ལེན་པའི་ལག་ངར་དེ་ཁྲུམ་གོར་བཞིན་འཐོར་ཨེ་སྲིད

སྙོན་འདིང་པའི་རྒྱལ་པོའི་འཇིགས་པ་བསླངས་གཟུགས་སུ་ཐོན་ཏེ

མེ་ཡིས་དམར་བ་ཅི་ཞིག་འགྲམ་ངོས་སུ་བཅར་ཚེ

བློ་ལིངས་ཀྱིས་འགེལ་ས་ཁྱེད་ཀྱི་རྒྱུ་འབྲས་ལ་བྱས་ན

ཐམ་གའི་ཡིག་འབྲུ་དམར་པོར་འགས་གཏོར་ཐེབས་པ་ཡོང་ངམ

སུ་ཞིག་ཆུ་ཀླུང་འཁྲུགས་པའི་རལ་བ་ནག་པོའི་གཟེབ་ཏུ་ཐོགས་ཏེ

མཁའ་དབུགས་སྐྱ་བོ་ཁོང་དུ་ཐིམ་ཚེ

དངངས་སྙོབ་གཅིག་གིས་ཁྱེད་ཀྱི་ཕྱག་མཛུབ་ཟིན་པ་ཨེ་གནངས

ཤིན་ཏུ་མ་དུལ་བ་དུས་ཀྱི་ཤ་ཟ་ནག་པོའི་ལྕེ་ཞགས་ཀྱིས

ངའི་ཁྱེའུ་ར་བའི་དབུགས་ལྒང་ལ་གྲི་ཤན་འདེབས་ཉིན

ཁྱེད་ཀྱི་སྐྱབས་འགྲོ་རྡོག་པོ་ཞིག་ལ་གྲི་ཁ་ཐོགས་ཨེ་ཆོག

སྦར་སེན་གྱི་མཚོན་ཆ་རྣོན་པོས་མིག་སྔུན་གྱི་ནམ་མཁའ་ཚལ་བར་གཤགས་ཤིང

སྟོབས་ལྡན་མྱོས་པའི་རྡོག་པ་བཏེགས་པའི་འོག་ཏུ་སྒྲེན་པོར་འདྲེན་ལ་ཁད་ཚེ

བདག་གི་ལྕམ་སྲིང་ཚོ་ཁྱེད་ཀྱི་སྒྲིབ་ཤིང་གི་གྲིབ་འོག་ཏུ་ཡིབ་ས་ཨེ་ཡོད

སྙིགས་མའི་རེ་འབྱམས་སྲེ་བོ་མདུན་དུ་ལྷགས་ནས་ངོ་འགྲན་དང་བཅས

ལྕེ་རྩེ་དམར་ནག་རིས་སུ་རྐྱོང་བས

སྙིང་ཁའི་བྱིས་ཆུང་གི་སྒྲོ་རྐང་འཇིགས་སྣང་དུ་འཐོར་ཚེ

ཉམ་ཆུང་གསོལ་འདེབས་ཀྱི་ཞགས་སྣེ་ཁྱེད་ཀྱི་ཁྲི་དྲུང་དུ་འཕེན་ཨེ་ཆོག

བདག་གི་སྦྲ་ནག་ཆུང་ངུ་དེ

རིགས་དྲུག་གང་གི་གནས་སུ་འདེབས་དགོས་ཀྱང་བཟོད་མོད

ཁྱེད་ཀྱི་གཙུག་ཏོར་མི་མཐོང་བའི

འཇིགས་སྣང་སྟུག་པོ་དེ་ངས་ནམ་ཡང་བརྟོལ་བར་མི་ནུས

ཁྱེད་ཀྱི་འོད་གོར་མི་རིག་སའི་རི་རྒྱབ་དེ་ནས

ངས་འཁོར་བ་ནག་པོ་ཡོམ་ཡོམ་འཁྱོམ་པའི་རབ་ཁ་ཡེ་མི་རྙེད་པར་འདུག

ང་རང་ཁྱེད་ཀྱི་མཐོང་ལམ་གྱི་ཁྱམས་ན་ཐག་རྟོད་བྱས་པ

