ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        ཟླ་2ཚེས་2ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་ཀའི་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ལས་འགན་གཙོ་བོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་དབུལ་སྐྱོར་གསར་སྤེལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཇུས་དགོངས་པ་གལ་ཆེན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་གཞི་རྩའི་བྱ་ཐབས་ལ་བརྩིས་ཏེ་ཕྱོགས་ཡོངས་ནས་གྲུབ་འབྲས་ཕྱོགས་བསྡོམས་དང་། ཚན་རིག་དང་མཐུན་པའི་ངང་དུས་བབ་ལ་དབྱེ་ཞིབ། བསམ་བློའི་ངོས་འཛིན་གཅིག་གྱུར། སྟོབས་ཤུགས་གཅིག་སྡུད། གནད་སྨིན་ཤུགས་འདོན། ཕྱར་བ་གྲུ་འདེགས་བཅས་བྱེད་པ་དང་། སྟོབས་ཤུགས་དེ་བས་ཆེ་བ་དང་། བྱ་ཐབས་དེ་བས་ནན་པ། འགན་འཁྲི་དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་ཕྱོགས་ཡོངས་ནས་འབད་འཐབ་བྱས་ཏེ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།

        ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བློ་བཟང་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཆེ་དགྲ་ལྷས་གསུང་བཤད་གནང་བ་རེད།

        ཟླ་2ཚེས་2ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ཚོགས་འདུ་འཚོགས་ཤིང་། འདི་ནི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་དང་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེ་སོགས་ཚོགས་འདུར་ཕེབས་པ།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཏིང་ཡེ་ཤན་དང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲོང་ཡན་ཚོགས་འདུར་ཕེབས་པ་རེད།

        ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ནོར་བུ་དོན་གྲུབ་དང་། བསྟན་ཁོ། ཝང་གཡུང་ཅུན། ཙེང་དབན་མིང་། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས་བཅས་ཚོགས་འདུར་ཕེབས་པ་རེད།

        ཚོགས་འདུའི་ཐོག་2017ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་ལ་དཔྱད་ཞིབ་དང་ཚོད་སྐོར་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་མ་ཟད། རང་ལྗོངས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་བཀོད་སྒྲིག་ཀྱང་གནང་བ་རེད།

        ཚོགས་འདུའི་ཐོག་བསྟན་དོན། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློའི་ངོས་འཛིན་སྔར་བས་གཅིག་གྱུར་དང་འགན་འཁྲིར་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། དུས་བཀག་ནང་དབུལ་སྒྲོལ་དང་དབུལ་ཞྭ་འབུད་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ་དང་། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་མཁན”གྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་མི་སེར་ཚོའི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་བཞག་སྟེ་གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སྒྲོལ་མཐའ་འཁྱོངས་བྱེད་པ་དང་། དབྱེ་བ་ཡོད་པའི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མ་དངུལ་དང་རྣམ་གྲངས་གཅིག་སྡུད་ཐོག་ཤིན་ཏུ་དབུལ་བའི་ས་ཁུལ་དང་། གྲོང་ཚོ་དབུལ་པོ། དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱི་བཅས་ལ་གཟིགས་སྐྱོང་བྱེད་པ། རྡོག་རྩ་གཅིག་སྒྲིལ་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་གཟི་བརྗིད་ལྡན་པའི་ཆབ་སྲིད་ཀྱི་ལས་འགན་དེ་ཇི་མ་ཇི་བཞིན་ལེགས་སྒྲུབ་བྱེད་དགོས།

        གཅིག་ནས་སྲིད་ཇུས་ཡང་དག་པའི་ངང་ཁོང་དུ་ཆུད་པ་བྱེད་དགོས། རྨང་གཞིའི་རང་བཞིན་གྱི་ལས་དོན་ཁག་ཏན་ཏིག་དང་། གཏིང་ཟབ། ཞིབ་ཚགས་བཅས་སྒྲུབ་སྟེ་དབུལ་སྐྱོར་བྱ་ཡུལ་གནད་སྨིན་དང་། རྣམ་གྲངས་བཀོད་སྒྲིག་གནད་སྨིན། མ་དངུལ་བེད་སྤྱོད་གནད་སྨིན། བྱེད་ཐབས་དུད་ཚང་ལ་གནད་སྨིན། གྲོང་ཚོར་མི་མངགས་གཏོང་གནད་སྨིན། དབུལ་སྒྲོལ་ཕན་འབྲས་གནད་སྨིན་བཅས་ཡོང་བ་བྱེད་དགོས། “སེམས་ཁྲལ་མི་དགོས་པ་གཉིས་དང་འགན་ལེན་གསུམ”སོགས་ཀྱི་ཚད་གཞིར་གཞིགས་ཏེ་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་མཐའ་འཁྱོངས་བྱེད་པ་དང་ཕན་བདེའི་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།

