རྟ་ཕོའི་དག་གཙང་དང་ཤེས་པ། སྙན་ངག་གི་རིང་ལུགས། —སྙན་ངག《ཨ་ཕའི་རྟ་ཕོ》 དང《རྟ་ཕོ་སྔོ་སྔོ》 གཉིས་ཀྱི་གཤིབ་བསྡུར།

དཔལ་ལྡན་རྒྱ་མཚོ།(ཀན་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


བོད་ཀྱི་རྩོམ་རིག་གི་བརྗོད་བྱར་གངས་རི་དང་གངས་སེང་བྲིས་པ་ཤིན་ཏུ་མང་། འཚོ་བའི་མྱོང་རྟོག་གི་ངོས་སུ་དབབ་མི་ཐུབ་པའི་གངས་སེང་ནི་རིག་གནས་ཀྱི་བརྡ་རྟགས་ཤིག་ཡིན་པ་སུས་ཀྱང་ཁས་ལེན་ངེས་ཤིང་། དེར་བརྟེན་ར་བ་གངས་རིས་བསྐོར་བའི་ཡུལ་གྲུ་འདིའི་སྣོད་ཀྱི་འཇིག་རྟེན་བརྟན་ཞིང་ཆགས་པ་ལ་བཅུད་ཀྱི་སེམས་ཅན་གངས་སེང་དཀར་མོ་བརྗིད་ཅིང་མཛེས་པའི་སྣོད་བཅུད་རྟེན་འབྲེལ་གྱི་དགོངས་པའི་ངོས་ནས་བསམས་ན། རིག་གནས་ཀྱི་གོང་ཐང་ཆེན་པོ་ཡོད་པའི་མི་ཚད་རྟེན་འབྲེལ་གྱི་ལྟ་དགོངས་ཀྱང་ཁྱད་པར་བ་ཡོད་པའི་རིན་ཐང་ཤེས་ཐུབ། དེ་ལས་ལྡོག་སྟེ་བོད་ཀྱི་རྟ་ཕོ་དང་ལྷ་གཡག སྒོ་ཁྱི། འབྲི་མོ་སོགས་སྙན་ངག་བརྩམས་ཆོས་སུ་བྲིས་ཡོད་པ་ཉུང་ངུར་སྣང་། སྣེ་འདི་ནས་ཤེས་ཐུབ་པ་ནི་བོད་ཀྱི་རྩོམ་རིག་གི་ལམ་ཁ་གུ་དོག་པ་དང་རྩོམ་འབྲི་མཁན་གྱི་མཐོང་སྣེ་ལྕིད་པས་འཚོ་བའི་གཏིང་ལ་ཟུག་ཐུབ་མེད་པར་ཡངས་པའི་དགུང་ལ་གཏད་དེ་འཕྱོ་གཡེང་གི་རྣམ་པར་ཐོགས་པའི་སྣང་ཡང་གི་ཆ་དེ་གསལཡིན། རྩོམ་རིག་ནི་འཚོ་བ་ལས་བྱུང་བ་བདེན་པར་གྲུབ་ནའང་། ང་ཚོས་འཚོ་བའི་གཏིང་དུ་ཡོད་པའི་རིག་གནས་ཀྱི་ངོ་བོ་མ་ཟིན་ཚེ་བདེན་རྫུན་བླང་དོར་གྱི་འཇུག་ངོགས་མི་རྙེད་ལ། རང་མཐོང་གི་ཤེས་པ་ཕྲ་མོས་སྙན་ངག་གི་རྣམ་ཤེས་དགུག་ཏུ་མེད་ཅིང་། རྩོམ་རིག་གི་མངའ་ཐང་བསྙེག་ཐབས་མེད་པས། མི་རིགས་སོ་སོའི་རིག་གནས་སྣ་ཚོགས་ཀྱི་འོ་མ་དཀྲུགས་པའི་ཉིང་ཁུ་ལས་རྩོམ་རིག་གི་བསམ་བློའི་མར་ལོ་སེར་པོ་འབྱུང་ངེས་པ་ཡིན། རྩོམ་རིག་ནི་རྣམ་ཀུན་མི་རིགས་གང་དེའི་ཡུལ་སྲོལ་དང་འཚོ་བ། ཐོན་སྐྱེད་དང་ཁོར་ཡུག་སོགས་ཀྱི་གཟུང་ཐག་དང་འབྲལ་དུ་མེད་པའི་མུ་ཏིག་གི་ཕྲེང་རྡོག་འོད་འཚེར་ཞིང་གསལ་བ་དེའོ།།

