རྒྱལ་ཁབ་བཙུགས་ཚུན་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་བརྗོད་ཚུལ་འགྱུར་བ།

ཧྥུང་ཀྲེ་ཏོན། སྐལ་རྣམ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དེ་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་ཡོད”ཅེས་བསྟན་ཡོད། གལ་འགངས་ཆེ་བའི་བཀའ་སློབ་དེ་ཉིད་ལས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ད་ཆ་གང་ལ་སླེབས་པར་ཆོད་སྡོམ་ཡང་དག་བྱེད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་བབ་ཁོང་དུ་བརྟན་པོ་ཆུད་པ། དུས་རབས་གསར་པའི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་ཚན་རིག་དང་མཐུན་པའི་ངོས་འཛིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་འཐབ་ཇུས་རྒྱུན་འཁྱོངས། ཏང་ཡོངས་དང་དམག་ཡོངས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་ཐོག་ལ་གལ་ཆེའི་ཤུགས་རྐྱེན་ཡུན་རིང་ལྡན་ཡོད་པ་རེད།

གཅིག ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བསྒྱུར་བཅོས་སྒོ་དབྱེ་འགོ་ཚུགས་པའི་བར།

        ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བསྒྱུར་བཅོས་སྒོ་དབྱེ་འགོ་ཚུགས་པའི་བར་རང་རེའི་ཏང་ཀྲུང་དབྱང་གིས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་དབྱེ་ཞིབ་དང་ཆོད་སྡོམ་བྱེད་པར་ཀྱག་ཀྱོག་དང་རྙོག་འཛིང་ཆེ་བའི་ལམ་བུ་བརྒྱུད་པ།

        དུས་མཚམས་དང་པོ་སྟེ་1949ལོའི་ཟླ་10པར་ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་1953ལོར་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཏོང་བའི་བར། 1949ལོའི་ཟླ་10ཚེས་1ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ལ། རྣམ་པ་གསར་རྐྱང་དང་མི་དམངས་རང་ཁྱིམ་རང་བདག་གི་ཀྲུང་གོ་གསར་པ་ཞིག་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་ཡོད། ཀྲུང་གོ་གསར་པའི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་གང་ཞིག་ཡིན་པ་དེ་འཕྲལ་དུ་བློ་མཐུན་མའོ་ཙེ་ཏུང་གིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་དང་པོའི་ཀྲུང་དབྱང་དབུ་ཁྲིད་མཉམ་སྡེབ་ཀྱི་མདུན་ལྷག་པ་དང་། ཚན་རིག་དང་མཐུན་ཞིང་ཡང་དག་པའི་ངང་ནས་དྲིས་ལན་ཞིག་ཐོབ་པར་འདོད། དུས་དེར་ཏང་ཀྲུང་དབྱང་དང་བློ་མཐུན་མའོ་ཙེ་ཏུང་གིས་རྒྱལ་ཁབ་གསར་པ་དབུ་བརྙེས་པ་ནས་ས་ཞིང་བཅོས་བསྒྱུར་མ་བྱས་གོང་དུ། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི། མི་དམངས་མང་ཚོགས་དང་བཙན་རྒྱལ་རིང་ལུགས། བཀས་བཀོད་རྒྱུད་འཛིན་རིང་ལུགས། གོ་མིན་ཏང་གི་སྟོབས་ཤུགས་ལྷག་རོ་བཅས་དབར་གྱི་འགལ་བ་ཡིན་ཞེས་ངོས་འཛིན་གནང་ཡོད། དོན་དངོས་ཀྱིས་ར་སྤྲོད་བྱུང་བར། ཏང་ཀྲུང་དབྱང་དང་བློ་མཐུན་མའོ་ཙེ་ཏུང་གི་སྐབས་དེའི་རིང་གི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་དབྱེ་ཞིབ་དང་ཆོད་སྡོམ་ནི་ཚན་རིག་དང་མཐུན་ཞིང་ཡང་དག་པ་ཞིག་ཡིན་ནོ།

