གཡུ་ཆུང་དྲུག་དཀར།

བྲག་རྡོ།(མཚོ་བྱང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


སྤྲིན་པ་བརྟོལ་བའི་བདག་གི་སེམས་པ་འདི

ཆར་བའི་ཁོང་གསེང་བརྒལ་བའི་བདག་གི་སེམས་པ་འདི

ནམ་ཞིག་ག་ལེར་སུ་ཞིག་གི་སེམས་ནས་ཡུན་གྱིས་སྡོད་སྲིད

ནམ་ཞིག་བརྩེ་གདུང་གི་རི་མོ་དེ་གང་ཞིག་ནས་བྲི་སྲིད

ཡང་ན་སུ་ཡི་ཆེད་དུ་སེམས་ཀྱི་སྐྱོ་སྡུག་གི་དངན་པ་འཐེན་སྲིད

ཡིག་འབྲུ་འགའི་བར་ནས་ཁྱེད་རང་གླེང་ཐབས་བྲལ་ཏེ

འབྱུང་འགྱུར་ནི་སུས་ཀྱང་མི་ཚོར་བའི་རྨི་ལམ་གྱི་མཛེས་པ་ཞིག

ང་ནམ་ཡང་བདེ་ཐང་ངང་འཚོ་བར་འདོད་དེ

བདེ་ཐང་གི་ཁྲོད་ནས་ངས་ཁྱེད་ལ་བདེ་ཐང་གླེང་འདོད

ནམ་ཞིག་ང་རང་བདེ་ཐང་ངང་ཁྱོའི་སེམས་ལྗོངས་སུ་ལོག་ཐུབ

ནམ་ཞིག་ང་ཚོ་བདེ་ཐང་ཡིན་སྲིད་ཨང

ལོ་ཟླ་ནི་ཁྱེད་ཀྱི་མིག་ཀོང་དུ་འཁྱིལ་བའི་མིག་ཆུ་དེའོ

མིག་ཆུའི་གཏམ་རྒྱུད་དག་ཁྱེད་ཀྱི་སེམས་ཁོང་དུ་སྦས་ཡོད

གསང་བ་རུ་གྱུར་ཚར་བའི་མིག་ཆུའི་གཏམ་རྒྱུད་དེ་ཚོ

སུ་ཞིག་གི་སེམས་ཀོང་དུ་ག་ལེར་སྦ་བར་འདོད

ཡང་ན་སུ་ཞིག་གི་མིག་ཆུའི་གཏམ་རྒྱུད་དུ་བསྟིམ་འདོད

ང་ཁོ་ན་ནམ་ཡང་གཏམ་རྒྱུད་དུ་ཐིམ་ཆོག་པར་ཞུ

རྒྱུ་མཚན་ནི་ང་རང་ཁེར་རྐྱང་ངང་འཚོ་བར་ཤིན་ཏུ་སྐྲག

སེམས་ཀྱི་འབབ་ཚུགས་དག་ན་ཁྱེད་རང་ཡོད་པས

ངའི་འགྲུལ་བཞུད་ཀྱི་རྟ་ཁ་ནམ་ཡང་ལྷོད་མི་དགོས

སེམས་སུ་ཟུག་པའི་ཁྱེད་ཁོ་ནའི་རྒྱབ་གཟུགས་དག

ངས་གཏམ་རྒྱུད་དུ་སྒྲིག་སྟེ་སེམས་ཁོང་དུ་སྦས

ང་ཚོའི་མི་རབས་དག་གི་གཟིགས་རྟེན་དུ་ཕུལ

ང་ཁོ་ན་ཁྱེད་ཀྱི་སེམས་ལྗོངས་སུ་འཚོ་ཆོག་པར་ཞུ

རྒྱུ་མཚན་ནི་ང་རང་ཁེར་རྐྱང་དུ་ལུས་པར་ཧ་ཅང་སྐྲག

ང་ཚོ་ནི་ནམ་ཡང་འགྲུལ་བཞུད་པ་དེ་ཚོ་ཡིན་པས

