མང་ཚོགས་དབུལ་པོ་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་ལ་སྐུལ་སྤེལ་གཏོང་དགོས།
བདེ་སྐྱིད་གཡང་འཛོམས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22
དབུལ་པོ་མེད་པ་བཟོ་བ་དང་དམངས་འཚོ་ལེགས་བཅོས་ཀྱིས་རིམ་བཞིན་མཉམ་དུ་ལྟོ་གོས་འཛོམས་པ་མངོན་འགྱུར་བྱེད་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་བླང་བྱ་ཞིག་ཡིན་ལ། ང་ཚོའི་ཏང་གི་གལ་ཆེའི་འགན་འཁྲི་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྒྲོལ་ཕྱུག་འགྱུར་ནི་མཐར་ཐུག་མང་ཚོགས་རང་ཉིད་ཀྱི་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས། དེ་ཡང་ནང་གནས་ཀྱི་སྒུལ་ཤུགས་ལ་སྐུལ་སྤེལ་གཏོང་བ་དང་། ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་རྣམས་ཀྱི་ཧུར་སེམས་ལ་སྐུལ་སློང་བྱེད་པ། ཕྱི་རྐྱེན་རྒྱུ་མང་དབུལ་སྐྱོར་དང་ནང་རྒྱུ་རང་ངོས་ཀྱི་དབུལ་སྒྲོལ་གཉིས་ཕན་ཚུན་ནུས་པ་ཐོན་པའི་ལམ་སྲོལ་ཞིག་ལ་འགྱུར་བ་བྱེད་རྒྱུ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པའི་འགག་རྩ་ཡིན་ཞེས་གསུངས་ཡོད། དེར་བརྟེན། གང་འདྲ་བྱས་ནས་མང་ཚོགས་དབུལ་པོ་ཚོའི་དབུལ་སྒྲོལ་གྱི་ནང་གནས་སྒུལ་ཤུགས་ནུས་ལྡན་ངང་སྐུལ་སྤེལ་ཐུབ་པ་བྱེད་རྒྱུ་དེ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་མཐའ་མའི་རྒྱལ་ཁ་ཐོབ་པར་བྱེད་པའི་གཙོ་གནད་ལྷུ་ཚིགས་ཤིག་ཡིན།
ངེད་ལྗོངས་ཀྱི་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོ་ཚོས་སེམས་ནང་བཅངས་པའི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ནང་གནས་སྒུལ་ཤུགས་འདོན་ཐུབ་མེད་པ་དེ་ཕྱོགས་གསུམ་ནས་མངོན་གྱི་ཡོད་དེ། “བྱེད་མི་འདོད་པ”སྟེ། དུད་ཚང་དབུལ་པོ་ཚོས་དབུལ་པོ་ནི་གོམས་གཤིས་ཤིག་ལ་བརྩིས་ཏེ། རང་ངོས་ནས་དབུལ་སྒྲོལ་ཕྱུག་འགྱུར་གྱི་རང་འགུལ་མི་འདང་བ་དང་གཅིག། “བྱེད་མི་ཐུབ་པ”སྟེ། དུད་ཚང་དབུལ་པོ་འགའ་ཤས་ལ་དབུལ་སྒྲོལ་ཕྱུག་འགྱུར་གྱི་བསམ་བློ་ཡོད་ཀྱང་འཇོན་ཐང་དང་ལག་རྩལ་མེད་པ། སེམས་ལ་བསམ་རུང་ནུས་ཤུགས་ཀྱིས་མི་འདང་བ་དང་གཉིས། “བྱེད་མི་ཕོད་པ”སྟེ། རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་དུད་ཁྱིམ་དབུལ་པོ་འགའི་ཤུགས་ཆགས་པའམ་ད་ཡོད་གནས་ཚུལ་ལ་ཡིད་ཚིམ་སྟེ་རང་ཉིད་ཀྱི་བཀག་རྒྱ་ལས་གྲོལ་ནས་དབུལ་སྒྲོལ་ཕྱུག་འགྱུར་བྱེད་མི་ནུས་པ་དང་གསུམ་བཅས་ནས་མངོན་བཞིན་ཡོད།