        དུས་མཚམས་གཉིས་པ་སྟེ་1953ལོ་ནས་1956ལོའི་བར། ཏང་ཀྲུང་དབྱང་དང་བློ་མཐུན་མའོ་ཙེ་ཏུང་གིས་དུས་མཚམས་དེའི་རིང་གི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི། ས་ཞིང་བཅོས་སྒྲིག་ལེགས་འགྲུབ་བྱུང་བ་དང་བསྟུན་ནས། བཟོ་པའི་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་དབར་གྱི་འགལ་བ་དེ་རིམ་བཞིན་རྒྱལ་ནང་གི་འགལ་བ་གཙོ་བོར་འགྱུར་ཡོད་ཅེས་ངོས་འཛིན་གནང་ཡོད། 1953ལོའི་ཟླ་6ཚེས་15ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱ་ཆེའི་ཚོགས་ཆེན་ཐོག་ཏང་གི་བར་བརྒལ་དུས་མཚམས་ཀྱི་སྤྱིའི་ལམ་ཕྱོགས་ཀྱི་ནང་དོན་ཐོག་མར་སྟོན་པ་དང་། དེ་ནས་དངོས་སུ“ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་ནས་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་བའི་བར་ནི་བར་བརྒལ་གྱི་དུས་མཚམས་ཤིག་ཡིན། ཏང་གི་དུས་མཚམས་དེའི་རིང་གི་སྤྱིའི་ལམ་ཕྱོགས་དང་སྤྱིའི་ལས་འགན་ནི་དུས་སྐབས་ངེས་ཅན་ཞིག་གི་རིང་། རྒྱལ་ཁབ་ཀྱི་སྤྱི་ཚོགས་རིང་ལུགས་བཟོ་ལས་ཅན་རིམ་བཞིན་མངོན་འགྱུར་བྱེད་པ་དང་། རྒྱལ་ཁབ་ཀྱིས་ཞིང་ལས་དང་། ལག་ཤེས་བཟོ་ལས། མ་རྩ་རིང་ལུགས་ཀྱི་བཟོ་ཚོང་ལས་རིགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་མངོན་འགྱུར་བྱེད་རྒྱུ་དེ་ཡིན”སྤྱིའི་ལམ་ཕྱོགས་དེ་1954ལོའི་ཟླ་2པའི་ནང་ཏང་གི་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་ཐོག་ཆོག་མཆན་དང་གྲོས་འཆམ་བྱུང་ཡོད། ཏང་ཀྲུང་དབྱང་དང་བློ་མཐུན་མའོ་ཙེ་ཏུང་གིས་དུས་མཚམས་དེའི་རིང་གི་རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོའི་དབྱེ་ཞིབ་དང་ཆོད་སྡོམ་ནི་ཡང་དག་པ་ཞིག་ཡིན་ལ། སྲིད་དོན་གལ་ཆེའི་བྱེད་ཕྱོགས་གཏན་འབེབས་ནི་ཡང་དག་དང་དོན་དངོས་དང་འཚམས་པ་ཞིག་ཡིན་ཞེས་བཤད་ཆོག