ནམ་ཡང་ནར་སོན་དུ་མེད་པའི་བྱིས་པ་བསམ་མེད་ཅིག་ཡིན་ན་ཅིས་མི་ཆོག

ངའི་མིག་གི་འཁོར་འདས་ཡོད་ཚད་གཤིས་ཕྱིན་པར་འཐིམ་ས་ཁྱེད

ངའི་ཁོང་གི་སྙིང་དང་ཀླད་རྩ་ལ་འཁྲི་བ་མ་ལུས་དག་གཙང་དུ་འཐིམ་ས་ཁྱེད

སྲབ་སྐྱོགས་དང་མདུང་ཐུང་ཕ་ཚད་དུ་བསྐྱུར་བ་ནས་བཟུང

ལག་ཏུ་འཆང་བྱ་ཞིག་རྙེད་པ་འདིར་འགྲེལ་བཤད་ཁྱེད་ཀྱིས་གནང་དགོས

ངའི་རྩ་རྒྱུས་ཀྱི་ཁུགས་སོར་དཔྱང་པ་རྒྱ་རྡོ་ལྟ་བུའི་ལྕིད་ཤུགས་དེ

ག་དུས་འཕེན་རན་གསུང་རོགས་གནང་དགོས

ལོ་རྒྱུས་ཀྱི་རྨ་ཁ་བཙན་ཐབས་ཀྱིས་དྲུབས་པ

ད་དུང་སོས་མེད་སྙམ་པའི་སྐྱོ་ཁྲལ་འདི་ཚོ་ང་ཚོའི་གདོས་ཐག་རིང་ཤོས་རེད

ཚོར་བ་ཕུར་མཉེད་ཀྱིས་ཉི་མ་གཏོང་རྩིས་འདི་ཡང་ང་ཚོའི་འཁོར་བ་རེད

ལན་ཆགས་ཀྱི་སྐྱེད་ཀ་འདི་ཚོ་སུ་ཞིག་ལ་རྩིས་སྤྲོད་བྱེད་རིན་ཡོད་དམ

ངེད་ཅག་གི་ལས་བསྐོས་འདི་རྟག་ཏུ་སྡུག་ཡུས་ཀྱིས་འུར་ཡང

ནོམ་ཉུག་གང་ཞིག་ཟ་འཕྲུག་གི་གནད་ཏག་ཏག་ཏུ་མི་ཁེལ་བ་ཅིའི་ཕྱིར

རང་དབང་དང་གཞན་ཕན་མིག་ལྕིབས་གཅིག་ཏུ

ལྷན་གཅིག་རུམ་པར་རྔམ་པའི་འདོད་པ་ཚ་བོས་རྟག་ཏུ་གཟིར་བ་བདག

འདི་ནས་གར་འགྲོ་ཁྱེད་རང་ཁོ་ནས་མཁྱེན་དགོས

བདག་གི་འཇའ་ལམ་གྱི་ཡས་སྣེ་དེ

ཁྱེད་ཀྱི་མཛུབ་རྩེ་ཡིས་བཟུང་ཡོད་ཁོ་ཐག་ཡིན་བསམས་ཡོད

དེ་ཉིན ཁྱེད་ཀྱི་ལང་ཚོ་ལས་འཐུལ་བའི་བདུག་སྤོས་ཀྱི་དུ་བ་དྭངས་མོ་ཞིག

ང་ཚོའི་ཁོར་ཡུག་འདིར་འཁྱིལ་བ་མཐོང་ཟེར

ད་ནངས ད་དུང་ཁྱེད་ལས་ཅི་ཞིག་མཐོང་བས

སེམས་ཀྱི་དཔྱང་ཐག་ལྷོད་ལྕུག་གེར་སོང

ཞལ་རས ཉུལ་མི་ཚར་བའི་སྐྱེད་ཚལ་སོ་མ་ཞིག

ཤེས་པ་མཆོག་གིས་ཇི་ལྟར་བསླང་ནུས་པ

དེ་ལྟར་དུ་འདུ་འགོད་བྱེད་པའི་གཡོ་སྟབས་ཅན

