འདི་ནི་གོ་ལྡོག་གི་འཇིག་རྟེན་ཞིག་ཡིན་པས།

གཅན་ཆེད་འབར།(མངའ་རིས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


བསྡད་ཀྱིན་བསྡད་ཀྱིན་ཉི་འོད་ལ་མི་ཞེད་དམ

སྐམ་རིད་དུ་གྱུར་པའི་ཉིན་མོ་དག

ཁྱེད་ཀྱིས་ཆུད་ཟོས་སུ་གཏོང་བླ་སྟེ

དུས་དེ་ཤེད་དུ ཚོར་ཤེས་དང་བྲལ་བའི་གྲིབ་གཟུགས་དག

ཐོལ་གྱིས་མངོན་འོང་སྲིད

དེ་ཡང་མིན་ཏེ དོན་དངོས་སུ

ཡོག་ལི་དང་མདོ་མེད་ཀྱི

གྲིབ་གཟུགས་མང་པོ་ལྷན་དུ་མངོན་འོང་སྲིད

གྲིབ་གཟུགས་དེ་དག་ཀྱང

ཁྱད་མཚར་ཞིག་སྟེ

མཚམས་རེར་རིང་དུ་འགྲོ་ངེས

མཚམས་རེར་ཐུང་དུ་འགྲོ་ངེས

མཚམས་རེར་རིང་པོ་མིན་ལ

ཐུང་ངུའང་མ་ཡིན་པར་འགྱུར་ངེས

མཚམས་རེར … …

གྲིབ་གཟུགས་དག་འཚང་ཁ་ཤིག་ཤིག་ངང

གཅིག་གི་རྗེས་སུ་གཅིག་གཅར་གྱིན་འདུག

ཁྱེད་ཀྱིས་རང་དང་འབྲེལ་བའི

གྲིབ་གཟུགས་དེ་རྙེད་མི་སྲིད་དེ

གྲིབ་གཟུགས་དག་བསྣོལ་མར་བསྲེས་ལ

གོ་རིམ་འཁྲུགས་ཤིང་འཆོལ

ཁྱེད་ཀྱིས་སྔར་བཞིན་བཙལ་འདོད་ནས

ཤེས་པའི་རྣོ་སྐུད་ཇེ་གྲིམ་དུ་བཏང་ནའང

གྲིབ་གཟུགས་དེ་རྙེད་མི་སྲིད་པར

དེའི་རྒྱུད་སྐུད་དག་བརྡུངས་པ་ལས་བྱུང་བའི

རོ་བྲོ་མེད་པའི་མཉམ་ལེན་འབའ་ཞིག

རྣ་བར་ལྷང་ལྷང་གིས་འཁོར་འོང་བ་ཡིན

གལ་སྲིད་མཚན་མོར་སླེབས་ན

ཟླ་བ་དང་སྐར་མ

གློག་གི་ལྒང་ཞུ་དག་ནི་མི་མཁོ་སྟེ

སྒྱུ་མ་མཁན་དེ་ཡིས་ཀྱང

རབ་རིབ་མག་མོག་གི་གྲིབ་གཟུགས་ཤིག་མ་གཏོགས

ཁྱེད་ཀྱི་མིག་ལམ་དུ་ཅི་ཡང་བསྐྱལ་འོང་མི་ཐུབ

གྲིབ་གཟུགས་དེའང་གཞན་དང་འདྲ་བར

སུ་ཞིག་གིས་བཀོད་འདོམས་བགྱིས་ན

དེའི་ཕྱི་བཞིན་དུ་འཕྱེས་ནས་འགྲོ་བས

ཁྱེད་ཀྱིས་ཚམ་ཚོམ་དང་ནེམ་ནུར་མེད་པར

རྣམ་དག་གི་སྒེའུ་ཡོལ་གྱིས

ཟླ་བ་དང་སྐར་མ

ལྒང་ཞུ་དག་གནས་དབྱུང་གཏང་དགོས

འདི་ལྟར་ན ཁྱེད་སྔངས་ཀྱང་སྲིད་མོད

དོན་དམ་པར་ཁྱེད་སྔངས་མི་དགོས་ཏེ

ཁྱེད་ཀྱིས་མིག་ཟུང་བཙུམས་ནས

ཞིབ་ཀྱིས་བློགས་དང

ཁྱེད་ཀྱིས་རིང་ནས་དོར་བའི

ལྷད་མེད་པའི་གོམ་སྒྲ་ཞིག

རང་ཉིད་ཀྱི་པང་དུ་ག་ལེར་རྟོལ་གྱིན་པ་ཐོས་ཐུབ་པས

དབུགས་ཤིག་དལ་ལྷོད་རན་པོས་འབྱིན་རྔུབ་བྱེད་ཆོག

མཚན་མོ་འདི་ཉིན་མོ་བཞིན་རོལ་ཆོག

འོན་ཀྱང འདི་ཙམ་གྱིས་རེ་བ་ཡོངས་སུ་གྲུབ་པ་མ་ཡིན་ཏེ

སྨག་རུམ་གྱི་བདེ་སྐྱིད་ཀློང་དུ

གནམ་ས་ཆ་ལང་རྡེབ་པར་བྱེད་པའི་ཀི་རྒྱངས་ཤིག་སྒྲོག་དགོས

ཡང་ན ཡིད་སེམས་མང་པོ་རལ་སྙམ་བྱེད་པའི་ཤབ་ཤུབ་འགའ་བསྙད་དགོས

དེ་ཡིས མུན་ནག་དབུས་ཀྱི་རབ་རིབ་མག་མོག་གི

གྲིབ་གཟུགས་གྲངས་མེད་པ་དག་གི

རྣམ་རིག་ཀྲོག་གེར་གཏང་ངེས

དེ་ནས གྲིབ་གཟུགས་གྲངས་མེད་པ་དག་གི་ཁོག་ལ

འཆར་སྒོ་སྣ་ཚོགས་ལྡུག་དགོས

ཡིད་སེམས་གྲངས་མེད་པ་དག་གི་ངོགས་སུ

རྨི་ལམ་སྣ་ཚོགས་འདེབས་དགོས

མཇུག་མཐར ཁྱེད་ཀྱིས

འཛུམ་མདངས་ལྷུག་ལྷུག་ངང

མུན་པ་ལ་འཚམས་འདྲི་བྱེད་དགོས

འཚམས་འདྲི་ཡང་ཡང་བྱེད་དགོས

༢༠༡༥ལོའི་ཟླ༡༠པའི་ཚེས༡༤ནས༡༥བར་སྦྱར།



རྩོམ་ཡིག་སྔོན་མ།
རྒྱ་ནག་དར་རྩེ་མདོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1