གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནམ་ཡང་བརྟན་པོར་ངེས་དགོས།

སྙེད་ཝུའེ་ཀོང་། (མ་ཡིག་གི་རྩོམ་པ་པོ་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ནས་ཡིན) ཟླ་བ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཐོག་མའི་བསམ་འདུན་མ་བརྗེད་ན་གཞི་ནས་ཐོག་མཐའ་མ་ལུས་པ་ཐོབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་འཚོལ་ཞིང་། ཀྲུང་ཧྭ་མི་རིགས་ལ་བསྐྱར་དར་འཚོལ་རྒྱུ་དེ་ཡིན་པས། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ཉིད་ཀྲུང་གོ་གུང་ཁྲན་ཏང་མིས་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བའི་གཞི་རྩའི་འགུལ་ཤུགས་ཤིག་ཡིན་ཞེས་གསུངས་ཡོད།

        ཐོག་མའི་བསམ་འདུན་གྱིས་སྐྱེ་བོའི་བློ་རྩ་བརྟན་ལ། འགན་འཁྲི་ཡིས་སྐྱེ་བོ་མ་ལུས་མདུན་དུ་སྐྱོད་པར་འབོད་སྐུལ་བྱེད། ལོ་ངོ་96ནང་ཀྲུང་གོ་གུང་ཁྲན་ཏང་གིས་གསར་བརྗེ་དང་། འཛུགས་བསྐྲུན། བསྒྱུར་བཅོས་བཅས་ཀྱི་ལོ་ཟླ་བརྒྱུད་ཡོད་ཅིང་། དུས་རབས་མི་འདྲ་བར་གནས་ཚུལ་འདྲ་མིན་སྣ་ཚོགས་ལྷག་ཡོད་མོད། འོན་ཏེ་ཐོག་མའི་བསམ་འདུན་བརྟན་པོར་སྲུང་ཞིང་། འགན་འཁྲི་ཡུན་རིང་འཁྱོངས་བ་བྱེད་པ་ནི་མི་འགྱུར་བ་གཅིག་པུ་དེ་ཡིན། ལོ་ངོ་96ནང་ཀྲུང་གོ་གུང་ཁྲན་ཏང་མིས་མི་རབས་ནས་མི་རབས་མཐུད་དེ་ལ་རྒྱབ་ཀླུང་བརྒལ་བྱས་པས། ཐ་ན་ལུས་པོ་ཡོངས་རྫོགས་རྨ་ཁས་ཁེངས་ཡོད་མོད། འོན་ཏེ་དུས་ནམ་ཡང་ཐོག་མའི་བསམ་འདུན་དོར་མེད་ལ་འགན་འཁྲི་ཡང་བརྗེད་མྱོང་མེད།

        ཐོག་མའི་བསམ་འདུན་དང་འགན་འཁྲི་འདི་ནི་དུང་པི་ཝུ་ཡི“མར་ལེར་བརྩི་སྲུང་ཞུས་ན་མི་རྒྱལ་བ་གཅིག་ཀྱང་མེད་ལ། མདུན་ལམ་གྱི་རྩ་དོན་ལ་ཡིད་ཆེས་སྐྱེ་སྲིད”ཅེས་པའི་དད་སེམས་བརྟན་པོ་དེ་ཉིད་ཡིན་པས། ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དེ་མ་བརྗེད་པར་སེམས་དབུས་སུ་བརྟན་པོར་འཆང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གསར་བརྗེའི་ཕུགས་བསམ་དགུང་སྔོན་དབྱིངས་ལས་ཡངས་ཞེས་བསྟན་པ་ལྟར། གུང་ཁྲན་རིང་ལུགས་ཀྱི་བླ་མེད་ཕུགས་བསམ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བསམ་བློའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་རྒྱུན་འཁྱོངས་ཡོང་བའི་བསམ་བློའི་རྨང་གཞི་ཞིག་ཀྱང་ཡིན། ང་ཚོའི་ཏང་གིས་རང་ཉིད་བཙུགས་མ་ཐག་ནས་བཟུང་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཛུགས་སྐྱོང་བྱས་ཐོག་གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་རྒྱུའི་ལས་འགན་ལྗིད་པོ་འཁུར་ཡོད། དུས་ཡུན་ཤིན་ཏུ་རིང་པོའི་ནང་སྤྱོད་བཟང་འདུན་ཆེའི་མི་སྣ་གྲངས་ལས་འདས་པས་ཧྲང་ཧེ་དང་། ནན་ཁྲང་། ཅིན་ཀང་ཧྲན། དབྲུད་ཅིན། ཡན་ཨན། ཤིའི་བའི་པོ་ལ་སླེབས་ཤིང་། དྲག་པོའི་འོས་ལངས་དང་། རྒྱང་བསྐྱོད། རི་འགོག