ཉིན་མཚན་ཁོར་མོར་བལྟས་ཀྱང་མི་ངོམས་པའི

སེམས་ཀྱི་རེག་བྱའི་ལོངས་སྤྱོད་ཅིག

མཛེས་པ་དེ་དང་ཕྲད་པའི་ཉིན་མོ་ནས

ངའི་སྨྲ་ལྕེའི་ཆུ་སྣ་རང་གི་ལྷུ་རུས་ཀྱི་ཚགས་མིག་ཏུ་ཐག་སོང

དེ་ནས་བཟུང་རང་བཞིན་བརྗོད་པ་དཀའ་བའི་མཐར་ཐུག་ཏུ་ཤེས་ཡོད

སྤྱན་ལས་འཛུམ་པའི་བརྡ་སྤྲོད་ཀྱི་གསང་བ་དེ་སུ་ཡིས་ཁྲོལ་བ་ན

ཡེ་ཤེས་ཆེན་པོའི་བདེ་དྲོད་ཅིག་གིས་དེ་ག་ཉིད་དུ་རང་ཞུར་འགྲོ

གབ་ཚིག་གི་སྒྲོག་གུ་བཀྲོལ་བའི་རྐེད་སྐབས་ན

ཚེ་རབས་ཀུན་ཏུ་བཀླག་མི་ཚར་བའི་རོ་མངར་ཞིག

སུ་ཞིག་གི་སེམས་ཁོང་དུ་ཕྱེད་ཙམ་བརྐྱངས་པའི

བྱིན་པའི་འཁྲིལ་བག་དེས་ཀྱང འགྲོ་བའི་ཟུག་རྔུ་ཕྲ་རགས

འོ་མ་ཁོལ་བར་ཆུ་གྲང་བླུགས་པ་བཞིན་དུ་སིབ་བེར་འཇོག་ཅིང

ཡོད་ཚད་བདེ་ཟུག་ཕྲ་མོས་སྐྱོད་པའི་སྤུ་ལོང་གི་མལ་དུ

ཁུ་སིམ་མེར་སྙོལ་བར་བྱེད ཀྱེ་མ

ཁྱེད་ཀྱི་དབུ་སྐྲའི་འོད་ཟེར་ནག་པོ་དེས་ཀྱང་མི་ཆོད་པའི་སྲ་མཁྲེགས་ཤིག

ང་ཚོའི་རྒྱུད་ན་བག་ཉལ་དུ་སྡོད་པ་ངོ་རེ་ཚ ཅི་ཡིས་ལན

བག་ཉལ་དེ་དང་ལྷན་གཅིག

ཡེ་ནས་འདུ་འབྲལ་མ་མྱོང་པ་དེ་མཛེས་མ་ཁྱེད་ཀྱི

འགྲོ་བའི་ཁམས་ལ་རྗེས་སུ་འཇུག་པའི་ཆགས་པ་ཆེན་པོ་དེ་ཡིན་པ

ད་ཚོད་ཙམ་ན་ཐོས འདི་ལ་བསམས་ཚེ

དེ་སྔོན་ང་རང་སོང་ཤུལ་གྱི་སྤེན་ཚལ་དང འོབས་ཁ

ལྕི་བའི་དྲི་ངད་མ་སྤངས་པའི་ལྷས་ར

ཐམས་ཅད་ལ་ཏཱ་རེ་ཏུ་རེའི་བརླན་ངད་ལྡང་བ་ཅི་ལ་མ་ཤེས

ཤེལ་གྱི་ཐོག་ཁང་རིམ་རྩེག་དོན་བརྒྱད་པ་རུ

སེམས་པ་ཟུང་ཞིག་དགའ་འཁྱིལ་དུ་ཁུགས་ཏེ

སྐྱེམས་ཕུད་མཆོག་ལ་རོལ་བའི་ལྷོད་བག་དེ་ཡང

ཏཱཾ་ཡིག་ལྗང་ཁུའི་བཟི་ཁས་འཁྱོམ་པ་ཅིའི་ཕྱིར་མ་ཚོར