དང་པོ། རྟ་ཕོའི་དག་གཙང་དང་ཤེས་པ།

རྟ་ཕོ་ནི་བོད་མིའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། བོད་པ་མ་ཟད་འཛམ་གླིང་ཡུལ་གྲུ་ཀུན་ཏུའང་རྟ་ཕོ་ལ་གཅེས་འཛིན་བཀུར་སྟི་བྱེད་པའི་རིག་གནས་ཀྱི་སྲོལ་བཟང་རྒྱུན་འབྱམས་སུ་ཡོད། དེ་དག་ཕྱོགས་སུ་དྲིལ་ཏེ་བཤད་ན། ང་ཚོས་ཨ་རིའི་གློག་བརྙན《གཡུལ་རྟ》 ཞེས་པ་ལས་མི་རྟའི་བར་གྱི་མཛའ་བརྩེ་དང་ཡིད་རྟོན། དག་གཙང་སོགས་ཀྱི་རིག་གནས་གཟུང་ཐག་དམ་དུ་ཡོད་པ་ཚེགས་མེད་དུ་ཤེས་ཐུབ་པ་ཡིན། དེ་བཞིན་བོད་མིའི་འཚོ་བའི་ཁྲོད་དུའང་མི་རྟ་གཉིས་ཞེས་གཙིགས་ཆེན་དུ་འཛིན་པ་ནི་བྱེ་བྲག་གིས་བུ་རྟ་གཉིས་ཀྱི་སྟེང་ལ་དབབ་ནས་བཤད་དགོས་ཀྱི་ཡོད་དེ།ཀྱལ་ཏ་དམར་ཡག་སྐྱེས་ས་ན། བུ་རྟ་བཙན་གྱིས་འཁྱེར་ས་མེདཅེས་དང་། བོད་བཙན་པོའི་ལོ་རྒྱུས་སུ་གསལ་བའིསྲས་ཆིབས་ཁ་ཐུབ་ན་ཡབ་དགུང་དུ་གཤེགསཞེས་སྲས་སམ་བུ་དང་རྟ་གཉིས་མཉམ་གནས་ལྷན་སྡོད་ཀྱི་རིག་གནས་ལྟ་དགོངས་ཤིག་ཆགས་ཡོད་པ་ཡིན། དེ་ལྟ་བུའི་རིག་གནས་གྱི་གོང་ཐང་ཆགས་ས་ནི་ང་ཚོས་རྒྱུན་འབྱམས་སུ་འདོད་པའི་རྟ་ཕོ་ནི་བཞོན་པ་ཙམ་དང་། འགྲིམ་འགྲུལ་ཡོ་བྱད་ཙམ། གཡུལ་རྟ་ཙམ་དུ་ཆགས་མེད་ཅིང་། རྟ་ཕོས་མི་ལ་སྲི་ཞུ་བསྒྲུབ་པའི་ཁེ་ཕན་གྱི་ཕྱིར་དུའང་མེད། མི་དང་རྟ་ཕོའི་བར་དུ་མིག་གིས་མི་མཐོང་ཞིང་སེམས་ཀྱིས་ཚོར་ནུས་པའི་རིག་གནས་ཀྱི་རྒྱུན་ཐག་གིས་སྦྲེལ་འདུག་པའི་ཤེས་པ་ཆགས་ཡོད་པ་ཡིན། དེ་བཞིན་གེ་སར་སྒྲུང་ལས་གེ་སར་རྒྱལ་པོ་དང་ཆིབས་རྟ་འཛམ་གླིང་རྐྱང་རྒོད་གཉིས་བར་གྱི་མཛའ་སེམས་དང་འབྲེལ་བ། གཅིག་གྲོགས་གཅིག་གིས་ཆོད་པའི་ནུས་མཐུ་དང་སྟོབས་ཤུགས་སོགས་མངོན་པར་ཡོད་ཅིང་། 《 བྷེ་གླིང་གཡུལ་འགྱེད》ལས་སྟག་ཕྲུག་ནོར་བུ་རྩེ་བརྒྱད་དམག་ལ་འགྲོ་ཁར་ཁོང་ལ་དམག་གེགས་ཡོད་པ་ཁོའི་རྟ་ཕོས་ཤེས་ཏེ། འགྲོ་མི་འདོད་པའི་རྣམ་འགྱུར་སྣ་ཚོགས་བསྟན་ཚུལ་དང་། 《 ཧོར་གླིང་གཡུལ་འགྱེད》ལས་རྒྱ་ཚ་ཁྲའི་སྐྱེ་བ་བླངས་ཡོད་པ་གེ་སར་གྱིས་མ་ཤེས་པར་མདའ་འཕེན་པར་རྩོམ་དུས། རྟ་རྐྱང་རྒོད་ཀྱིས་འཕག་ཐུང་ཞིག་བྱས་པས་མདའ་འཕེན་མ་ཐུབ་པ་སོགས་ཀྱི་སྣང་ཚུལ་བཀོད་ཡོད་པ་སོགས་ནི་བོད་མི་དང་རྟ་ཕོའི་བར་གྱི་སྡོངས་གྲོགས་རྟེན་འབྲེལ་གྱི་ཆ་དང་། རྟ་ཕོའི་གསལ་ཤེས་ཀྱི་རིག་པ་གསལ་དུ་མངོན་སྟངས་ཤིག་ཀྱང་ཡིན་པར་འདོད། ༢༠༡༤ལོའི་སྦྲང་ཆར་དེབ་གཉིས་པའི་སྟེང་བློ་བཟང་ལྷུན་འགྲུབ་རྡོ་རྗེ་ལགས་ཀྱིས་ལྷུག་རྩོམ《ང་དང་རྟ་ཡི་གཏམ་རྒྱུད》ཅེས་པ་ཞིག་བྲིས་ཡོད་ཅིང་། དེ་ནི་མི་རྟའི་བར་གྱི་བརྩེ་དུངས་ལས་འགོངས་པའི་ཚེ་སྲོག་གི་གནད་ག་ཞིག་ཏུ་བྲིས་ཡོད། རང་བཞིན་གྱིས་ཤེས་སླ་བ་ནི་བུ་རྟ་གཉིས་ཀྱི་གཏམ་རྒྱུད་ལ་སྦྱར་ཞིང་། རྟ་ཕོའི་ཤེས་པའི་གསལ་སྣང་གི་རིག་པ་དང་ཡིད་རྟོན་ཤེས་རབ་ཀྱི་ནུས་སྟོབས་སོགས་འཚོ་བའི་ཉམས་ཞིབ་ལས་རྩལ་དུ་བཏོན་ཏེ་བྲིས་ཤིང་། མིའི་སྲོག་བར་ལ་འབུད་ཐུབ་པའི་རྟ་ཕོའི་གཤིས་ལུགས་དང་ཤེས་པ་མངོན་མཐོང་གི་རང་གཤིས་བདེན་ལུགས་ཀྱིས་བསྟན་ཡོད། དེའི་གསང་བའི་རྒྱབ་རོལ་ཏུ་སྦས་ཡོད་པ་ནི་སྲོག་ཆགས་འདྲ་མཉམ་གྱི་ལྟ་བ་དང་མི་རྟའི་ཤེས་པའི་ཚད་རིམ་མཉམ་གནས་ཀྱི་སྣང་ཚུལ་གསལ་དག་གིས་བསྟན་ཡོད།