བཅིངས་འགྲོལ། འཛུགས་སྐྲུན། བསྒྱུར་བཅོས་སྒོ་དབྱེ་བཅས་བྱས་པ་བརྒྱུད། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་གལ་ཆེའི་དགོངས་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ལེགས་པར་བསྒྲུབས་ཡོད་ཅིང་། དེ་དག་ལས་ཀྲུང་གོ་གུང་ཁྲན་ཏང་མིས་གུང་ཁྲན་རིང་ལུགས་ལ་འཛིན་པའི་བློ་བརྟན་འགྱུར་མེད་ཀྱི་དད་པ་མངོན་པ་དང་། དེ་ནི་གང་གི་ཆེད་དུ་འགོ་བརྩམས་པའི་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྗེད་དུ་མི་རུང་བ་ཉག་ཅིག་དེ་ཡིན། དེས་ན་ཏང་ཡོན་ལས་བྱེད་པ་ཀུན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགོ་འཚུགས་པར་དམིགས་ཏེ། ངེས་པར་དུ་གུང་ཁྲན་ཏང་མིའི་སྙིང་སྟོབས་ཀྱི་སྤོབས་པ་གཟེངས་སུ་གཏོད་དེ་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི“སྤྱིའི་གློག་སྒོའི”གནད་དོན་ཐག་གཅོད་ལེགས་པར་བྱས་ཏེ། རང་འགུལ་ངང་ནས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་རླབས་ཆེན་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་གྱི་བློ་བརྟན་འགྱུར་མེད་ཀྱི་དད་པ་ཡོད་མཁན་དང་བློ་དཀར་ཟོལ་མེད་ཀྱི་ལག་ལེན་པ་ཞིག་བཅས་བྱེད་དགོས།

        ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་མའོ་ཙེ་ཏུང་གི“བློ་སྣ་མང་ན་མི་འགྲིགས་ལ། བློ་ཕྱེད་སེམས་ཕྱེད་ཀྱང་མི་འགྲིགས་པར། ངེས་པར་དུ་བློ་གཅིག་སེམས་གཅིག་བྱེད་དགོས”པའི་དམངས་འཚོའི་ཤ་ཞེན་ལ་ཟེར་བས། ངེས་པར་དུ་ནམ་ཡང་མི་བརྗེད་པ་དང་སེམས་ལ་བརྟན་པོ་ངེས་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བསྟན་དོན། ངེས་པར་དུ་མི་དམངས་ཀྱི་གཙོ་གཟུགས་གནས་བབས་མཐའ་འཁྱོངས་བྱེད་པ་དང་། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བ་མཐའ་འཁྱོངས་བྱས་ཐོག་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་དོན་འཁྱོལ་གྱིས། ཏང་གི་མང་ཚོགས་ལམ་ཕྱོགས་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་བྱེད་སྒོ་ཡོངས་ཀྱི་ཁྲོད་དུ་ལག་བསྟར་བྱེད་པ་དང་། མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་འདུན་པ་དེ་འབད་འཐབ་ཀྱི་དམིགས་ཡུལ་དུ་བརྩིས་ནས། མི་དམངས་ལ་བརྟེན་ནས་ལོ་རྒྱུས་ཀྱི་རླབས་ཆེན་བྱ་གཞག་གཏོད་དགོས། ལོ་ངོ་96གི་རིང་། གསར་བརྗེའི་སྔོན་གཤེགས་དཔའ་བོ་དང་སྔོན་ཐོན་དཔེ་བཟང་མི་སྣ་བགྲངས་ལས་འདས་པ་ཞིག་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལེགས་པར་བླངས་ཡོད་པ་ནི་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན་ཆེད་དུ་ཡིན། དེ་ཡང་ཧྥང་ཀྲེ་མིན་དང་། ཀྲང་སི་ཏེ། ལེ་ཧྥུང་། ཅའོ་ཡུས་ལུའུ། ཡང་ཧྲན་ཀྲའུ། ཁུང་ཧྥན་སིན། སུན་ལུང་ཀྲེན། ལིའི་མོང་ཐའོ། ཅང་དབན་ཧྥུ། མའི་ལན། དབྱའུ་ལེང་དབྱིང་། ཁྲེང་ཡུང་གའི་སོགས་ཀྱི་སྐྱེ་མཆོག་ཚོར་མི་རྣམས་ཀྱིས་གུས་བཀུར་ཞུ་བཞིན་ཡོད། ཁོང་ཚོར་དེ་ལྟའི་བླ་ན་མེད་པའི་ཞུམ་མེད་ལེགས་སྐྱེས་ཀྱི་སྙིང་སྟོབས་དེ་ཉིད་ལྡན་དོན་ནི། ཁོ་པ་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་བརྟན་པོར་བཅངས་ནས་ལག་ལེན་བྱས་པའི་རྐྱེན་དང་། ཀྲུང་གོ་གུང་ཁྲན་ཏང་མིའི་མི་དམངས་ལ་ཞབས་འདེགས་ཞུ་བའི་བླ་མེད་རིན་ཐང་ངོས་འཛིན་བྱེད་ཕྱོགས་ལག་ལེན་བྱས་པའི་རྐྱེན་གྱིས་ཡིན།

        ཐོག་མའི་བསམ་འདུན་མ་བརྗེད་པར་དམིགས་ཡུལ་སེམས་ལ་བརྟན་པོ་བཅངས་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་སླེབས་པར་གཞིགས་ནས། ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་དམངས་ལ་གཅེས་པའི་སེམས་པ་གཏིང་ཟབ་བཅངས་ཏེ། མང་ཚོགས་ཀྱི་རེ་འདུན་ལ་དོ་སྣང་དང་། མང་ཚོགས་ཀྱི་དཀའ་ངལ་ལ་དོ་འཁུར། མང་ཚོགས་ལ་དོན་ངོ་མ་དང་དོན་ལེགས་པོ་བསྒྲུབ་དགོས།

        ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲའུ་ཨེན་ལའི་ཡི “ཀྲུང་ཧྭ་མི་རིགས་དར་རྒྱས་ཡོང་བའི་ཆེད་དུ་སློབ་སྦྱོང་བྱེད”པའི་ཕུགས་བསམ་ནི་རླབས་ཆེན་ཡིན་པས། དེ་ཉིད་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མ་བརྗེད་པར་སེམས་ལ་བརྟན་པོར་ངེས་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བསྟན་དོན། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་རྒྱུ་ནི་ཉེ་རབས་ཀྲུང་ཧྭ་མི་རིགས་ཀྱི་ཆེས་རླབས་ཆེ་བའི་ཕུགས་འདུན་ཞིག་ཡིན་ཞེས་གསུངས་ཡོད་པས། ཀྲུང་གོ་གུང་ཁྲན་ཏང་བཙུགས་མ་ཐག་ནས་རང་གི་སྒྲུབ་འོས་ལས་འགན་ལ་གཡོ་ཟོལ་སྤུ་ཙམ་མེད་པར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ཡོད་ལ། ཉེ་རབས་ཀྲུང་གོའི་འཕེལ་རྒྱས་ལོ་རྒྱུས་ཡོངས་ལ་ཁྱབ་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་དེ་ཀྲུང་གོ་བ་མི་རབས་འགའ་ཤས་ཀྱི་ཕུགས་འདུན་ཞིག་ཏུ་འགྱུར་ཡོད། སུན་ཀྲུང་ཧྲན་གྱིས “ཀྲུང་ཧྭ་དར་རྒྱས་གཏོང་དགོས”པའི་འབོད་སྐུལ་གནང་བ་དང་སྦྲེལ། ལྕགས་ཕག་ལོའི་གསར་བརྗེར་འགོ་ཁྲིད་གནང་ནས་ཆིང་རྒྱལ་རབས་རྩ་གཏོར་བཏང་བས། སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས་པའི་ཀྲུང་ཧྭ་མི་རིགས་ཀྱི“ཧ་གཉིད་སད”ཡོད་ཅིང་། མའོ་ཙེ་ཏུང་གིས་དམངས་གཙོ་གསར་པའི་རིང་ལུགས་ཀྱི་གསར་བརྗེར་འགོ་ཁྲིད་གནང་ནས་ཀྲུང་གོ་གསར་པ་བདེ་བླག་ངང་བཙུགས་པས། ཀྲུང་གོའི་མི་དམངས་རྣམས“ཡར་ལངས་ཐུབ” ཡོད། ཏེང་ཞའོ་ཕིང་གིས་བསྒྱུར་བཅོས་སྒོ་དབྱེའི་དུས་རབས་གསར་པ་གཏོད་རྒྱུར་འགོ་ཁྲིད་གནང་བས། ཀྲུང་གོའི་མི་དམངས་རྣམས “ཕྱུག་པོ་ཆགས”ཡོད། དེ་བས་ད་ཆ་ང་ཚོ་ནི་ལོ་རྒྱུས་ཐོག་གི་དུས་མཚམས་གང་འདྲ་ཞིག་ལས་ལྷག་པའི་ངང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་དམིགས་ཡུལ་དང་བར་ཐག་ཆེས་ཉེ་ཞིང་། སེམས་ཤུགས་དང་ནུས་པ་དེ་བས་ཆེ་བས། ཀྲུང་གོའི་མི་དམངས་རྣམས་ནི་ “སྟོབས་ཤུགས་ལྡན”པར་འགྱུར་ཡོད། “ལམ་བུ་ཐུང་ཡང་མ་བསྐྱོད་སླེབས་ཐབས་བྲལ། ལས་དོན་ཆུང་རུང་མ་བྱས་བསྒྲུབ་ཐབས་མེད”པར་བརྟེན། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ལག་ངར་བསྒྲེངས་ནས་ཏང་ལ་ཞུགས་རྒྱུའི་དམ་བཅའ་འཇོག་པའི་ཐོག་མའི་བསམ་འདུན་དེ་བརྟན་པོར་ངེས་ཤིང་། དུས་རབས་དང་མི་དམངས་ཀྱིས་ང་ཚོར་བཅོལ་བའི་འགན་འཁྲི་ཕྲག་ཏུ་འཁུར་ཐོག ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ་དང་། འགན་ནུས་བཏོན་ནས་སྔོན་ཐོན་ལ་འགྲན་བརྩོད་བྱེད་དགོས་ཤིང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལག་ལེན་ཁྲོད་དུ་ཧུར་བརྩོན་ཆེན་པོས་ཞུགས་ཏེ། འབད་འཐབ་ཆེན་པོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་དུས་རབས་གསར་པའི་ལེའུ་ཞིག་བརྩམས་དགོས་ལ། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པར་བྱས་རྗེས་གསར་པ་འཇོག་དགོས། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ནན་བཤད་གནང་བའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིས་འབད་བརྩོན་བྱེད་པའི་ངར་ཤུགས་དེ་བས་ལྷག་པ་སློང་ངེས་ཡིན་ལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་མཛེས་ཤིང་ལྟ་ན་སྡུག་པའི་འབྱུང་འགྱུར་ལ་ཕྱོགས་ཏེ་དཔའ་ཉམས་ཆེ་བའི་ངང་མདུན་སྐྱོད་བྱེད་ངེས་ཡིན་ནོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1