སྒྲིབ་པ་གང་རུང་གིས

བདག་གི་རྨི་ལམ་གྱི་ཁ་རུ་མར་ཁུ་བཞིན་སེར་ལྟེམ་མེར་འཁྱིལ་བ

ཁྱེད་ཀྱི་ཞལ་ཆབ་དྲོན་མོ་ཡིན་པའང་ངོ་མ་ཤེས

ངའི་བྱིས་དུས་ཀྱི་གནམ་རལ་ས་གཞོན་དུས་ཀྱི་ས་ཐེད་ས་འདི་ནས

ད་དུང་ཚེ་རབས་ག་ཚད་འདུག་དགོས

མཚམས་ག་ཤེད་ཅིག་ནས་སྡིག་སྒྲིབ་གཏོས་ཆེ་བ་འདི་རྒྱབ་ནས་དབོག་ན་འདོད

ཉིན་ཞིག

ང་རང་ཁྱེད་ཀྱི་ཡུལ་ཁམས་ཀྱི་རི་རྩེ་མཐོང་ས་ཞིག་ཏུ་བསླེབས་ན

ཨུ་ཚུགས་ཀྱི་བྲག་ལ་བརྡབས་པའི་གྲོགས་པོ་ཤེས་ཡོན་ཅན་དེ་ཚོའི་དོན་དུ

ངས་ཚ་གསུར་ཞིག་ཅིས་ཀྱང་འཕུད་དགོས

ངའི་རང་གི་ཚེ་རབས་དུ་མའི་སྒལ་ཚིགས་འཐོར་སའི་ན་ཁུགས་འདིར

གད་བདར་ཞིག་ཅིས་ཀྱང་བྱེད་དགོས

བདག་གི་མདུན་ས་དང་འབྲལ་མ་མྱོང་བའི

གྲིབ་མ་ནག་ཆུང་འདི་སྙིང་རྗེ་བོ་ཞིག་ཀྱང་འདུག

དེ་རང་བཞིན་དུ་འདོར་ཡང་མི་ནུས་ལ་འདོར་ཡང་མི་བྲ་མོད

འདོར་ན་ཁྱེད་ཀྱི་འོད་ཁྱམས་དེ་ནས་འདོར་དགོས

བྱ་རྒོད་ཀྱི་གཤོག་པས་དུར་ས་འགེབས་ཉིན

མི་མོས་བཞིན་གཡོ་ལངས་བཞིན་ལེ་ལོར་བཞུད་པའི་སྤྲིན་པ་དེ

ང་རང་གཅིག་པུའི་རྣམ་ཤེས་རེད་མ་ཟེར་རོགས

འོ་ན ངས་ད་ལྟ་ནས་མཚམས་སྤྲིན་མེ་རུ་བཞེན

རི་ཚོགས་ལ་དབྱར་དུས་ཀྱི་ཚོན་རྩི་བྱུགས

ཆུ་ཀླུང་ཡོད་ཚད་གཡང་གཟར་ལས་ཕབས་ཏེ

ཁྱེད་ལ་ཞབས་བསིལ་དུ་ཕུལ་ན

ཡི་གེ་མཐིང་ཀ་དེ་སེམས་ཀྱི་གསེབ་ཏུ་བསྙལ་ནས

དེ་དུངས་ཤུགས་དྲག་པོའི་མེ་ལྕེ་ཡིས་བཞུ་ན

ངེད་ཅག་གི་སྡུག་བསྔལ་ཕྲ་རགས་བཀྲུས་པའི་སོལ་ཁུ་ནག་པོ་དེ

སྦྱངས་སྤེལ་བསྒྱུར་གསུམ་ལ་བརྟེན་ནས་སྦྲང་རྩི་བཞིན་བསྒྲུངས་ཏེ

ལན་ཆགས་ཡོད་ཚད་ལ་ཆང་འདྲེན་བྱེད་པའི་དུས་ཤིག་ཡོད་དམ