        དུས་མཚམས་གསུམ་པ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཐོག་མཇུག་སྒྲིལ་བ་ནས་ཏང་གི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བར། 1956ལོའི་ཟླ་9ཚེས་15ཉིན་ཀྲུང་གོ་གུང་ཁྲན་ཏང་གི་ཐེངས་བརྒྱད་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱིས་རྒྱལ་ནང་གི་དུས་བབ་དང་རྒྱལ་ནང་གི་འགལ་བ་གཙོ་བོའི་འགྱུར་ལྡོག་ལ་དབྱེ་ཞིབ་བྱས་ཏེ། ཏང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་དུས་བབ་གསར་པའི་འགན་འཁྲི་གཙོ་བོ་གཏན་འཁེལ་གནང་བ་རེད། ཏང་གི་ཚོགས་ཆེན་བརྒྱད་པའི་ཐོག་དྲིལ་བསྒྲགས་བྱས་པར། རང་རྒྱལ་རྒྱལ་ནང་གི་འགལ་བ་གཙོ་བོ་ནི་མི་དམངས་ཀྱིས་སྔོན་ཐོན་གྱི་བཟོ་ལས་རྒྱལ་ཁབ་བསྐྲུན་པའི་དགོས་མཁོ་དང་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ཀྱི་དོན་དངོས་དབར་གྱི་འགལ་བ་གྱུར་ཟིན་ཞིང་། མི་དམངས་ཀྱིས་དཔལ་འབྱོར་དང་རིག་གནས་མགྱོགས་མྱུར་འཕེལ་རྒྱས་ཡོང་བའི་དགོས་མཁོ་དང་མིག་སྔར་དཔལ་འབྱོར་དང་རིག་གནས་ཀྱིས་མི་དམངས་ཀྱི་འདོད་བློ་སྐོང་མི་ཐུབ་པའི་གནས་ཚུལ་དབར་གྱི་འགལ་བར་གྱུར་ཟིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་མིག་སྔའི་འགན་འཁྲི་གཙོ་བོ་ནི་ནུས་ཤུགས་ཡོད་ཚད་གཅིག་ཏུ་བསྡུས་ནས་འགལ་བ་དེ་ཉིད་ཐག་གཅོད་བྱེད་དགོས་པ་དང་། རང་རྒྱལ་རྗེས་ལུས་ཀྱི་ཞིང་ལས་རྒྱལ་ཁབ་ནས་སྔོན་ཐོན་གྱི་ཞིང་ལས་རྒྱལ་ཁབ་ལ་བྱ་འཕུར་བ་ལྟར་འགྱུར་བ་བྱེད་དགོས། ལོ་རྒྱུས་ཀྱིས་ར་སྤྲོད་བྱུང་བར། ཏང་གི་ཚོགས་ཆེན་བརྒྱད་པའི་ཐོག་སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་མཇུག་སྒྲིལ་རྗེས་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་འགལ་བ་གཙོ་བོའི་དབྱེ་ཞིབ་དང་ཆོད་སྡོམ་ནི་ཡང་དག་དང་། ཚན་རིག་དང་མཐུན་པ་མ་ཟད། རང་རྒྱལ་གྱི་དོན་དངོས་དང་ཡང་འཚམས་པ་ཞིག་ཡིན་པ་རེད།

        དུས་མཚམས་བཞི་པ་སྟེ་ཏང་གི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ནས་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བར། 1962ལོའི་ཟླ་9ཚེས་24ཉིན་ནས་ཚེས་27བར། ཏང་གི་སྐབས་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་པེ་ཅིང་ལ་སྐོང་འཚོགས་བྱས། བློ་མཐུན་མའོ་ཙེ་ཏུང་གིས“འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་དང་འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་ཧྲིལ་པོ་སྟེ། མ་རྩ་རིང་ལུགས་གུང་ཁྲན་རིང་ལུགས་ལ་བར་བརྒལ་བྱེད་པའི་ལོ་རྒྱུས་ཀྱི་དུས་སྐབས་ཧྲིལ་པོའི་རིང་།(དུས་སྐབས་དེར་ལོ་བཅུ་ཕྲག་གམ་ཐ་ན་དེ་ལས་རིང་བ་ཡོད)འབྱོར་མེད་གྲལ་རིམ་དང་འབྱོར་ལྡན་གྲལ་རིམ་དབར་གྱི་གྲལ་རིམ་འཐབ་རྩོད་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་དང་མ་རྩ་རིང་ལུགས་ཀྱི་ལམ་ཕྱོགས་གཉིས་དབར་གྱི་འཐབ་རྩོད་ཀྱང་ཡོད།”ཅེས་གསུངས་པར་བརྟེན། སླར་ཡང་གྲལ་རིམ་འཐབ་རྩོད་ཀྱི་རྣོ་ངར་ཆེ་ལ་ཧོལ་རྒྱུག་ཤོར་བའི་ལྟ་ཚུལ་དེ་ཏང་ཡོངས་ཀྱི་མདུན་དུ་བཏོན་ཐོག ཏང་གི་ཚོགས་ཆེན་བཅུ་པའི་ཐོག་གི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་ཆོད་སྡོམ་ཡང་དག་ལ་རང་དགར་འགྱུར་ལྡོག་བཏང་བས། དེའི་རྐྱེན་ངན“གཡོན་ཐལ”གྱི་བསམ་བློས་ཏང་ནང་ཁུལ་དུ་དུས་ཡུན་རིང་པོའི་ནང་གཙོ་བོ་ཟིན་པ་མ་ཟད། མཐར“རིག་གནས་གསར་བརྗེ་ཆེན་པོར” འགྱུར་ནས། ཏང་དང་རྒྱལ་ཁབ་ལ་གྱོང་གུན་ཚབ་ཆེན་བཟོས་པ་རེད།