དེ་ལྟ་ནའང་། བོད་མིའི་རིག་གནས་ཀྱི་མ་གཟུགས་དམྱིགས་འཚོལ་གྱིས་གདབ་པའི་གཟུང་ཐག་གི་ངོས་ནས་བལྟས་པ་ཡིན་ཚེ། རྟ་ཕོ་ལ་ཅང་ཤེས་ཞེས་མི་རྣམས་ཀྱིས་ཅི་ཡང་ཤེས་པའི་ཤེས་པ་གསལ་སྣང་གི་ཆ་ལ་གདབ་ནས་དཔྱད་པ་གཏོང་གིན་ཡོད། དེ་བཞིན་འབྲོག་པའི་འཚོ་བའི་ཁྲོད་དུ་རྟ་ཕོའི་སྒ་ཆ་དང་སྒ་སྟན་ལ་སོགས་པ་རྒྱུན་མཐོང་གིས་མཐོ་སར་འཇོག་པ་དང་མི་གཙང་བཙོག་གྲིབ་ཐེབས་པར་དོ་སྣང་བྱེད་ཀྱིན་ཡོད་ལ། བོད་ཀྱི་ཡུལ་ལུང་བྱེ་བྲག་པ་ན་རྟ་ཕོ་ནི་ཕྱུགས་ཟོག་ར་བར་ལྷན་དུ་མི་འཇུག་པར་མིའི་སྡོད་ཁང་གི་གཡས་ཟུར་ནས་ཆེད་དུ་ཁེར་ཚུགས་སུ་རྟ་ར་བརྩིགས་ཤིང་དེ་ལ་འཇུག་པའི་ཡུལ་སྲོལ་གྱི་ཆ་ལ་རིག་གནས་དགོངས་དོན་འདྲེས་པའི་སྣང་ཚུལ་ཡོད་པ་ཡིན། མདོ་དབུས་མཐོ་སྒང་དུ་གནས་འཆའ་བའི་མི་རྣམས་ལ་མཚོན་ན། ལས་ཅི་བསྒྲུབ་པར་ཉེ་རིང་གང་དུ་འགྲོ་བ་ལ་རྟ་ཕོ་མེད་དུ་མི་རུང་ཞིང་། རྟ་ཕོར་སྒ་ཆས་བསྟད་དེ་ལམ་དུ་ཆས་ཁར་རྟ་ཕོས་ལེགས་ཉེས་ཅི་འབྱུང་གི་བྱ་བ་ཤེས་པས་རྟགས་དང་སྣང་ཚུལ་སྣ་ཚོགས་ཀྱི་ལམ་ནས་མིའམ་བདག་པོ་ལ་དངོས་བརྒྱུད་གང་རུང་གིས་གོ་བརྡ་སྤྲོད་པར་མཁས་པ་ཡིས། མི་རྣམས་ཀྱིས་རང་ཤུགས་ཀྱིས་རྟ་ཕོ་ལ་ཅི་ཡང་ཤེས་པའི་ཅང་ཤེས་ཀྱི་ཆོ་ལོ་སྦྱར་ཞིང་། དགའ་མོས་དང་བཀུར་སྟི་བྱེད་པ་ཡིན། དེ་ལྟར། རྟ་ཕོའི་གཤིས་རྒྱུད་ཀྱི་ཤེས་པ་དེ་ནི་མ་འོངས་སྔོན་དཔག་གི་ཆ་ཙམ་ལས་ཀྱང་ཐོད་དུ་བརྒལ་ཏེ་བཤད་ན། བདག་པོར་ལེགས་ཉེས་ཅི་འབྱུང་བའི་སྔོན་དཔག་གི་ཆ་དེ་ཙམ་མ་ཡིན་པར་རིགས་རྒྱུད་ཀྱི་ཉེ་རིང་བར་ལ་ངོ་ཚ་དང་འཛེམ་དོགས་འཆང་ཤེས་པའི་མི་ཆོས་ཀུན་སྤྱོད་ཀྱི་དགོངས་སྙིང་ལ་ཟུག་པའི་རྣམ་ཤེས་ཀྱི་དྭངས་གསལ་དང་འདྲེས་པའི་ཤེས་པ་འོད་དུ་འཁྱུག་པ་དེ་འདྲ་ཞིག་ཡོད་པས། མི་རྣམས་ཀྱིས་རྟ་ཕོའི་རང་ལུགས་དང་ཤེས་པ། དཔའ་སྤོབས། ཡིད་རྟོན། དག་གཙང་གི་ཆ་སོགས་ལ་དགའ་མོས་དང་བཀུར་སྟི་བྱས་ཤིང་། ཁྱད་འཕགས་ཀྱི་རང་བཞིན་དང་མཛེས་པས་ཡིད་སེམས་འགུགས་པའི་མཛེས་པ་ཆགས་པའང་ཡིན་པར་འདོད། དེ་ལྟ་བུའི་རིག་གནས་ཀྱི་གཟུང་ཐག་མ་ཆད་རྒྱུན་མཐུད་ཀྱིས་ལོ་རྒྱུས་ཀྱི་གཙང་པོའི་འབབ་རྒྱུན་བསྲིངས་ནས་ཡོད་པར། ཤེས་རིག་གི་འོད་ཟེར་མཆེད་སླ་བའི་མཐོ་སྒང་གི་བོད་མིའི་འཚོ་བའི་ཁྲོད་དུ་རྟ་ཕོའི་ལས་དབང་སྲུང་ཞིང་། ཟབ་ཡངས་ཀྱི་རིག་གནས་བརྗོད་སྙིང་དུ་བྱས་པའི་རྩོམ་རིག་བྲི་ནུས་ན་དེ་ནི་ཚད་མཐོའི་སྒྱུ་རྩལ་གྱི་མཛེས་པ་དང་བསམ་བློའི་ཕོ་བྲང་དུ་ཅིའི་མི་འགྱུར་ཨང་། རྩོམ་རིག་མཐའ་དག་གི་ཕ་ཁུངས་འཚོ་བ་ཡིན་པ་བཞིན་རྩོམ་རིག་ཐམས་ཅད་ཀྱི་སྲོག་ཤིང་མི་རིགས་གང་དེས་ཡུན་རིང་རྒྱུད་འཛིན་བྱས་པའི་མི་ཆོས་ཀྱི་རིག་གནས་དང་འབྲེལ་ནས་ཡོད་པས། རྩོམ་རིག་ལ་མི་རིགས་ཀྱི་ཁྱད་ཆོས་དགོས་ཤིང་མིའི་རིགས་ཀྱི་བསམ་བློའི་དྭངས་མ་འཁྲིགས་སའི་བརྩེ་གདུང་དགོས་ཕྱིར། བབ་ཆགས་པའི་རིག་གནས་ཀྱི་སྣང་ཚུལ་སྣ་ཚོགས་ནི་དོན་ཟབ་པའི་རིག་གནས་ཀྱི་དགོངས་སྙིང་དང་རྩོམ་རིག་གི་ཉིང་འབྲས་སྡུད་ས་ཡིན་ནོ།།