རྗེས་སུ་ལུས་པའི་ཁྱེད་རང་ངས་གཏན་དུ་བསྐྱུར་མི་འདོད

ངས་ཁྱེད་ལ་སང་ཉིན་གྱི་འཆར་གཞི་གླེང་ཆོག་པས

ཁེར་ཧྲེང་དུ་ལུས་པའི་ཁྱེད་ཀྱི་སེམས་པ་དེ

ག་ལེར་ངའི་འཆར་ཡན་གྱི་གྲོང་ཚོར་ཕེབས་ཏེ

ངས་བཟོས་པའི་འཆར་གཞིའི་སྒྲོམ་དུ་འཛུལ་ཆོག

འུ་ཚོ་ནི་ནམ་ཡང་ཁེར་རྐྱང་བ་དེ་ཚོ་ཡིན་པས

ངས་ཁེར་རྐྱང་དུ་ལུས་པའི་ཁྱེད་ཀྱི་སེམས་པ་བསྐྱུར་མི་འདོད

ང་ནམ་ཡང་ཁྱེད་ཀྱི་ལོག་ཕེབས་ལ་སྒུག་མཁན་དེ་ཡིན་པས

ངས་ཁྱེད་ཀྱི་ལོག་ཕེབས་ཀྱི་ཁ་ཕྱོགས་དྲན་ཡོད

ང་ནམ་ཡང་ཁྱེད་ཀྱི་གྲིབ་རིས་ལ་ཁེན་ཡོད་པས

ཁྱེད་རང་ལྕུག་ལྕུག་ཏུ་འགུལ་བ་མ་གནང

ཁྱེད་རང་ལྡེབས་རིས་སུ་བྲིས་པའི་གཞོན་ནུ་མ་དེ་ཡིན་ནམ

ཡང་ན་ངའི་སེམས་ངོས་སུ་བབས་པའི་གཞོན་ནུ་མ་དེ་ཡིན

གང་ལྟར་ངས་ཁྱེད་རང་ག་ཤེད་ཅིག་མཐོང་བ་འདྲ

ནམ་ཟླ་འདི་ཁྱེད་ལ་ཆེད་དུ་བཟོས་པ་ཡིན་པས

ཁྱེད་རང་ང་རྒྱལ་ངང་དལ་གྱིས་ང་སར་ཕེབས་ཤོག

དགུན་ཟླའི་ཁ་བ་ནི་བདག་གི་སེམས་གཏམ་ཡིན་པས

ང་རང་ཁ་བ་བཞིན་ཁྱེད་ཀྱི་པང་དུ་བབས

ཁ་བ་བཞིན་དུ་ཞུ་འགྲོ་བའི་བདག་གི་སེམས་གཏམ་དེ་ཚོ

ཁྱེད་ཀྱི་སེམས་ཀྱི་ཟབ་ས་ཞིག་ཏུ་ག་ལེར་སིམ

ཞོར་དུ་ང་རང་ཁྱེད་ཀྱི་སེམས་གཏིང་དུ་སིམ་པར་སྨོན

གཏམ་རྒྱུད་དག་ཁྱེད་ཀྱི་བློ་ཁོག་ཏུ་སྦས་ཡོད

ང་རང་གཏམ་རྒྱུད་དག་གི་ཁྲོད་དུ་སྦས་ཡོད

ད་ནི་བདེ་འཚམས་དྲིས་ཏེ་གཏམ་རྒྱུད་གླེང་ཆོག་པས

དགུན་ཟླ་འདིར་ངའི་སེམས་པ་དྲོད་ཀྱིས་ཁེངས་ཡོད

ང་རང་ཁ་བ་བཞིན་ཞུ་ཆོག་པས

ད་ནི་དབྱར་ཟླ་མ་སླེབས་ནའང་ཆོག

ལོ་ཟླ་བཞུད་ཟིན་ནའང

སེམས་ཀྱི་མངའ་ཐང་ཁྱེད་ལ་བསྐྱུར་ཆོག



རྩོམ་ཡིག་སྔོན་མ།
སྒྲོན་མེ།
རྩོམ་ཡིག་རྗེས་མ།
ས་ཆེན་པོར་བླངས་པའི་གླུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1