གཅིག
ས་སྲོད་ཀྱི་མཚམས་སྤྲིན་དམར་པོ་ཁྱེད་ཀྱི་དཀྱུས་རིང་འདྲེན་བྱེད་དུ་སྐྱོད
སྟོན་མཇུག་གི་སྡོང་ལོ་སེར་པོ་བདག་གི་སེམས་པའི་འཛིན་མ་རུ་འཐོར
མེ་ཏོག་གི་བཀྲག་མདངས་ནུབ་ཁའི་ཉིན་བྱེད་ཀྱི་ཟེར་མར་འཁྲེང
ལྗང་མདོག་གི་ལོ་འདབ་རྫི་གླུའི་སྙན་འགྱུར་གྱི་དབྱངས་སུ་འདར
ཁྱེད་ཀྱི་བརྩེ་བའི་སྨྲ་བརྗོད་ལ་འདབ་སྟོང་གི་བསུང་ངད་ལྡང
ཁྱེད་ཀྱི་ངག་རྟ་སྙན་མོ་ལ་བདག་གི་སྙན་ཚིག་སྦྱོར་བར་མཛོད
རི་སྒང་དུ་ཕན་ཚུན་བསྙེས་ཏེ་རྒྱང་དུ་ཕྱོགས་པའི་ཚེ
ཁྱེད་ཀྱི་སྐྲ་ལོའི་མཉེན་འཇམ་ཁོ་བོར་འཁྱུད་སྦྱོར་བྱེད
ཕྱིར་དྲན་ནི་དུད་སྨུག་ཀློང་དུ་འཚེར་བའི་སྐར་ཚོམ་བཞིན
དུངས་ཞེན་ནི་མཚོ་རྫིང་ངོས་སུ་འཕྱོ་བའི་རླབས་ཕྲེང་བཞིན
སྟོན་མཇུག་འདིར་གཞི་ནས་འཛོམས་བྱུང་ཨང་ཞེས་པས
ངེད་ཀྱིས་ཐོག་མ་ཉིད་ནས་འདིར་རེ་ཞིང་སྒུག་གོ་ཟེར
མཚམས་སྤྲིན་གྱི་དམར་མདངས་རི་ཀླུང་གི་ལྷིང་འཇགས་ལ་འཁྲེན
འུ་གཉིས་སྦྲ་ནག་གི་དྲོད་སྐྱིད་ལ་ནམ་ཡང་རོལ་ན་བསམས
གཉིས།
ས་སྲོད་ཀྱི་མཚམས་སྤྲིན་དམར་པོ་ཁྱེད་ཀྱི་དཀྱུས་རིང་འདྲེན་བྱེད་དུ་སྐྱོད
སྟོན་མཇུག་གི་སྡོང་ལོ་སེར་པོ་བདག་གི་སེམས་པའི་འཛིན་མ་རུ་འཐོར
ཐང་དཀར་རྒོད་ཀྱི་གཤོག་འགྱུར་གྱིས་རང་དབང་གི་ངོ་བོ་བརྗོད
ཕྱེ་མ་ལེབ་ཀྱི་མཚར་སྡུག་གིས་ལང་ཚོ་ཡི་ངང་ཐུང་སྟོན
མཚན་མོའི་སྐར་ཚོགས་ཀྱིས་ནོར་ནག་གི་ལྟ་བྱེད་ཞི་བར་སྒྲོན
སུམ་ཐབ་ཏུ་འབར་བའི་མེ་ལྕེ་ཡིས་ཁྱེད་ཉིད་ཀྱི་འཁྲིལ་བག་སྤྱོམ
སྦྲ་ཁྱིམ་ཡར་རྒྱུད་ཀྱི་ཟངས་རྐོང་དུ་འབར་བའི་མཆོད་མེ་ཡིས
ཞལ་ཕྱེས་པའི་སྤྱན་རས་གཟིགས་ཀྱི་བྱིན་རླབས་ལྷེམ་ལྷེམ་སྨྲ
རུ་འདབས་སུ་ལན་རེར་ཟུག་པའི་སེང་ཁྱིའི་འབ་སྐད་ཀྱིས
ཞེ་བློ་བདེ་བའི་གཉིད་ཀྱི་ལྷོད་བག་ཅིག་ཀུན་ནས་སྩོལ
ཁྱེད་ཉིད་ཀྱི་བདེ་སྐྱིད་ནི་ང་ཡི་ཡང་ཡིན་ནོ་ཞེས་པས
ཡོད་ཚད་ཁྱེད་ཉིད་ལ་རག་ལས་པར་འདུག་གོ་ཟེར
དིང་གླིང་རྒྱང་དུ་འབུད་པའི་འགྱུར་ཁུགས་སྙན་མོ་ཡིས
རིང་དུ་འཐེན་པའི་རྐང་ལམ་དེ་ཉིད་ཤིན་ཏུ་ཕྲ་མོར་བགྱིས
༢༠༡༥.༨.༢༢