འཇུར་མིག་གི་ཚོད་འཛིན་བསལ་ནས་འཕེལ་རྒྱས་འགན་ལེན་ཤུགས་ཆེན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ།

        རིམ་མཐོའི་གཞུང་ལམ་སྤྱི་ལེ་660བར་རིང་དུ་ཕྱིན་པ་དང་གློག་དྲ་གཙོ་བོ་རྫོང་62ལ་ཁྱབ་པ།

        རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་འགྲིམ་འགྲུལ་ཕྱིར་སྐྱོད་སྔར་བས་སྟབས་བདེ་རུ་ཕྱིན་པ་དང་། ནུས་རྒྱུ་འགན་ལེན་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། ཆུ་བེད་སྒྲིག་ཆས་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་བཅས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་འཇུར་མིག་གི་ཚོད་འཛིན་ཞི་ལྷོད་དུ་ཕྱིན་ཡོད་པ་རེད།

        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་བ་དང་སྦྲགས། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། མདོང་ལམ་བཅས་ཀྱིས་གཙོས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གཞི་རྩའི་ཐོག་གྲུབ་པ་རེད།

        ལྷ་ས་ནས་གོང་དཀར་གནམ་ཐང་བར་དང་། གཞིས་རྩེ་ནས་གཞིས་རྩེའི་གནམ་ཐང་བར། གོང་དཀར་གནམ་ཐང་ནས་རྩེད་ཐང་བར། ལྷ་ས་ནས་ཉིང་ཁྲི་བར་བཅས་ཀྱི་རིམ་མཐོའི་གཞུང་ལམ་བསྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་པ་དང་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་2012ལོའི་སྤྱི་ལེ་37ནས་སྤྱི་ལེ་660བར་རིང་དུ་ཕྱིན་ཡོད། 2017ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་9ཁྲི་ཟིན་ཡོད།

        མཚོ་བོད་ལྕགས་ལམ་ལྷ་གཞིས་དུམ་བུར་མེ་འཁོར་ཤར་གཏོང་ཐུབ་པ་དང་། ཁྲོན་བོད་ལྕགས་ལམ་ལྷ་ཉིང་དུམ་བུ་མགྱོགས་མྱུར་སྐྲུན་བཞིན་ཡོད་པ། ཁྲོན་བོད་དང་ཡུན་བོད། དེ་བཞིན་འགག་སྒོའི་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་གསུམ་པ”དང་དུས་ཡུན་འབྲིང་རིང་གི་ལྕགས་ལམ་དྲ་བའི་འཆར་འགོད་ནང་བཅུག་པ་བཅས་ལྕགས་ལམ་གྱི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་དུས་མཚམས་སུ་སླེབས་ཡོད། 2017ལོའི་ལོ་མཇུག་བར་ལྕགས་ལམ་གཉེར་སྐྱོང་གི་སྤྱིའི་ལམ་ཐག་སྤྱི་ལེ་954ཟིན་ཡོད།

        དམངས་སྤྱོད་མཁའ་འགྲུལ་ཐད། གོང་དཀར་གནམ་ཐང་དང་སྤང་མདའ་གནམ་ཐང་བསྐྱར་སྐྲུན་རྒྱས་སྐྲུན་སོགས་ལས་གྲྭ་མགྱོགས་མྱུར་ལག་ལེན་བསྟར་བ་དང་ལྷ་ས་གོང་དཀར་གནམ་ཐང་ལྟེ་བར་བྱེད་པ་དང་ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། མངའ་རིས་ཀྱི་དགུན་ས། གཞིས་རྩེ་བཅས་ཀྱི་གནམ་ཐང་ཡན་ལག་ལམ་ཐིག་ཏུ་བྱས་པའི་དམངས་སྤྱོད་གནམ་ཐང་དྲ་རྒྱ་ཆེན་པོ་ལྔ་གྲུབ་ཡོད། རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་2012ལོའི་37ནས་79བར་མང་དུ་ཕྱིན་ཡོད།

        ལོ་ལྔའི་རིང་བོད་ཀྱི་ནུས་རྒྱུ་འགན་ལེན་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་སོང་ཞིང་། ཆུ་གློག་གཙོ་བོར་བྱས་པ་དང་ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ཀྱི་ནུས་མང་གསབ་རེས་ཀྱི་ནུས་རྒྱུའི་མ་ལག་གསར་པ་ཞིག་རགས་ཙམ་གྲུབ་ཡོད། རྫམ་དང་། རྡོ་ཕུར། མགོན་མདོ་བཅས་ཆུ་ཤུགས་གློག་ཁང་བསྐྲུན་ཟིན་ནས་གློག་གཏོང་འགོ་ཚུགས་པ་དང་མཚོ་བོད་དྲ་སྦྲེལ་དང་ཁྲོན་བོད་དྲ་སྦྲེལ་སྔ་རྗེས་སུ་འཁོར་རྒྱུག་བྱེད་འགོ་ཚུགས་ནས་བོད་དབུས་ཀྱི་གློག་དྲ་རྐྱང་པ་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ཞིང་། 2017ལོའི་ལོ་མཇུག་བར་གློག་དྲ་གཙོ་བོ་རྫོང (ཆུས)62ལ་ཁྱབ་ཡོད།