གཉིས་པ། སྙན་ངག་གི་རིང་ལུགས།

གཅིག རྩ་བ་གཅིག་དང་རྩེ་མོ་གཉིས།

སྙན་ངག《ཨ་ཕའི་རྟ་ཕོ》 དང《རྟ་ཕོ་སྔོ་སྔོ》 གཉིས་ནི་བརྗོད་བྱའི་ཆོས་གཅིག་པ་ལ་མཐོང་སྣེ་མི་གཅིག་པའི་སྙན་ངག་གི་ཁམས་སོ་སོ་ནས་བསྐྲུན་པའི་བརྩམས་ཆོས་ཡན་གར་བ་གཉིས་ཡིན་ཏེ། ཨ་ཕའི་རྟ་ཕོ་ལ་མཚོན་ན། བརྩེ་དུངས་དང་དྲན་གདུང་གི་ངོས་སུ་བསྙལ་ནས། ཞི་དུལ་གྱི་ངང་ནས་སྐྱོ་ཤས་དབྱིངས་སུ་བཏེགས་ཏེ་ཕུགས་བསམ་གྱི་ཁྲོད་ནས་འཇམ་མཉེན་གྱིས་བྲིས་པ་ཞིག་དང་། རྟ་ཕོ་སྔོ་སྔོ་ལ་མཚོན་ན་སེམས་ཆུང་དང་གུས་བརྩི་ཡོད་པའི་ངང་མི་ཆོས་ཀྱི་བདེན་པ་བཀྲལ་ནས། མཛའ་བརྩེ་ཕྱི་ཐག་གིས་འཆང་པའི་ངང་དགའ་སྣང་གི་ངོས་སུ་བསྐྱོན་ཏེ་དངོས་ཡོད་ཀྱི་ཁྲོད་ནས་བྲེལ་ཟིང་གིས་བྲིས་པ་ཞིག་ཡིན། སྙན་ངག་དང་བདག་པོའི་འབྲེལ་བའི་ཐད་དུ། སྙན་ངག《ཨ་ཕའི་རྟ་ཕོ》 ལས།ངས་རྨི་ལམ་དུ་ཅི་ཞིག་མཐོང་བ་རྨིས། མ་གཞི་ཨ་ཕའི་རྟ་ཕོ་ཡིན་འདུགཅེས་ཐག་གིས་བཅད་དེ་བྲིས་ཡོད། སྙན་ངག《རྟ་ཕོ་སྔོ་སྔོ》 ལས།རྟ་ཕོ་འདི་ལ་སྲིད་པའི་མགོ་རྔ་ཀུན་ཏུ། མི་ཚེའི་སྔ་ཕྱི་ཀུན་ཏུ་ཡང་། མི་ཕོ་ཞིག་གི་འདང་དང་རྩིས་ཀྱི་ལྷག་ཅིག་ཡོད་པསཞེས་གཏིང་ཐག་ཆོད་པའི་ངང་བྲིས་ཡོད། དུས་ཀྱི་བར་སྟོང་གི་ཆ་ནས་སྔ་མ་ནི་ཕུགས་བསམ་གྱི་སྟེང་ལ་བརྒྱུས་པས་རྨི་ལམ་གྱི་ཐུན་ལ་བསྐོས་ཏེ་ཡོད་པ་དང་། ཕྱི་མ་ནི་དངོས་ཡོད་ཀྱི་ངོས་སུ་བཏེགས་པས་མི་ཚེའི་སྔ་ཕྱིའི་རྒྱུན་ལ་བཏབ་ནས་ཡོད་པས། སོ་སོའི་ཐུན་མིན་གྱི་ཁྱད་ཆོས་སྒྱུ་རྩལ་མཚོན་ཐབས་ཀྱིས་རྣམ་པར་དབྱེ་ཡོད་ནའང་། མཛེས་དཔྱོད་ཀྱི་ལྟ་ཚུལ་རྟ་ཕོའི་རིག་གནས་རིན་ཐང་གི་སྟེང་ལ་བབས་ཡོད་པར་འདོད་དེ། བོད་མིའི་རིག་གནས་ལྟ་གྲུབ་ཀྱི་ངོས་སུ་བཞག་སྟེ་བསམས་ན།རྟ་འདང་ཞིག་དང་མཛོ་འདང་ཞིགཅེས་པ་དང་།ཡ་ཐོད་རྟ་ཕོ་ཁ་བཀལ་ཡིན། མ་ཐོད་མཛོ་བོ་དོས་བཀལ་ཡིནཞེས་པའི་རྟ་ཕོའི་ཤེས་གསལ་གྱི་རིན་ཐང་དང་མཛོ་བོའི་དྲིན་གཟོའི་ལྷག་བསམ་ལྟ་བུའི་དགོངས་དོན་ལ་གཅུད་ནས། སྙན་ངག་གི་ཆེས་མཐོའི་ཚད་རིམ་ཕོ་གཤིས་མཉམ་གནས་ཀྱི་གོང་ཐང་དུ་བསྒྱུར་ཡོད་པས། སྙན་ངག་སྤྱིའི་སྣང་བརྙན་ལ་སྲ་བརྟན་འགྱུར་མེད་དང་། ཤེས་པ་དག་གཙང་གི་མཛེས་རྒྱན་དཔྱངས་འདྲའི་རྔམ་བརྗིད་ཀྱི་དབུ་རྨོག་མཐོན་པོ་བསྩལ་བའི་ཞིང་ཁམས་བསྐྲུན་ཡོད། དེ་འདྲའི་སྙན་ངག་གི་ཁམས་ནི་ནམ་མཁའ་དང་འདྲ་ཞིང་། རྟ་ཕོ་དང་མི་ཕོ་ལྷན་དུ་སྦྱར་བས། ནམ་མཁའ་དང་ཉི་འོད་བསྲེས་པ་ལྟ་བུའི་ཤེས་པའི་འོད་གསལ་དང་། མཐའ་མེད་པའི་མངའ་ཐང་གི་གཟི་ཉམས་བླ་ན་མེད་པ་དེ་དག སྙན་ངག་གི་མཛེས་པའི་དྭངས་མ་རུ་འཕྱུར་པའི་ཉམས་སྣང་སྣ་ཚོགས་པ། ཀློག་མཁན་ཡོངས་ལ་ཅིག་ཅར་དུ་སྩོལ་པའི་དགེ་ཚོགས་སུ་བསྐྲུན་པ་སྙན་ངག་འདི་གཉིས་ཀྱི་རྩ་བའི་རིན་ཐང་ཡིན་སྙམ།