ཆུ་རླུང་མེ་ལྕེ་ཡི་རང་སྒྲ་ཏཱ་རེ་རུ་འཁྲོལ་ཞིང

ཁ་བ་མེ་ཏོག་གི་ལོ་མ་ཏུ་རེ་ལས་འཁྲུངས

བརྙན་འཕྲིན་རོལ་མོ་མ་ལུས་ཁྱེད་ཀྱི་རྟོགས་བརྗོད་དུ་མཐོང་ལ

བྱིས་པ་མེ་ཏོག་གི་ཐང་ལ་བག་མེད་རོལ་བ་ལས་ལག་ཏུ་སོན་ཚད་མ་ལུས

སྐག་སྨུག་ཏུ་བཞད་པ་ཁྱེད་ཀྱི་མངོན་རྟོགས་སུ་སྣང་ངམ

དེ་དུས་ངས་འོ་ཟོབ་ཀྱི་བྱ་ཚང་གཡང་ལ་གཏོར་ཏེ

མི་ཆོས་བདེན་པའི་འཛིང་རགས་ཤིག་བརྩིགས་ཏེ

བདེན་དོན་ཁོ་ནའི་སྡིངས་ཀ་ནས་ཕྱི་ལྗོངས་ལ་བལྟ་བར་འདོད

དེ་དུས་ངའི་རྩིག་ངོས་ཀྱི་དོང་བའི་སྦུབས་ཀྱི་མདའ་མོ་ཐོར་བུ་དེ་ཚོ

ལྷས་རྩྭའི་སྙེ་མ་སྔོན་པོའི་མལ་ས་རུ་ཟགས་རུལ་དུ་གཏང་ཆོག

སྲང་མདོའི་ཟིང་ཆ་འཁྲུགས་པོ་དེ་ངེད་ཅག་གི་འཇོན་ཐང་གི་ངུ་ཤུབ་རེད

དེ་ཁྱེད་ཀྱི་ཕྱག་གི་མེ་ཏོག་གི་ཟེའུ་འབྲུར་སིམ་ན་འདོད

ང་ཚོའི་དགའ་སྐྱོ་ཡོད་ཚད་སྒྲུང་རིང་དུ་གྱེར་མཐར་ཡུལ་དང་ཡུལ་ཅན་གཉི་ཀ

ཁྱེད་ཀྱི་ཞབས་སེན་གྱི་གྱང་ངོར་ལྷག་མེད་དུ་བསྐམ་ན་འདོད

ངའི་ཤེས་པ་ཕྲ་མོ་དེ་ལ་གཤོག་པ་ཐོགས་ནས་འཕུར་འཕུར་མཐར

ཁྱེད་ཀྱི་གཟུངས་སྔགས་ཀྱི་ཕོར་བར་ཞོ་ཆགས་པ་བཞིན་འཁྱིལ་ན་འདོད

ངའི་ཞེ་འཁོན་གྱི་ལྕགས་རྡོ་ས་ལ་མ་ལྷུང་གོང་ནས

བྱིན་རླབས་གང་རུང་གིས་བཤིགས་པར་མཛོད་དང་འཕགས་མ་ཆེན་མོ

མཐོང་ལམ་གྱི་མུན་པ་རལ་བའི་བུ་ག་ལས

འོད་འཇོ་བའི་བྲང་སྐྱེས་དེ་ལན་གཅིག་མཐོང་ན

སྐོམ་པས་འབར་གྱིན་པའི་མིག་གི་མེ་ལྕེ་དེ་འདི་ག་ཉིད་ནས་གཟུམ་ཆོག

དེའི་ཚེ ཞེ་སྡང་རང་ས་ནས་མེ་རུ་དཀག

འདོད་ཆགས་དེ་ག་ནས་ཆུ་རུ་འབར

ཐམས་ཅད་སྟོངས་ཤུལ་ན

མིག་འཕྲུལ་གྱི་གཟི་ཆུང་ཁྲ་བོ་དེ་ཡང་ཁོང་རལ་དུ་འགྲོ་བར་ངེས

