སྤྲིན་པའི་དྭངས་གཙང་འཕྱུར་བའི་རླབས་ངོགས་ན།།
རི་རབ་ཤུགས་ཀྱིས་འགྱིང་བའི་བློ་བདེ་དང་།།
ཁྲུང་ཁྲུང་གཤོག་རྡང་སྦྲེལ་བའི་འཁྲེང་ཞེན་གྱིས།།
བྱང་ཁོག་མལ་དུ་གདུང་བའི་སྨུག་པ་གཡོ།།
སེམས་ཀྱི་གནས་མལ་བོར་བའི་སྟོན་མཇུག་ལ།།
ཁུར་མོང་ལྡོམ་པོ་རླུང་ཁར་ཡན་པ་ལས།།
གྱེས་བྲལ་རྨ་ཁ་སྙིང་གི་རུས་ལ་འཁྲིལ།།
སྣང་བའི་ཉིན་སྲིབ་དུས་ཀྱི་ཁ་བས་གཡོགས།།
ལྗང་མདོག་རྨི་ལམ་གསེབ་ཏུ་སད་སེར་འཁྲིགས།།
ལས་ཀྱི་རི་ཐང་ཆོས་ཉིད་སྒྲོག་གིས་བཅིངས།།
ཕར་སོང་རྐང་རྗེས་རླུང་བུས་བསྣོགས་ཤིང་བསུབས།།
ཚུར་འོང་ལམ་བུ་ཁ་བས་གཏིབས་ཤིང་མནན།།
དང་པོའི་ཁ་ཆད་གྲུ་ཁ་འདི་རུ་བྱས།།
མདུན་སྐྱོད་གཙང་པོའི་རབ་ལ་དར་ཁ་འགྲིག །
མཐའ་མའི་དམ་བཅའ་རུས་པའི་རྐང་ལ་བྲིས།།
གཤོག་མཐུན་ངང་བ་དུས་ཀྱི་གཡང་ལ་འགྲིལ།།
འགྲོ་ཁའི་རྒྱབ་གཟུགས་དྲན་པའི་འཛུམ་ཞལ་ཏེ།
འདས་སོང་གཏམ་རྒྱུད་ཡིན་པའི་སྡོང་ལོ་དག །
རྐྱེན་གྱིས་མདངས་བསྣུབས་རྟེན་གྱི་རྩ་བ་བོར།།
ཕྱིར་དྲན་ངོས་སུ་ཡང་ཡེང་འཕྱན་པ་ཕངས།།
མཚེར་ཤུལ་ལྷིང་འཇགས་འཐུ་བའི་ཁྭ་ཏའི་ཚོགས།།
ཆོ་ངེ་འདོན་ཞིང་ལྷབ་ལྷུབ་འཕུར་ལྡིང་བྱེད།།
ཞེན་ཆགས་རྔམས་ཁ་མཐུག་པའི་ཉིན་གུང་འདིར།།
དྲན་པའི་ཁུད་དུ་རླུང་བུས་འགྱུ་ལོག་བྱེད།།
ཡལ་གར་འཁྲིལ་བའི་འབྲས་བུ་ཡིད་འོང་དག །
བྲལ་དང་ཕྲལ་བའི་གྱེས་གདུང་སྙིང་ལ་སིམ།།
ཁུར་གྱིས་དུད་པའི་གསེར་སྙེའི་དབུ་འཕང་ཚོགས།།
དབང་མེད་ས་རུ་འདྲིལ་ལ་དབུགས་རིང་འབྱིན།།
ཁུ་བྱུག་ཅོ་ཀ་དབྱངས་ལྡན་འདབ་ཆགས་ཀྱི།།
མགྲིན་པ་བསྡམས་ཤིང་གྲེ་བ་འགག་བྱས་ཤིང་།།
ཉམ་ཆུང་འབུ་སྲིན་རྐང་ལག་འཁྱག་ལ་འབྱར།།
དབྱར་གྱི་རྔ་ཆེན་སྟོན་གྱི་དོང་ལ་སྦས།།
སྐྱོ་སྣང་བན་བུན་སྨུག་པས་མཐོང་ལམ་བསྒྲིབས།།
གདུང་བའི་ཁ་བ་དྲན་པའི་ཆར་ལ་བསྡེབས།།
ས་ཡི་གཡང་ཉམས་རྩི་བཅུད་མེ་ཏོག་ཡལ།།
ལན་ཆགས་བུ་ལོན་ཟད་མེད་སྟོན་གྱི་མཇུག །
གཙང་པོའི་རླབས་རིས་སྤྲིན་པ་རླུང་གིས་དེད།།
མི་རྟག་དར་རྒུད་མུ་ཁྱུད་འཁོར་ལོའི་འགྲོས།།
“འདི་ཡིན་འཕྲོ་ལ་དེ་མིན་གཞན་འོངས་པའི།།”
སྣང་བ་འཁྲུལ་ལོ་ཉམས་ཀྱི་གཞས་ལ་འགུགས།།
༢༠༡༨.༨.༢༥ཡི་མཚན་མོར་གྲུབ།