གཉིས། སྲོག་ཤིང་གཅིག་དང་རིང་ལུགས་གཉིས།

སྙན་ངག《ཨ་ཕའི་རྟ་ཕོ》 ནི་གྱེས་བྲལ་གྱིས་བདས་པའི་སྐྱོ་གདུང་གི་རྨ་ཁ་ཞིག་ཡིན། ཕྱིར་རྟོག་དང་རེ་སྒུག་གི་སྣང་ཚུལ་ལ་བཏབ་པས་རྨི་ལམ་གྱི་སྒྱུ་འཕྲུལ་དང་བསྡོངས་ནས་ཡོད། གཅེས་འཛིན་དང་གྱེས་གདུང་གི་སྐྱོ་བ་མཚན་སྨག་ལ་བཅོལ་བས། སྙན་ངག་གི་ན་ཟུག་ཕྱི་ནང་གཉིས་སུ་འཐིབས་ཤིང་ཁེར་རྐྱང་གི་གདུང་ཡུས་ཤིན་ཏུ་སྟུག དེ་ལ་སྙན་ངག་པས་འདི་ལྟར་བྲིས་ཡོད་དེ།ངས་ཁ་རོག་གེར་འདི་ལྟར་སྨྲས། རྟ་ཕོ། ང་ཡིན། སྐྲག་མི་དགོས། རྟ་ཕོ། འུ་གཉིས་མཉམ་དུ་ཕ་ཡུལ་ལ་འགྲོཞེས་ཕ་དྲན་པའི་གདུང་བ་རྟ་ཕོའི་སྟེང་ལ་བསྐྱིལ་ཞིང་། དེ་ལ་བརྟེན་ནས་ཕ་ཡུལ་དྲན་པར་བྱས་པའི་དྲན་པ་ཉིས་བརྩེགས་ཀྱི་ན་ཟུག་བསྟུད་མར་སྤེལ་ཡོད། དེ་ལས་ཕ་བུའི་བརྩེ་འདང་གི་མཛེས་པ་མངོན་དུ་བཏེགས་པའི་ཞོར་ལ་བུ་རྟའི་མཛའ་སེམས་ཀྱི་མདུད་པ་དམ་དུ་བརྒྱབ་ཅིང་། དེ་དང་འབྲེལ་པའི་ཨ་ཕ་དང་རྟ་ཕོའི་ལས་དབང་གི་ཉམས་སྣང་རིག་གནས་ཀྱི་སྣང་ཚུལ་དང་ངོ་བོའི་སྟེང་བཀྲལ་ཞིང་། སེམས་ཅན་ཀུན་ལ་མངའ་བའི་བརྩེ་བ་དང་ཡིད་ཆེས་ཕྲེང་མར་བརྒྱུས་པས། འཆམ་མཐུན་དཔལ་ཡོན་གྱི་དགོངས་གཞི་མཐོ་རུ་འཕགས་པར་བྱས་ཡོད། དེ་ཡང་སྙན་ངག《ཨ་ཕའི་རྟ་ཕོ》 ལས་འདི་ལྟར་མཚོན་པར་བྱས་ཡོད་དེ།ཇི་འདྲའི་དགའ་བ་ལ། ངས་རྟ་ཕོའི་ཁ་རྔོག་ལ་བྱིལ་བྱིལ་བྱས་ཆོག དང་ཐོག ངས་ཨ་ཕའི་རྟ་ཕོ་ནི་ཁོང་དང་འདྲ་བར། མཐོང་ཐུབ་རྒྱུ་མ་རེད་སྙམ། ངས་རང་ཉིད་རྟ་ཕོར་བཞོན་ཏེ། ཕ་ཡུལ་དུ་ཨ་མར་བལྟ་རུ་འགྲོ་བ་རྨིསཞེས་རྒྱུད་སྐུད་གཅིག་གི་རྡང་ལ་སེམས་ཅན་མང་དུ་བཏགས་ཤིང་། དེ་རྣམས་ཕན་ཚུན་བར་གྱི་བརྩེ་བ་དང་ཁྲེལ་གཞུང་གི་མི་ཆོས་དར་སྐུད་ཀྱི་སྟེང་ལ་བརྒྱུས་ནས་ཡོད།

སྙན་ངག《རྟ་ཕོ་སྔོ་སྔོ》 ནི་འདང་བརྩེའི་མདུད་པ་དྲག་ཏུ་མདུད་པའི་དགའ་སྣང་གི་མེ་ལོང་ཞིག་ཡིན། གསོན་ཤུགས་དང་ཡིད་རྟོན་གྱིས་ཕྱུག་པའི་དངོས་ཡོད་ཀྱི་ཐོང་གར་ཐོད་ཀྱིས་དཔྱངས་ནས་ཡོད། སྙིང་རྗེ་དང་མཛའ་སེམས་ཀྱི་དར་སྐུད་དམར་པོ་ཉི་འོད་དང་དུ་བའི་ཁ་དོག་ལ་དཀྲིས་ཏེ། ཁོད་ཡངས་ཀྱི་ནམ་མཁར་གཏད་ཅིང་། ནམ་མཁའི་དག་གཙང་དང་དུ་བའི་མཛེས་སྡུག་གི་སྣང་བརྙན་གྱིས་སླར་ཡང་སྙན་ངག་པའི་རིག་གནས་སེམས་ཁམས་དང་སྙན་ངག་གི་ཁ་དོག་ལ་འོད་སྣང་བྱུགས་འདྲའི་གསར་ཉམས་ངོམས་མེད་དུ་ཐོན་པར་བྱས་ཡོད། དེ་ལ་སྙན་ངག་པས་འདི་ལྟར་བྲིས་ཡོད་དེ།ངའི་ངའོ་མཚོན་བྱེད་ཀྱི་སྙིང་རྩིད་དང་འབྲལ་མ་མྱོང་། མདེའུའི་དྲག་ཆར་ཁབ་ཀྱི་རྒྱུན་དང་མཚུངས། རྒྱོབ་སོད་ཀུ་ཅོ་འབྲུག་སྒྲའི་སྟོབས་དང་མཉམ། ང་དང་རྟ་ཕོ་སྔོ་སྔོ་གཉིས་ཀ འོད་དང་དུ་བ་འཁྲིགས་པའི་བདུད་ཀྱི་ཁ་ནང་ནསཞེས་རྟ་ཕོ་སྙན་ངག་པའི་སྙིང་རྩིད་དང་འབྲལ་མ་མྱོང་པའི་ཞེན་དུངས་མངོན་དུ་བྲིས་ཤིང་། འོད་དང་དུ་བའི་ཤེས་གསལ་དང་སྐྱེན་འགྱུར་ལ་རྟ་ཕོ་དང་མི་ཕོ་སྦྲེལ་ཏེ། མི་རྟའི་བར་གྱི་གསང་བ་དང་ལྐོག་གྱུར་དུ་ཡོད་པའི་རིག་གནས་ཀྱི་ངོ་བོ་ཁ་དོག་གི་སྟེང་ལ་དབབ་སྟེ་བྲིས་པའི་ཆ་ཤིན་ཏུ་གསལ་པའི་ཚོར་ཉམས་ལྷག་མེད་དུ་སྟེར་ནུས་ཤིང་། སྙན་ངག་སྤྱིའི་ཁ་བྱང་ལ་རྟ་ཕོ་སྔོ་སྔོ་ཞེས་བཏགས་པའི་རྟ་ཕོ་དང་མི་ཕོ། སྔོ་སྔོ་ནམ་མཁའི་མདོག་ཏུ་བཏབ་ཅིང་། དེ་དག་ནི་ཕོ་གཤིས་ཀྱི་ལུགས་སུ་བཀྲལ་ཏེ་རིག་གནས་ཀྱི་མཐོངས་སུ་བསྟད་ཡོད།