གནད་སྨིན་དབུལ་སྐྱོར་གྱི་རྣམ་གྲངས་སྤེལ་སྐབས་གཞི་རྩའི་ཐོག་ནས་མང་ཚོགས་དབུལ་པོ་ཚོའི་དབུལ་སྐྱོར་གསར་གཏོད་ཀྱི་ནུས་པར་བརྩི་མཐོང་དང་དེ་ཉིད་འདོན་སྤེལ་གང་ལེགས་བྱེད་དུ་བཅུག་ནས། མང་ཚོགས་ཚོའི་སྣེ་འཁྲིད་དེ་དབུལ་སྒྲོལ་བྱེད་འདོད་པ་དང་། དབུལ་སྒྲོལ་བྱེད་ཐུབ་པ། དབུལ་སྒྲོལ་བྱེད་ཕོད་པ་བཅས་ཡོང་བའི་ལས་དོན་ཐད་ལ་འབད་བརྩོན་བྱེད་པ་དང་། དུད་ཚང་དབུལ་པོའི་གཞན་བརྟེན་གྱི་བསམ་བློ་དང་རྙིང་ཞེན་གྱི་འདུ་ཤེས་ལ་འགྱུར་བ་གཏོང་དགོས་པ་མ་ཟད། རིམ་བཞིན་དུད་ཚང་དབུལ་པོའི་རང་བརྟེན་འཕེལ་རྒྱས་གཏོང་བའི་ནུས་པ་གོང་མཐོར་གཏོང་བ་བཅས་བྱས་ནས་དབུལ་པོ་ངོ་མ་དང་དབུལ་སྒྲོལ་ངོ་མ་ཐུབ་པ་བྱེད་དགོས།
“བློ་སྟོབས”ཐད་རོགས་སྐྱོར་བྱེད་རྒྱུ་དེ་སྟོབས་ཤུགས་ལྡན་པར་འགྱུར་བ་བྱས་ནས། མང་ཚོགས་ཀྱིས“དབུལ་སྒྲོལ་བྱེད་འདོད་པར”སྣེ་ཁྲིད་བྱེད་དགོས། སེམས་ཁམས་ཀྱི་དབུལ་ཕོངས་དེ་རྒྱུ་དངོས་ཀྱི་དབུལ་ཕོངས་ལས་འཇིགས་སུ་རུང་བ་ཞིག་ཡིན་པས། དབུལ་ཕོངས་ཀྱི་རྣམ་པར་འགྱུར་ལྡོག་བཏང་འདོད་ན། སྔོན་ལ་བསམ་བློའི་གཏོང་སྟངས་ཐད་འགྱུར་བ་གཏོང་དགོས་ཏེ། དྲིལ་བསྒྲགས་སློབ་གསོ་ཤུགས་ཆེན་རྒྱག་པ་དང་། བསམ་བློའི་ཐད་ཀྱི་དབུལ་སྐྱོར་ལ་མཐོང་ཆེན་བྱེད་དགོས། ཧུར་སྐྱེད་ཡར་བརྩོན་དང་བདེ་ཐང་ཡར་ཐོན་གྱི་སྔོན་ཐོན་རིག་གནས་ཀྱིས་མང་ཚོགས་ཀྱི་བློ་ཁོག་ཆེ་རུ་གཏོང་བ་དང་། མང་ཚོགས་དབུལ་ཕོངས་ཚོར་དཀའ་ངལ་ལ་མ་འཛེམ་པར་དབུལ་ཕོངས་ལས་རྣམ་པར་རྒྱལ་བའི་འདུ་ཤེས་སྲ་བརྟན་ཞིག་ཆགས་པ་བྱེད་དགོས་པ་དང་། མང་ཚོགས་ཀྱི་བསམ་པའི་བྱང་ཚད་རྒྱུན་ཆད་མེད་པར་གོང་མཐོར་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁྲོད་དུ་དུས་རྒྱུན་རང་བཞིན་གྱི་མང་ཚོགས་ལ་སློབ་གསོ་རྒྱག་པའི་བྱེད་སྒོ་མང་ཙམ་སྤེལ་ནས། མང་ཚོགས་དབུལ་པོ་ཚོའི་