        ཆུ་བེད་སྒྲིག་བཀོད་ཐད། ཕུ་མདོ་ཆུ་བེད་ལྟེ་གནས་ཀྱིས་མཚོན་པའི་ཆུ་བེད་རྣམ་གྲངས་ཆེན་པོ་འབོར་ཆེན་ཞིག་བསྐྲུན་ཟིན་པ་དང་འབྲེལ་སྤྱོད་འགོ་ཚུགས་པ་དང་། ཞིང་ཆུ་འདྲེན་ཁུལ་མ་ལག་ཆེན་པོ་གཞི་རྩའི་ཐོག་གྲུབ་པ། ལ་ལྷོ་ཆུ་བེད་ལྟེ་གནས་དང་ལེ་ལག་ཚང་བའི་ཞིང་ཆུ་འདྲེན་ཁུལ་ལས་གྲྭ་ལག་ལེན་བསྟར་ནས་ཆུ་བཀག་པ། ཡར་ཀླུང་གཙང་པོའི་བྱང་རྒྱུད་ཀྱི་ཞིང་ཆུ་འདྲེན་ཁུལ་སོགས་ཀྱི་ལས་གྲྭ་བདེ་བླག་ངང་ལག་ལེན་བསྟར་བ། གྲོང་ཁྱེར་དང་ས་ཁུལ་བདུན་གནས་ཡུལ་དང་ཆུ་ལོག་སྔོན་འགོག་ལས་འགན་ཡོད་པའི་རྫོང་གྲོང་གི་ཆུ་ལོག་སྔོན་འགོག་ལས་གྲྭ་གཞི་རྩའི་ཐོག་བསྐྲུན་ཟིན་པ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་གཞི་རྩའི་ཐོག་ཐག་གཅོད་ཐུབ་པ་བཅས་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་རེད།

        གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་སོང་ཞིང་། གསང་སྤྱོད་གསར་བརྗེ་མགྱོགས་མྱུར་ལག་ལེན་བསྟར་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་དང་བཙོག་ཆུ་གཙང་སེལ་དང་། ཆུ་མཁོ་སྤྲོད་དང་ཆུ་འབུད་སོགས་གྲོང་ཁྱེར་འཛུགས་སྐྲུན་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་རང་བྱུང་སོལ་རླངས་ཀྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་མངོན་འགྱུར་ཐུབ་པ། ནག་ཆུ་གྲོང་རྡལ་དང་སེང་གེ་ཁ་འབབ་གྲོང་རྡལ་དུ་གཅིག་སྡུད་དྲོད་རླངས་མཁོ་འདོན་ལས་གྲྭ་ལག་ལེན་བསྟར་བ། ས་བབ་མཐོ་བའི་རྫོང་གྲོང་ཁག་གཅིག་ཏུ་དྲོད་རླངས་མཁོ་འདོན་ལས་གྲྭ་མགྱོགས་མྱུར་ལག་ལེན་བསྟར་བ། ཁྱད་ལྡན་གྲོང་རྡལ་ཆུང་ངུ་26འཛུགས་སྐྲུན་ཐད་ཟམ་མི་ཆད་པར་སྐུལ་འདེད་བཏང་བའི་ཁྲོད་གྲོང་རྡལ་ཆུང་ངུ་7རྒྱལ་ཁབ་ཀྱི་སྐྱེད་སྲིང་མིང་ཐོར་བཅུག་པ་རེད།

        ★རིམ་མཐོའི་གཞུང་ལམ་སྤྱི་ལེ་660བར་རིང་དུ་ཕྱིན་པ་དང་ལྗོངས་ཡོངས་ཀྱི་གཞུང་ལམ་ཤར་གཏོང་ཐུབ་པའི་སྤྱིའི་ལམ་ཐག་སྤྱི་ལེ་9ཁྲི་ཟིན་པ།

        ★ལྕགས་ལམ་གཉེར་སྐྱོང་གི་སྤྱིའི་ལམ་ཐག་སྤྱི་ལེ་954ཟིན་པ།

        ★ རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་79བར་མང་དུ་ཕྱིན་པ།

        ★གློག་དྲ་གཙོ་བོ་རྫོང(ཆུས)62ལ་ཁྱབ་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1