དེ་བཞིན་སྙན་ངག་ལ་བསམ་བློའི་ཟབ་ཚད་གཙོ་བོར་སྟོན་པའི་ལུགས་དང་སྒྱུ་རྩལ་མཚོན་ཐབས་ཀྱི་ཡངས་དོག་ཤུགས་ཆེར་སྟོན་པའི་ལུགས་གཉིས་སུ་བསྡུས་ཆོག་པ་ལ། སྙན་ངག《ཨ་ཕའི་རྟ་ཕོ》 ནི་རིག་གནས་ཉམས་རྒུད་ཀྱི་སྣང་ཚུལ་ལ་ཡིད་སེམས་བསྙེས་པའི་སྐྱོ་གདུང་ཕ་དྲན་པའི་བརྩེ་གདུང་ལ་བརྒྱུས་ཤིང་། དེ་ལས་རིག་གནས་སྲུང་སྐྱོང་གི་ཕུགས་འདུན་དངོས་ཡོད་སྤྱི་ཚོགས་ཀྱི་ཁ་སྟབས་ལས། མངོན་ཆུང་གིས་ཡོད་པའི་གནས་ཚུལ་ལ་ཡིད་སེམས་མུག་ནས་ཡོད་པ་དང་། ནང་སེམས་ཀྱི་གདུང་ཡུས་ལས་བསམ་བློའི་མངོན་སྟངས་སླར་མཚོན་གྱིས་བཏབ་སྟེ། ཕྱིར་རྟོག་དང་དྲན་ཤེས་མང་དུ་བསྟེན་པའི་ཤེས་ཡོན་པ་ཞིག་གི་འགན་འཁྲིའི་སྟེང་ལ་བབས་ནས་བྲིས་ཡོད་པ་ཅན་དང་། སྙན་ངག《རྟ་ཕོ་སྔོ་སྔོ》 ནི་སྣང་ཚུལ་རིག་པའི་མཛེས་འཛིན་གྱིས་རྟ་ཕོའི་མཛེས་པ་དང་བདག་པོའི་རྣམ་འགྱུར་སོགས་དགའ་སྣང་ལ་བཏབ་སྟེ། འཚོ་བའི་གསོན་ཉམས་དང་མི་ཚེའི་དད་འདུན་སོགས་སྒྱུ་རྩལ་མཚོན་ཐབས་ཀྱི་ངོས་སུ་ཤུགས་ཀྱིས་བཀྲམས་ཤིང་། མི་ཚེའི་དགའ་སྣང་དང་ཡིད་ཆེས། རེ་བ་དང་ཕུགས་འདུན་ཉི་འོད་དང་ལྷན་དུ་གསལ་ཡངས་དག་གཙང་གིས་ཕྱགས་ཏེ་ཡོད་པས། འཚོ་བའི་ངོས་ཀྱི་ཉམས་མདངས་མཐོ་རུ་འཕགས་པའི་མཚོན་ཐབས་ཀྱི་ཤུགས་ཆེ་རུ་བཀོད་ནས་བྲིས་པས། སྙན་ངག་འདི་གཉིས་ནི་རིག་གནས་ཀྱི་སྲོག་ཤིང་རྟ་ཕོ་བྱས་པའི་བརྗོད་གཞིར་མཚོན་ཐབས་ཀྱི་ལུགས་མི་འདྲ་བ་གཉིས་སུ་ཕྱེས་ཤིང་། སྙན་ངག་སོ་སོའི་མཛེས་པ་ཡན་གར་དུ་སྣང་ལ་མཐོང་སྣེ་མི་གཅིག་པའི་ཁྱད་ཆོས་ཕུན་ཚོགས་སུ་བཀྲམས་ཡོད།

