ཡིད་ཀྱི་ཚོར་རྟོག(ཞར་བཀོད་གཅིག)

ལྷ་རྒྱལ་ཚེ་རིང་།(ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཁྱེད་ཀྱིས་བདག་ལ་བཅངས་པའི་ལྷད་མེད་ཆགས་ཞེན་དེ་ནི

གཞན་སུ་དང་གང་གིས་ཀྱང་ཚོར་བ་མིན་པར

ལུས་ཀྱི་སྤུ་ལོང་བྱེ་བའི་མགོ་རྟིང་ལ

ཉེ་བར་འཁྱུད་པའི་དཔྱིད་ཀྱི་རླུང་བུ་ཇི་བཞིན

བདག་གི་འདོད་ཞེན་གྱི་ཚོར་རྟོག་གིས་ཅི་ཡང་རྟོགས་ནུས

ཁྱེད་ཀྱིས་བདག་ལ་བཅངས་པའི་མི་ཕྱེད་བརྩེ་ཞེན་དེ་ནི

གཞན་སུ་དང་གང་གིས་ཀྱང་ཚོར་བ་མིན་པར

ངང་བ་དཀར་མོའི་འཇམ་མཉེན་གཤོག་སྟེང་དུ

ཉི་འོད་ཀྱིས་སྒྱུར་བའི་མཚར་སྡུག་རྐང་སྟབས་ཇི་བཞིན

བདག་གི་དུངས་ཞེན་གྱི་ཤེས་ཚོར་གྱིས་ཅི་ཡང་གོའོ

བདག་འདུ་འཛི་ཆེན་མོའི་བབ་ཅོལ་ལ་བྱོལ་ཏེ

རང་བྱུང་སྐྱེད་ཚལ་དུ་གཅིག་པུར་སྡོད་ཚེ

བསུང་ངད་འཐུལ་བའི་འདབ་སྟོང་གི་དམར་མདངས་ལས

ཁྱེད་ཉིད་ཀྱི་མཆུ་སྒྲོས་ཀྱི་ངག་ཚིག་ཅི་ཡང་ཐོས་བྱུང

ཚོགས་ཀྱི་དབུས་སུའམ་ལམ་གྱི་གཞི་མདོ་རུ

གཞན་དང་ལྷན་དུ་ཁྱེད་ཉིད་ལ་འཕྲད་པས་ན

གཞན་སུ་དང་གང་གིས་ཀྱང་མཐོང་བ་མིན་པར

བདག་གིས་ཁྱེད་ཀྱི་སོ་འཛུམ་དང་མིག་རྫིའི་འོག་རོལ་ཏུ

མཛེས་རྒུར་སྦ་བའི་འདོད་ཞེན་གྱི་མེ་སོན་དེ་ཉིད

བདག་གི་ཆེད་དུ་ནམ་ཞར་འཛིན་པ་མངོན་པར་མཐོང་བྱུང

ང་ཚོ་ཤིན་ཏུ་འཁྲེང་གིན་ཕན་ཚུན་གྱེས་པས་ན

གཞན་སུ་དང་གང་གིས་ཀྱང་ཚོར་བ་མིན་པར

བདག་གིས་ཁྱེད་ཀྱི་མིག་ཟུར་དང་ཉེ་བར་འགྲོགས་པའི་རྣ་ལམ་དུ

ཞེན་ཆགས་ཀྱི་བསིལ་འཇམ་རླུང་བུས་སྐྱོད་ཀྱིན་པའི

གནག་སྣུམ་མཉེན་པའི་སྐྲ་ལོ་ཡི་འཁྲིལ་བག་གིས

གྱེས་བྲལ་གྱི་གདུང་དབྱངས་ཤུབ་བུར་འཐེན་པ་ཐོས་བྱུང་ངོ

༢༠༡༥.༤.༦


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1