རྒྱ་ནག་དར་རྩེ་མདོ།

གཡུ་སྲས།(ཁྲིན་ཏུའུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཉག་ཆུ་སྔོན་མོ་ཁྱེད་ཀྱི་གཡས་ཕྱོགས་ནས་བབས་ཤིང

རྒྱལ་མོ་རྔུལ་ཆུ་ཁྱེད་ཀྱི་གཡོན་ཕྱོགས་ནས་བཞུར་འོངས་ཏེ

ལུང་ཁོག་འདིའི་སྐྱེ་འགྲོ་ཀུན་ལ་བདུད་རྩིའི་དངོས་གྲུབ་བསྩལ

ལོ་རྒྱུས་ཁྲོད་ལོ་ཆེན་བཻ་རོ་ཙ་ནས་འདི་རུ་འགྲུལ་ལམ་བསྐྱངས་ཤིང

རྒྱལ་དབང་སྐུ་ཕྲེང་དྲུག་པས་གནས་འདིར་ཞབས་ཀྱིས་བཅགས

གྲུབ་ཆེན་ཐང་སྟོང་རྒྱལ་པོས་འདི་རུ་ལྕགས་ཟམ་བཏིངས་ལ

པཎ་ཆེན་སྐུ་ཕྲེང་བཅུ་པས་འདི་རུ་ཕྱག་ཕེབས་གཟིགས་སྐོར་མཛད

ད་དུང་སྐྱེས་ཆེན་གང་མང་ཞིག་གིས་འདི་རུ་ལས་འབྲེལ་བཞག་སྟེ

སྲིད་སྐྱོང་ཆོས་འཁོར་བསྐོར་བའི་ངོ་མཚར་གླིང་ལ་གྲགས

དེ་ལྟ་ནའང དུས་རབས་ཕྱེད་ཀའི་ཡུན་ཙམ་གྱི་རིང་ལ

གནས་འདིར་རྒྱུས་ཡོད་རྒྱུས་མེད་ཀྱི་ངོ་གདོང་དག་ལྷགས་ཏེ

ཡིད་ཆེས་ཀྱི་མཁར་གྱང་བཤིགས་ཤིང་གཡོ་ཁྲམ་གྱི་གྲིབ་མ་བསྒོས་པས

སྤྱང་ཚོགས་ཀྱི་མཆེ་སྡེར་ལྟ་བུའི་ལག་པས་དབྱངས་གསལ་རྨས་ཤིང

འཐོར་རླུང་གི་གཤོག་པ་ལྟ་བུའི་འདོད་རྔམ་གྱིས་ས་གཞི་བྲུས

རིགས་རྒྱུད་ཅིག་གི་ཕྱི་ནང་ཚྭ་མཚོ་བཞིན་བསླད་ཅིང་སྦགས་པས

གྲོང་ཚོ་འདིའི་སྲང་ལམ་དང་གྲུ་ག་ཡོད་ཚད་རྦད་དེ་འགྱུར་འདུག

གྲོང་ཚོ་འདིའི་ཕྱི་ནང་གཉིས་ཀར་སྐྱུར་དྲི་ཁ་མོ་ཞིག་འཐུལ་འདུག

དེ་རིང་དར་རྩེ་མདོའི་སྤུ་གྲི་ལྟ་བུའི་རླུང་ཁར་འགྲེང་དུས

སྤྲིན་ཚོགས་ཀྱི་རྔམས་ཁ་མཐུག་པོས་རི་ཀླུང་བཀླུབས་ཀྱང

གཙང་ཆབ་ཀྱི་བཞུར་སྒྲ་རིང་མོ་ལས་གྲང་ངར་སྐྱེས་ཡོང

དེ་ནི་ཕ་སྐད་ཀྱི་ཀེང་རུས་འཐོར་བའི་ཧྲུག་སྒྲའམ

མི་རབས་ཤིག་གི་སྒལ་ཚིགས་ཆག་པའི་ངུ་སྐད་ཡིན་སྲིད

ཡང་ན་ཁྱེད་རང་ང་དང་རྒྱང་ཐག་རིང་བོར་ཕྱིན་པའི་སྔ་ལྟས་སམ

ལོ་རྒྱུས་ཀྱི་ཕྲེང་ཐག་ལས་ལྟུང་བའི་སྔོན་འགྲོའི་རོལ་མོར་འཁྲུལ་སོང

༢༠༡༨.༨.༢༡ཉིན་རྒྱ་ནག་དར་རྩེ་མདོ་རུ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1