གཉིས། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ་རང་རེའི་ཏང་གིས་ཀྲུང་གོའི་སྤྱི་ཚོགས་འགལ་བ་གཙོ་བོར་རྒྱལ་ཁབ་ཀྱི་དོན་དངོས་དང་འཚམས་ཤིང་ཚད་མཐུན་གྱི་ཆོད་སྡོམ་གསར་པ་བཞག་པ།

        1978ལོའི་ཟླ་12ཚེས་18ནས་ཚེས་22བར། ཏང་གི་སྐབས་བཅུ་གཅིག་པའི་ཀྲང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་སྐོང་འཚོགས་བྱས་ཤིང་། ཚོགས་འདུའི་ཐོག་མ་གཞི་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་དབྱེ་ཞིབ་མངོན་གསལ་དོད་པོ་བྱས་མེད་ཀྱང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་གཙོ་གནད་ཀྱི་འགྱུར་བའི་ཐོག་ནས་ཏང་ཀྲུང་དབྱང་གིས་རང་རྒྱལ་སྤྱི་ཚོགས་འགལ་བ་གཙོ་བོའི་དབྱེ་ཞིབ་དང་རྒྱུད་ལོན་བྱེད་རྒྱུ་དུས་རབས་འཕེལ་རྒྱས་འགྱུར་བ་དང་བསྟུན་པ་མངོན་ཞིང་། དེ་ནི་ཡང་དག་ལ་ཚན་རིག་དང་མཐུན་པ་ཞིག་ཡིན། ཚོགས་འདུས“མི་བཞི་ཤོག་ཁག”ཐལ་བའི་རྡུལ་དུ་བརླགས་རྗེས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐེ་ཚོམ་སོམ་ཉིའི་ཁྲོད་དུ་བསྐྱོད་པའི་རྣམ་པ་མཇུག་སྒྲིལ་ནས། ཏང་གི་བསམ་བློ་དང་། ཆབ་སྲིད། རྩ་འཛུགས་སོགས་ཀྱི་ཁྱབ་ཁོངས་ནང་གི་ཟིང་བཅོས་ཡོ་སྲང་དེ་ཁྱོན་ཡོངས་ནས་སྤེལ་འགོ་བཙུགས་ཡོད་པ་དང་། རང་རྒྱལ་གྱི་བསྒྱུར་བཅོས་སྒོ་དབྱེ་ཡི་སྒོ་མོ་ཡངས་པོར་ཕྱེ་ཞིང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་བྱུང་ནས་གོང་དུ་འཕེལ་བ་མ་ཟད། བློ་མཐུན་ཏེང་ཞའོ་ཕིང་གིས་སྲོག་ཤིང་གནང་བའི་ཏང་གི་མི་རབས་གཉིས་པའི་ཀྲུང་དབྱང་དབུ་ཁྲིད་མཉམ་སྡེབ་བསྒྲུབ་འགོ་འཚུགས་པ་རེད།

        1981ལོའི་ཟླ་6པར་ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སྐོང་འཚོགས་བྱས་ཤིང་། ཚོགས་འདུའི་ཐོག《རྒྱལ་ཁབ་བཙུགས་ཚུན་ཏང་གི་ལོ་རྒྱུས་གནད་དོན་འགའ་ཞིག་སྐོར་གྱི་གཏན་འབེབས》(གཤམ་དུ《གཏན་འབེབས》ཞེས་བསྡུས)གྲོས་མཐུན་བྱུང་ཡོད། 《གཏན་འབེབས》ཐོག་ངོས་འཛིན་བྱུང་དོན། སྤྱི་ཚོགས་རིང་ལུགས་ཀྱི་བསྒྱུར་བཀོད་གཞི་རྩའི་ཆ་ནས་བསྒྲུབས་རྗེས། རང་རྒྱལ་གྱིས་ཐག་གཅོད་བྱེད་དགོས་པའི་འགལ་བ་གཙོ་བོ་ནི་མི་དམངས་ཀྱི་ཉིན་བཞིན་ཇེ་མཐོར་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཀྱི་སྤྱི་ཚོགས་ཐོན་སྐྱེད་དབར་གྱི་འགལ་བ་ཡིན་ཞེས་འཁོད་ཡོད། དེ་ནི་ཏང་ཀྲུང་དབྱང་གིས་ལོ་20སོང་རྗེས་རང་རྒྱལ་སྤྱི་ཚོགས་འགལ་བ་གཙོ་བོའི་ཐོག་ལ་འགྱུར་བ་བཏང་བ་ཞིག་ཡིན་ལ། དེ་སྔའི་ནོར་འཁྲུལ་གྱི་ཆོད་སྡོམ་ལ་འགྱུར་ལྡོག་མཐར་ཕྱིན་པ་བཏང་བ་ཞིག་ཀྱང་ཡིན། དབྱེ་ཞིབ་དེ་ནི་ཡང་དག་པ་དང་དོན་དངོས་དང་མཐུན་པ་ཞིག་རེད། ད་དུང་ཆོད་སྡོམ་དེ་ཉིད་བཞག་རྗེས་ཀྱི་ལོ་36རིང་སྟེ། ཏང་གི་ཚོགས་ཆེན་བཅུ་གཉིས་པ་དང་། བཅུ་གསུམ་པ། བཅུ་བཞི་པ། བཅོ་ལྔ་པ། བཅུ་དྲུག་པ། བཅུ་བདུན་པ། བཅོ་བརྒྱད་པ་བཅས་ཀྱི་ཐོག་ལ་ཡིག་འབྲུ་གཅིག་ལའང་འགྱུར་བ་གཏོང་མྱོང་མེད། དེ་ནི་རང་རྒྱལ་སྤྱི་ཚོགས་འགལ་བ་གཙོ་བོར་ཚན་རིག་དང་མཐུན་པའི་ཆོད་སྡོམ་གནང་བར་བརྟེན་ནས། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དུ། རང་རེའི་ཏང་གིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལྟ་བ་བཅས་ཀྱི་མཛུབ་ཁྲིད་འོག དུས་རབས་འཕེལ་བའི་རྗེས་སུ་བསྙེག་པ་དང་། མི་དམངས་ཀྱི་བློ་འདོད་དང་བསྟུན་པ། མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་བསྒྱུར་བཅོས་སྒོ་དབྱེའི་གསར་བརྗེ་གསར་པ་བྱས་ཐོག རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏོང་བའི་བསམ་བློ་དང་སྒྲིག་སྲོལ་ཐད་ཀྱི་བཀག་རྒྱ་ཡོད་ཚད་རྩ་གཏོར་བཏང་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུ་གསར་པ་བཤངས་ཏེ། ཀྲུང་གོ་དེ་ཉིད་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་ཟིན་ཐུབ་པའི་ཁར། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་གྲུབ་འབྲས་སྤོབས་པ་སྐྱེ་འོས་པ་ཞིག་ཐོབ་ཡོད།

གསུམ། ཏང་གི་ཚོགས་ཆེན་བཅུ་དགུ་པས་ལོ་རྒྱུས་ཀྱི་རྩེ་མཐོར་ལངས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་རང་རྒྱལ་གྱི་སྤྱི་ཚོགས་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་བའི་ཚན་རིག་དང་མཐུན་པའི་ཆོད་སྡོམ་གནང་བ།