གསུམ། རིང་ལུགས་གཉིས་ལས་མཐོང་བའི་གུས་ལུགས་ཤིག

དེ་ལྟར། བརྗོད་གཞི་རྟ་ཕོ་བྱས་པའི་སྙན་ངག་འདི་གཉིས་ལས་རྟ་ཕོའི་གཤིས་ལུགས་མཚོན་ཐབས་ལ་ཨ་ཕ་དང་རྟ་ཕོ་ཞེས་དང་། མི་ཕོ་དང་རྟ་ཕོ་ཞེས་ཕོ་གཤིས་ཀྱི་ཆ་ལས་མཚོན་ཡོད་པ་དང་། སྔ་མས་ཨ་ཕའི་རྟ་ཕོ་ཞེས་གུས་ལུགས་ཞི་དུལ་གྱི་ངང་ནས་བརྒྱུད་མཚོན་གྱིས་བཏབ་པ་དང་། ཕྱི་མས་ངའི་ངའོ་མཚོན་བྱེད་ཀྱི་སྙིང་རྩིད་དང་འབྲལ་མ་མྱོང་ཞེས་མི་ཕོ་རང་ཉིད་ཀྱི་ང་རྒྱལ་དང་ལྷན་དུ་བཏགས་པའི་དྲག་ཤུགས་དང་རྔམ་ཟིལ་གྱི་ངང་ནས་ཉེར་མཚོན་གྱིས་བཏབ་པ་ཞིག་ཏུ་ཡོད། དེ་བཞིན་སྙན་ངག་འདི་གཉིས་ལས་བརྗོད་བྱ་རྟ་ཕོ་བདམས་པ་དང་། རྟ་ཕོར་བཀུར་སྟི་དང་གུས་བརྩི་ལྷོད་སྟངས་ཀྱི་རིང་ལུགས་གཅིག་ཏུ་ཆགས་ཡོད་པ་དང་། ཇི་ལྟར་ཡོད་པའི་ཚུལ་ནི་རྩོམ་མཁན་གྱི་ཤེས་རབ་དང་སྒྱུ་རྩལ་མཚོན་ཐབས་ཀྱི་ཐབས་འཕྲུལ་ལ་རག་ལས་ཕྱིན། སོ་སོའི་རྣམ་པ་མི་འདྲ་བའི་དཔེ་མཚོན་གནད་ཐིངས་སུ་ཡོད་དེ། དེའང་སྙན་ངག《ཨ་ཕའི་རྟ་ཕོ》ལས།ངས་རྨི་ལམ་དུ་ཅི་ཞིག་མཐོང་བ་རྨིས། མ་གཞི་ཨ་ཕའི་རྟ་ཕོ་ཡིན་འདུགཅེས་འཇིག་རྟེན་མི་ཆོས་ཀུན་སྤྱོད་དཀྱིལ་སྙིང་དུ་བྱས་པའི་སྐམ་སའི་མི་རིགས་སྤྱི་དང་བྱེ་བྲག་སྒང་བ་བོད་མི་རིགས་ཀྱིས་མཚོན་པའི་ཕ་མའི་གུས་ལུགས་ནི་ཚད་མཐོའི་ཀུན་སྤྱོད་ཀྱི་ཚད་ཤིང་ཞིག་ཏུ་ངོས་འཛིན་པས་ན། སྙན་ངག་པས་ཨ་ཕའི་རྟ་ཕོ་ཞེས་པའི་ཕ་འདང་དང་བུ་འདང་། བུ་འདང་དང་རྟ་འདང་ཞེས་པའི་རིག་གནས་ཀྱི་ཟབ་ཡངས་འཁྲོལ་ཕྱིར། ཨ་ཕ་དང་རྟ་ཕོ་མཉམ་དུ་སྦྱར་ཞིང་ལྷན་དུ་བྲིས་ཡོད་པ་རེད།

སྙན་ངག《རྟ་ཕོ་སྔོ་སྔོ》 ལས།དྲུག་མགོའི་སྟེང་དུ་ལྕག་གིས་གཞུ་མ་ཕོད། སྲབ་སྐྱོགས་ཀྱིས་ཀྱང་སྟོབས་ཅན་བསྒག་མ་ཕོད། ཚིགས་མགོ་རྨ་ཡིས་གཟུང་བར་སྐྲག་ནས། སུམ་སྒྲོག་ཆོན་མགོ་ནས་སད་ཀྱིས་བཟུང་། རྟ་ཕོ་འདི་ལ་སྲིད་པའི་མགོ་རྔ་ཀུན་ཏུ། མི་ཚེའི་སྔ་ཕྱི་ཀུན་ཏུ་ཡང་། མི་ཕོ་ཞིག་གི་འདང་དང་རྩིས་ཀྱི་ལྷག་ཅིག་ཡོད་པས། ངས་སྒ་དང་སྲབ་དང་སྒྲོག་ཀྱང་། བུད་མེད་ཅིག་གི་རྐང་ཞབས་སུ་བཞག་མ་མྱོངཞེས་གཏན་ཚིགས་ཀྱི་དོན་ལ་ཚིག་གི་མཛེས་པས་སྤུད་དེ་སེམས་ཀྱི་དུངས་འདུན་གྱི་སྒྲ་དབྱངས་ལྷུག་པོར་བཀྲལ་ནས་བྲིས་ཡོད་དེ། ལྕག་གིས་གཞུ་མ་ཕོད་པ། སྲབ་སྐྱོགས་ཀྱིས་ཀྱང་ཤེད་ཀྱིས་བསྒག་མ་ཕོད་ཚུལ། སྒྲོག་ལ་རྒྱག་མི་ཐུབ་པ། སྒ་སྲབ་སྒྲོག་གསུམ་བུད་མེད་ཅིག་གི་རྐང་ཞབས་སུ་འཇོག་མ་མྱོང་ཞེས་རྟ་ཕོ་དང་མི་ཕོའི་བར་གྱི་གསང་བ་དང་ལྐོག་ཏུ་གྱུར་པའི་རིག་གནས་ཟབ་མཐུག་ལ་བརྒྱུས་ཤིང་། མི་རྟ་གཉིས་ཀྱི་བསམ་པའི་བརྩེ་དུངས་ཀྱི་སྟེང་ལའང་བརྒྱུས་ནས་ཡོད་པ་ཤེས་ཐུབ། དེ་དག་ལས་རྟ་ཕོར་གུས་ལུགས་བསྲུང་སྟངས་ཀྱི་རིག་གནས་རིན་ཐང་ཞིག་མངོན་པར་བཏབ་ཡོད་པ་དང་། སྙན་ངག་ཐུང་ངུ་འདི་གཉིས་ཀྱི་མྱོང་ཀློག་ལས་བོད་མིའི་རིག་གནས་ཀྱི་དད་རྟེན་དུ་བཀུར་ཞིང་འཚོ་བའི་གྲུབ་ཆ་གལ་ཆེན་དུ་གྱུར་པའི་རྟ་ཕོའི་རིག་གནས་སྣང་ཚུལ་ཞིག་ཚུར་སྣང་བྱས་འདུག་པའི་དངོས་མཐོང་གི་ཡན་ལག་འདི་སྙན་ངག་འདི་གཉིས་ཀྱི་བརྗོད་བྱའི་གདམ་གསེས་སྟེང་གི་རྒྱལ་ཁའང་ཡིན་པར་འདོད་དོ།།

