ཁྱེད་རང་ལམ་ལ་ཆས་དུས།

གངས་བུ་སྒྲོལ་ལོག(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཁྱེད་རང་ལམ་ལ་ཆས་དུས

ངའི་སེམས་སུ་གྱེས་གདུང་གི་རི་རབ་ཉིལ་བྱུང

རྡུལ་སྨུག་ཁད་ཅིག་ལ་འཐིབས་ནས

ཡ་ཆུང་གི་བྱང་ཁོག་ཡུན་གྱིས་བསྒྲིབས

ཆུ་མོས་ངུ་སྐད་སྒྲོག་ཅིང རྡོ་བའི་མིག་ཆུ་ཤམ་ཤུམ

བགྲང་བྱ་གཉིས་མཚར་སྡུག་གི་རྨི་ལམ་ཁྲོད་བཞུད་སོང

བགྲང་བྱ་གཉིས་འཁྲེང་སེམས་དང་རེ་བཞག་ངང་ཚར་སོང

བགྲང་བྱ་གཉིས ཆུ་ཚོད་སྐར་ཆ་གཉིས

བགྲང་བྱ་གཉིས སྐར་ཆའི་ཡང་ཆ་གཉིས

གློ་བུར་དུ ཁྱེད་ཉིད་ལྷོ་བཞུད་ཁྲུང་ཁྲུང་དང་བསྡོངས་ནས

ངའི་ཡིད་སེམས་ཀྱི་དབྱར་གཞུང་ལ་ཕྱི་མིག་བཞག

ཁྱེད་ཉིད་ཐོ་རེངས་སྐར་ཆེན་དང་འགྲོགས་པས

ངའི་མཚར་སྡུག་གི་རྨི་ལམ་སིལ་བུར་གཏོར

ད་ནི ངའི་ཁོར་ཡུག་ཡོད་ཚད་ཡ་ང་བའི་མྱ་ངམ་བྱེ་ཐང་ཡིན

ངའི་ཡིད་སེམས་མཐའ་དག་མ་མེད་པའི་ཤེའུ་ཆུང་ཁེར་འགྲོ་ཡིན

ཁྱེད་ཉིད་རྒྱང་དུ་ཆས་རྗེས དགུན་གསུམ་བུ་ཡུག་རྒྱ་སྟག་བཞིན་འཚུབ་པའམ

དབྱར་གསུམ་ཚ་གདུང་མེ་དཔུང་བཞིན་འབར་དུས

བདག་སེམས་བདེ་ལ་འབབ་པའི་གོ་སྐབས་མ་མཆིས

དབྱར་དགུན་སྟོན་དཔྱིད་མེད་པར

ཉི་མ་སུམ་བརྒྱ་དྲུག་ཅུར སེམས་ཁྲལ་རྦ་རླབས་སུ་འཁྲུལ་ནས་ནམ་ཡང་འཇགས་མ་ཐུབ

ཁྱེད་རང་ལམ་ལ་ཆས་དུས ངའི་འགྲོ་འདུག་གོམ་ཁ་ཁྱར་ཁྱོར སྨྲ་བརྗོད་ཚིག་འགྲོས་ལྡབ་ལྡིབ

… …ཁ་སང་གི་ཡིད་འོང་གཏམ་རྒྱུད

དེ་རིང་གི་དམྱལ་བའི་སེམས་ཁམས

སང་ཉིན་གྱི… …

གང་ལྟར ས་འབའ་ཡུལ་མེ་ཏོག་ལུང་བར

རྨིག་བཞི་རྟ་ཕོས་མི་ཆོད་ཀྱང

ངའི་སེམས་པས་ཉིན་སྐོར་མཚན་སྐོར་རྒྱག་ངེས



རྩོམ་ཡིག་སྔོན་མ།
ས་ཆེན་པོར་བླངས་པའི་གླུ།
རྩོམ་ཡིག་རྗེས་མ།
ཁུར་མོང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1