        བློ་མཐུན་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག“དུས་ཡུན་རིང་པོའི་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། དེ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཀྱི་གནས་ས་གསར་པ་ཞིག་ཡིན”ཞེས་གསུངས་པ་དང་། ད་དུང“ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་ནི་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོ་མི་མཉམ་པ་དང་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་དབར་གྱི་འགལ་བར་འགྱུར་ཡོད”ཅེས་ནན་བཤད་གནང་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་རྗེས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་སྐོར་གྱི་ཆོད་སྡོམ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་ཚུན་གྱི་ལོ་ལྔའི་རིང་ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་འགྱུར་ལྡོག་གི་ཕྱོགས་སྡོམ་གཏིང་ཟབ་ཅིག་ཡིན་ལ། ལོ་40ལ་ཉེ་བའི་བསྒྱུར་བཅོས་སྒོ་དབྱེ་ཡི་ལོ་རྒྱུས་ཕྱིར་དྲན་ཞིག་ཡིན་ཁར། དེ་བས་མ་འོངས་ཀྲུང་གོའི་འཕེལ་རྒྱས་ཀྱི་འགྲོ་ཕྱོགས་དང་འཕེལ་རྒྱས་གཏོང་རྒྱུའི་དམིགས་ཚད་གནད་འཁེལ་ཞིག་ཀྱང་ཡིན།

        བསྒྱུར་བཅོས་སྒོ་དབྱེ་བྱས་མ་ཐག་པའི་ཀྲུང་གོར་དྲན་གསོ་དང་། ད་ཆའི་ཀྲུང་གོར་བསྐྱར་ལྟ་ཞིག་བྱེད་པའི་ཚེ་ན། ང་ཚོས་ཀྲུང་གོའི་སྤྱི་ཚོགས་ལ་བྱུང་བའི་གནམ་ས་བླ་འོག་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་རླབས་ཆེན་དེ་དག་སེམས་དབུས་ནས་མྱོང་ཚོར་ཐུབ་པ་མ་ཟད། མི་དམངས་མང་ཚོགས་ཀྱི་དགོས་མཁོ་རིམ་ཚད་ཀྱི་འགྱུར་ལྡོག་ནས་ངོ་བོའི་འགྱུར་ལྡོག་ལ་མཆོང་སྐྱོད་བྱུང་བ་སེམས་དབུས་ནས་མྱོང་ཚོར་ཐུབ་བྱུང་། འོན་ཏེ་ཧ་ཅང་མངོན་གསལ་དོད་པའི་གནད་དོན་ཞིག་ལྷག་བཞིན་ཡོད་པ་ནི་འཕེལ་རྒྱས་དོ་མི་མཉམ་པ་དེ་རེད། དེ་ཉིད་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི་བཀག་རྒྱའི་རྒྱུ་རྐྱེན་ཞིག་ལ་འགྱུར་ཟིན་པ་དང་། རང་རེ་དཔལ་འབྱོར་ཞན་པའི་དུས་རབས་ནས་ཁ་བྲལ་བས། མི་དམངས་མང་ཚོགས་ཀྱིས་དཔལ་འབྱོར་རིག་གནས་ཀྱི་འཚོ་བའི་དགོས་མཁོ་དེར་ཡང་ངོ་བོའི་འགྱུར་ལྡོག་བྱུང་ཡོད། རྒྱ་ཆེའི་མི་དམངས་མང་ཚོགས་ལ་འཕྲད་པའི་དོ་མཉམ་མེད་པ་གཙོ་བོ་ནི་གྲོང་མིའི་ཡོང་འབབ་དོ་མི་མཉམ་པ་དེ་ཡིན་ལ། ལྷག་པར་དུ་གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཡོང་འབབ་ཧེ་བག་ཆེ་བ་དང་། ཞིང་པ་དང་འཕེལ་རྒྱས་ཆུང་བའི་ས་ཁུལ་གྱི་ཡོང་འབབ་ཀྱིས་འཕེལ་རྒྱས་ཡོང་ཚད་སྤྱིའི་རྗེས་ཟིན་མི་ཐུབ་པ། ས་ཁུལ་ཁག་གི་དབར་ལ་ཡང་སྔར་བཞིན་དོ་མི་མཉམ་པ་སྟེ། ཤར་ཕྱོགས་དར་རྒྱས་ཆེ་བའི་ས་ཁུལ་དང་གྲོང་ཁྱེར་ཆེ་བའི་ཐོན་སྐྱེད་ནུས་ཤུགས་དར་རྒྱས་ཆེ་ཞིང་ཡོང་འབབ་མང་བ་དང་། དབུས་ནུབ་འཕེལ་རྒྱས་ཞན་པའི་ས་ཁུལ་དང་གྲོང་གསེབ་ས་ཁུལ་གྱི་ཡོང་འབབ་ཀྱི་ཧེ་བག་ཆེན་པོ་ཡོད། གཞི་རྩའི་འགལ་བ་ཧྲིལ་པོའི་འགྱུར་བ་སྟེ་འཐུས་སྒོ་མི་ཚང་བའི་འཕེལ་རྒྱས་འགལ་བ་ཡིས་ང་ཚོར་རིམ་བཞིན་གྲོང་མིའི་ཡོང་འབབ་ཀྱི་ཧེ་བག་ཆུང་དུ་གཏོང་བ་དང་། སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་རྒྱུ། ལྷག་པར་དུ་ས་ཁུལ་ཁག་དབར་ལྷན་གཅིག་འཕེལ་རྒྱས་ཡོང་བར་སྙོམས་སྒྲིག་བྱེད་དགོས་པ་རེད། རང་རྒྱལ་གྱིས་བརྟན་པོའི་ངང་ནས་མི་གྲངས་དུང་ཕྱུར་བཅུ་གྲངས་ཀྱི་ལྟོ་གོས་ཀྱི་གནད་དོན་ཐག་གཅོད་བཏང་བ་དང་། འབྱོར་འབྲིང་སྤྱིའི་ཆ་ནས་མངོན་འགྱུར་བྱས་ཤིང་། ད་དུང་ལོ་གཉིས་ཀྱི་རྗེས་སུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན་བྱེད་ཐུབ་ངེས་རེད། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་རྒྱ་ཆེར་འགྲོ་བས། དངོས་པོ་དང་རིག་གནས་འཚོ་བའི་ཐོག་རེ་བ་ཇེ་མཐོར་འགྲོ་བ་མ་ཟད། ད་དུང་དམངས་གཙོ་དང་། ཁྲིམས་སྐྱོང་། འདྲ་མཉམ། དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཀྱི་ཐོག་ལ་རེ་བ་ཉིན་བཞིན་ཇེ་མཐོར་འགྲོ་ངེས་ཡིན།

        ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་68སོང་བའི་ལོ་རྒྱུས་དང་ལག་ལེན་གྱི་ཐོག་ནས་ར་སྤྲོད་གང་ལེགས་ཐུབ་པར། ག་དུས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་ངོས་འཛིན་ཡང་དག་བྱུང་ན། དེ་དུས་ངེད་ཚོའི་བྱ་གཞག་བདེ་བླག་ངང་འཕེལ་རྒྱས་ཡོང་བ་དང་། ག་དུས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་ཆོད་སྡོམ་ལ་ནོར་འཛོལ་བྱུང་ན། དེ་དུས་ངེད་ཚོའི་བྱ་གཞག་ལ་ཉམས་ཉེས་འཕྲད་ཅིང་། ཐ་ན་ཁ་ཕྱོགས་རང་བཞིན་དང་། ལམ་ཕྱོགས་རང་བཞིན་གྱི་ནོར་འཁྲུལ་ཤོར་ངེས་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་དབུ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་སྟོན་ལ་བརྟེན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ན། ཏང་གི་ཚོགས་ཆེན་བཅུ་དགུ་པས་བསྟན་པའི“གོམ་སྟབས་གཉིས”ཀྱི་འཐབ་ཇུས་དམིགས་ཡུལ་མངོན་འགྱུར་ཡོང་ངེས་ཡིན་ལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་100སླེབས་པའི་དུས་སུ། སྟོབས་འབྱོར་དང་། དམངས་གཙོ། ཤེས་དཔལ། མཐུན་སྦྱོར། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་འཛམ་གླིང་ཤར་ཕྱོགས་སུ་འགྱིང་ཉམས་ཆེན་པོས་ལངས་ཐུབ་ངེས་ཡིན་ནོ།

(རྩོམ་པ་པོ་ནི་ཀྲང་གུང་བོད་རང་སྐྱོང་ལྗོངས་ཐད་གཏོགས་ལས་ཁུངས་བཟོ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡིན།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1