དེ་དུས་ངས་རང་གི་གཏིང་རིམ་གྱི་དུག་སྡོང་གི་གེ་སར་ཇི་ལྟར་འགྱེལ་བ

མངོན་སུམ་དུ་བལྟ་དགོས

ཞབས་རྗེས་ཀྱི་འོད་སྣང་ལངས་ཤུལ་ན

མ་མགུ་བའི་ཁ་བ་ཡོད་ཚད་བཞུས་ཚར་བ་ཞིག་ལ་རེ་ལྟོས་ཆེ

ཤིན་ཏུ་གསང་བའི་གསུང་རབ་ཟབ་མོ

ཆོས་དབྱིངས་སྒྲོལ་མའི་ལྟ་མགུར་ལྕེ་གཞུང་ལ་སྦྲང་རྩི་ལྟར་ཞུ་བཞིན

བདེ་ཟུག་མི་བཟོད་པ་ཞིག་གི་ཀློང་དུ་ཡུན་རིང་ངུ་བར་འདོད

ནམ་ཞིག་ངེད་ཅག ངེས་འབྱུང་ལས་སྐྱེས

བྱང་སེམས་སུ་ཞུ སྟོང་ཉིད་དུ་ཞིག་ན དེའི་ཚེ་ཁྱེད་རང

ཐོག་མཐའ་བར་མེད་སྟོང་གསལ་ཀུན་ཁྱབ་དེ་ན་ཨེ་བཞུགས

བདག་གི་ཨཱརྱ་མ

ཤར་གྲོལ་དུས་མཉམ་སྤང་བླང་ཡེ་ཟད་ཀྱི་ངང་ནས་ཨེ་མཇལ

འགྲོ་བའི་ཏཱ་རེ་མ

རབ་ཏུ་མི་གནས ཁྱབ་གདལ་ལྷུན་འབྱམས

མཐའ་གྲོལ་ཀློང་ཡངས་ཀྱི་ལམ་ནས་ཨེ་རྟོགས

སྙིང་གི་རྗེ་བཙུན་མ

སེམས་པ་རྩིངས་མོ་མར་ཁུར་བསྐྱིལ

ནང་གི་རིག་པ་ལ་མེ་ལྕེ་སྦར་ཏེ

ཕྱི་ནང་མ་ལུས་འོད་གསལ་གྱི་ཁ་ཟས་སུ་གཟན་པ་དེ་ཨ་ཧོ

ཆེས་མཐའ་མར

ཁྱེད་ཀྱི་ཕྱག་མཐིལ་ནས་སྐྱེས་པའི་རལ་གྲི་དེས

འབུ་སྲིན་བུ་བཟའ་བའི་འབུ་སྲིན་ངེད་ཅག་སྙིང་རྗེས་བསད་ནས

སོ་སོའི་འཁོར་བ་སྟོངས་ཤུལ་ན་ཁྲག་དྲི་འཐུལ་བ་ཞིག་བྱོས་དང

ཆེས་མཐའ་མར

ཉོན་མོངས་བསྒྲལ་བའི་རྣམ་ཤེས་འཕུར་ཤུལ་ན

ངུ་ཤུབ་དང་གླུ་སྒྲ་གཉུག་མར་ཐིམ་པ་ཞིག་གནོངས་དང

ཆེས་མཐའ་མར

ཁྱེད་ཀྱི་སྙིང་ཁ་ལས་བརྡོལ་བའི་འོད་སྣང་དཀར་པོ་དེས

ཐམས་ཅད་ཡུག་གཅིག་ཏུ་འབྱམས་པ་ཞིག་མཛོད་དང

ཆེས་མཐའ་མར ཕྱ་ལེ་བ གཡོ་འཕྲིག་མེད་པར

… … …


རྩོམ་ཡིག་སྔོན་མ།
སྟོན་མཇུག
རྩོམ་ཡིག་རྗེས་མ།
འཕན་ཡུལ་གྱི་མགྱོགས་བྲིས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1