བཞི། མཇུག་སྡུད་སྟངས་ཐོབ་ཤོར་གཉིས་དང་བརྒྱུས་པ།

སྙན་ངག་འདི་གཉིས་ཀྱི་མཇུག་སྡུད་སྟངས་མི་འདྲ་བའི་རྣམ་པ་གཉིས་ནི་རིག་གནས་ཆགས་འཇིག་གི་སྣང་ཚུལ་གཉིས་སུ་མཐོང་སྟེ། སྙན་ངག་གང་ཞིག་བློས་བསླངས་ཀྱི་གོ་རིམ་ཁྲོད་ནས་སྙན་ངག་གི་མགོ་རྩོམ་སྟངས་དང་མཇུག་སྡུད་སྟངས་ཀྱིས་བདག་ལ་ནམ་ཡང་ཚོར་བ་ཤུགས་དྲག་ཏུ་སྟེར་བས་ན། ནམ་རྒྱུན་སྙན་ངག་མྱོང་ཀློག་གི་གོ་རིམ་ཁྲོད་ནས་དེ་གཉིས་ལ་དོ་སྣང་བླ་ལྷག་ཏུ་བགྱི་བཞིན་ཡོད། དེ་འདྲའི་ངོས་གཅིག་ལ་སྣེ་མི་གཅིག་པའི་མཐོང་ལམ་རིགས་གཉིས་སུ་ཡོད་པ་ནི། སྙན་ངག་པའི་བསམ་བློའི་ཉིང་ཁུ་འཁྲིགས་ས་ཡིན་ལ་སྒྱུ་རྩལ་གྱི་ཐབས་འཕྲུལ་ངོམ་སའང་ཡིན་པས། སྙན་ངག་གི་མཇུག་སྡུད་སྟངས་དང་མགོ་རྩོམ་སྟངས་ནི་སྙན་ངག་པ་ལ་མཚོན་ན་ཞིབ་ཚགས་ཀྱི་གནད་ག་ཞིག་ཡིན་ཞིང་། ཧ་ཅང་དཀའ་ཚེགས་དོད་པའི་ལས་ཀ་ཞིག་ཀྱང་ཡིན་པར་འདོད། དེ་བས། སྙན་ངག་འདི་གཉིས་ཀྱི་མཇུག་སྡུད་སྟངས་ལ་སོ་སོའི་ཁྱད་ཆོས་དང་རིན་ཐང་ཡོད་ཅིང་། ངོ་མཚར་གྱི་ལྟད་མོའང་འདུག་སྙམ་སྟེ། སྙན་ངག《ཨ་ཕའི་རྟ་ཕོ》 ལས་འདི་ལྟར་མཇུག་བསྡུས་ཡོད་དེངས་རང་ཉིད་རྟ་ཕོ་ལས་ཀྱང་སྐྲག་གིན་ཡོད་པ་རྨིས། འོན་ཏེ་ངས། ཨ་ཕའི་རྟ་ཕོ་རང་གི་མཐོང་ལམ་དུ་ཡལ་བ་རྨིས། ངས་ང་གཉིད་ལས་སད་པ་རྨིས། ཡིན་ཡང་དུས་ནི་ནམ་གུང་ལ་སླེབས་འདུགཅེས་སྐྱོ་གདུང་གིས་མཇུག་བསྡུས་ཡོད། སྟོང་སང་གི་སེམས་ཁམས་ཤིག་གི་གྱོང་གུད་བྲིས་ཡོད། ཐོབ་ཤོར་གཉིས་ལས་ཕར་ལ་ཤོར་བའི་སྣང་ཚུལ་སྐྱོ་ཤས་སུ་བཏགས་ནས་ཡོད།

སྙན་ངག《རྟ་ཕོ་སྔོ་སྔོ》 ལས་འདི་ལྟར་མཇུག་བསྡུས་ཡོད་དེ།ང་དང་རྟ་ཕོ་སྔོ་སྔོ་གཉིས་ཀ འོད་དང་དུ་བ་འཁྲིགས་པའི་བདུད་ཀྱི་ཁ་ནང་ནས། འུར་ཆའི་ཁུག་གི་ཆུ་རྡོ་སྔོན་པོ་བཞིན། མདའ་རྒྱང་གང་དུ་མཆོངས་ཤིང་རྩེད་ཀྱིན་ཡོངཞེས་ཆུ་རྡོ་སྔོན་པོ་དང་རྟ་ཕོ་སྔོ་སྔོ་གཉིས་ཀྱི་ཁ་དོག་གཅིག་ཏུ་དྲིལ་པའི་སྟོབས་ལྡན་ཤུགས་འཆང་གི་ངང་ནས་མཇུག་བསྡུས་ཡོད། དགའ་སྣང་དང་སྤྲོ་སེམས་ཆེར་བརྟས་ཀྱིས་བྲིས་ཡོད། ཐོབ་ཤོར་གཉིས་ལས་ཚུར་ལ་ཐོབ་པའི་སྣང་ཚུལ་དགའ་སྣང་དུ་བཏགས་ནས་ཡོད། ཕར་མཆོངས་ཤིང་ཚུར་རྩེད་ཀྱིན་ཡོང་གིན་པ་གསོན་ཉམས་ཀྱིས་བཞེངས་ཡོད།

དེ་ལྟར། སྙན་ངག《ཨ་ཕའི་རྟ་ཕོ》 དང《རྟ་ཕོ་སྔོ་སྔོ》 གཉིས་ནི་བོད་མིའི་འཚོ་བའི་ཁྲོད་ཀྱི་རྟ་ཕོ་གཉིས་ཕོ་གཤིས་དང་སྦྱར་ཏེ་བྲིས་ཤིང་། རྟ་ཕོའི་ཤེས་པ་དང་དག་གཙང་གི་ཆ་དེ་བོད་མིའི་རིག་གནས་དང་སྦྱར་ནས་དཔྱད་པ་གཏོང་ཁུལ་བགྱིས་ཡོད་ལ། རྩོམ་རིག་མཐའ་དག་གི་འབྱུང་ཁུངས་ནི་འཚོ་བ་དང་རིག་གནས་ཡིན་པ་རྒྱབ་དཔང་དུ་བཅོལ་ཏེ། སྙན་ངག་ནི་འཚོ་བའི་རིང་ལུགས་ལས་འདའ་རུ་མེད་ཅིང་། འཚོ་བ་ནི་རིག་གནས་ཀྱི་སྙིང་བོ་ལས་འབོར་དུ་མེད་པའི་ཆོས་ཉིད་གཏན་ཚིགས་སུ་བཏབ་སྟེ་རྩོམ་རིག་གི་དཔྱད་པ་འདི་རེ་ཞིག་རྫོགས་པར་བགྱིས་པས་ཀུན་ལ་སྨན་པར་ཤོག །

༢༠༡༨.༤.༡༨ཉིན་ལན་གྲུ་ནས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1