        གཉིས་ནས་ཐོན་ལས་དབུལ་སྐྱོར་ལ་དམ་འཛིན་ཏན་ཏིག་བྱེད་དགོས། མིག་སྔར་གཞི་ཚུགས་དགོས་ལ་ཕུགས་ལའང་བསམ་བློ་གཏོང་དགོས། མྱུར་འགྲུབ་དང་ནུས་པ་མྱུར་ཐོན་གྱི་དབུལ་སྐྱོར་རྣམ་གྲངས་དེ་ཡུན་རིང་བརྟན་ལྷིང་གི་དབུལ་སྒྲོལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཕན་འབྲས་མྱུར་ཐོན་དང་རྒྱུན་མཐུད་རང་བཞིན་ཆེ་བའི་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་གཏོང་བ་དང་། རྣམ་པ་སྣ་ཚོགས་ཀྱི་མཉམ་ལས་དཔལ་འབྱོར་རྩ་འཛུགས་དང་སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་དང་ཁྱབ་འགྱེད་ཀྱི་གཉེར་སྐྱོང་བྱེད་སྟངས་སྐྱེད་སྲིང་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཧུར་ཐག་གཏོང་བ་བཅས་བྱས་ཏེ་སྒྲུབ་ཐུབ་པ་དང་སྒྲུབ་མཁས་པའི་ནང་སའི་མང་ཚོགས་ཀྱི་ཡིད་དབང་བཀུག་ནས་ཡུལ་སྐོར་གྱིས་མང་ཚོགས་ལ་ཕན་པ་སྔར་བས་མང་བ་ཐོབ་རྒྱུར་སྐུལ་ཁྲིད་བྱེད་དགོས།

        གསུམ་ནས་ཡུལ་གཞན་དུ་གནས་སྤོ་རྒྱུར་ལ་སྐུལ་འདེད་གཏོང་དགོས། གཟབ་ནན་ཏན་ཏིག་དང་དོན་དངོས་དང་བསྟུན་ནས་དུས་མཉམ་དུ་གནས་སྤོ་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ཆབ་མདོའི“ས་ངན”ཡུག་ཁུལ་གྱི་གྲོང་ཁྱེར་སྒྲོལ་བའི་ཡུལ་གཞན་དུ་གནས་སྤོ་དང་ས་བབ་མཐོ་བ་སོགས་དམིགས་བསལ་ས་ཁོངས་ཀྱི་ཞིང་འབྲོག་པ་ཡུལ་གཞན་དུ་གནས་སྤོ་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་བ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། རྗེས་མཐུད་དབུལ་སྒྲོལ་བྱེད་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་གནས་སྤོས་སྤུས་ཚད་ལེགས་སུ་དང་དབུལ་སྒྲོལ་ཕན་འབྲས་སྔར་བས་ཆེ་རུ་གཏོང་དགོས།

        བཞི་ནས་རྨང་གཞིའི་ཆ་རྐྱེན་ལེགས་སུ་གཏོང་དགོས། གྲོང་གསེབ་ཀྱི་དར་རྒྱས་ཀྱི་འཐབ་ཇུས་ལ་དམིགས་པ་དང་། མཐའ་མཚམས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་པ། ཕྱིར་སྐྱོད་དང་། འཕྲིན་གཏོང་། གློག་གཏོང་། འཐུང་ཆུ་སོགས་ལ་དམིགས་ནས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་སྐུལ་འདེད་བཏང་སྟེ་དབུལ་སྒྲོལ་ཕྱུག་འགྱུར་ལ་ཆ་རྐྱེན་གཏོད་དགོས།

        ལྔ་ནས་དངུལ་རྩའི་རྒྱབ་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། རང་འགུལ་ངང་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་སྐུལ་ལྕག་དང་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་དམིགས་བསལ་གཟིགས་སྐྱོང་གི་དངུལ་རྩའི་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་རྩ་དང་གསར་སྤེལ་རང་བཞིན་གྱི་དངུལ་རྩའི་ནུས་པ་གང་ལེགས་འདོན་པ་དང་། དངུལ་རྩའི་དབུལ་སྐྱོར་བྱེད་སྟངས་གསར་གཏོད་བྱས་ནས་ཞིང་འབྲོག་ཁུལ་དུ་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་མང་དུ་གཏོང་དགོས།

        དྲུག་ནས་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བ་བྱེད་དགོས། ལས་དོན་སྒྲུབ་སྟངས་ལེགས་སུ་བཏང་སྟེ་ཚན་རིག་དང་མཐུན་པའི་ངང་དབུལ་སྐྱོར་དང་། རིག་སྐྱོར། བློ་སྐྱོར་བཅས་ཀྱི་ཁོར་ཡུག་ཅིག་གཏོད་པ་དང་། ལས་རིགས་ལག་རྩལ་གསོ་སྦྱོང་སོགས་ལས་སྟེགས་གང་ལེགས་སྤྱོད་པ། མང་ཚོགས་དབུལ་པོའི་གཞི་རྩའི་རྩལ་ནུས་སྐྱེད་སྲིང་ལ་མཐོང་ཆེན་བྱེད་པ་བཅས་ཀྱི་སྒོ་ནས་རྒྱ་ཆེའི་མང་ཚོགས་ལ་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་སློབ་གསོ་ཁྲིད་སྟོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་སྟེ། མང་ཚོགས་དབུལ་པོའི་སློབ་གསོ་དང་། རིག་གནས། བདེ་ཐང་བཅས་ཀྱི་ཆུ་ཚད་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་དགོས། ལྷག་པར་དུ་སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་སྟེ་ཕ་ཚ་བུ་རྒྱུད་དབུལ་པོར་འགྱུར་རྒྱུ་བཀག་འགོག་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1