རྗེས་ལུས་ཀྱི་བསམ་བློར་འགྱུར་ལྡོག་བཏང་སྟེ་ཧུར་སྐྱེད་རང་འགུལ་གྱི་དབུལ་སྒྲོལ་འདུ་ཤེས་འཛུགས་དགོས། རིམ་ཁག་ལས་བྱེད་པ་ཚོས་གྲོང་མིའི་ཚོགས་འདུ་དང་མང་ཚོགས་འཐུས་མིའི་ཚོགས་ཆེན་སོགས་ཀྱི་ཐོག་ལ་དྲིལ་བསྒྲགས་བྱེད་དགོས་པ་མ་ཟད། ལག་ཐོག་ཁ་པར་གྱི་འཕྲིན་ཐུང་དང་། འཕྲིན་ཆུང་། པོད་ཕྲན། QQསོགས་ཀྱི་དེང་རབས་དྲིལ་བསྒྲགས་བྱེད་ཐབས་ལ་བརྟེན་ནས། རྒྱུན་ལྡན་རང་བཞིན་ངང་ནས་རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་མང་ཚོགས་དབུལ་པོ་རྣམས་ལ་ཏང་དང་རྒྱལ་ཁབ་ཀྱི་དབུལ་སྒྲོལ་སྲིད་ཇུས་དང་ཁྲིམས་ལུགས་ཁྲིམས་སྲོལ། བདེ་ཐང་ཤེས་བྱ། ཡ་རབས་གུས་ཞབས་སོགས་ཀྱི་གནད་སྨིན་དྲིལ་བསྒྲགས་བྱེད་དགོས་པ། དྲིལ་བསྒྲགས་ཀྱི་དུས་ཚོད་དང་། རྣམ་པ། ཐབས་ཤེས་སོགས་མང་ཚོགས་ཀྱི་བསམ་ཚུལ་དོན་དངོས་དང་མཐུན་པ་སྟེ། མང་ཚོགས་ཀྱིས་དང་ལེན་བྱེད་འདོད་པ་དང་དང་ལེན་བྱེད་བདེ་བ་དེ་ཉིད་སྤྱོད་དགོས།
“ལག་རྩལ” ཡག་ཏུ་གཏོང་རྒྱུ་དེ་རང་མགོ་ཐོན་པར་འགྱུར་བ་བྱས་ནས། མང་ཚོགས་ལ་རོགས་འདེགས་ཀྱིས “དབུལ་སྒྲོལ་བྱེད་ཐུབ་པར”འགྱུར་བ་བྱེད་དགོས། མིག་སྔར། མང་ཚོགས་དབུལ་པོ་འགའ་ཤས་ཀྱིས་ཕྱོགས་གཅིག་ནས་ལག་ཤེས་གང་འདྲ་ཞིག་སྦྱོང་དགོས་མིན་དེ་གསལ་པོ་མི་ཤེས་པ་དང་། ཕྱོགས་གཞན་ཞིག་ནས་ལག་ཤེས་སྦྱོང་བརྡར་གྱི་བྱེད་སྒོར་ཞུགས་འདོད་དང་ཧུར་སེམས་ཆེན་པོ་མེད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཁོང་ཚོའི་བསམ་པར་སྦྱོང་བརྡར་ལ་ཞུགས་ནས་དུས་ཚོད་དང་ནུས་པ་སེམས་ཤུགས་འགྲོ་སོང་སོགས་བཏང་རུང་། དེས་རང་ཉིད་ལ་ཡང་སྙིང་ཕན་འབྲས་གང་འདྲ་ཐོན་ཐུབ་མིན་ལ་གདེང་ཚོད་གཏན་ནས་མེད་སྟབས། ལག་ཤེས་སྦྱོང་བརྡར་བྱེད་པའི་དམིགས་ཡུལ་རང་བཞིན་དང་། ཕན་འབྲས་རང་བཞིན། སྦྱོང་བརྡར་ལ་ཞུགས་པའི་ཧུར་སེམས་བཅས་ཆེ་རུ་གཏོང་རྒྱུ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཡིན། དེས་ན་ང་ཚོས་མང་ཚོགས་ཀྱི་དགོས་པ་གང་ཡོད་ཤེས་པ་བྱེད་དགོས་པ་དང་། གྲོང་ཁྱེར་དང་གྲོང་བརྡལ་གྱི་མང་ཚོགས་ལྷག་པར་དུ་མང་ཚོགས་དབུལ་པོ་རྣམས་ཀྱི་ངལ་རྩོལ་ནུས་ཤུགས་ཐོག་ལ་ཐེབས་པའི་ལག་ཤེས་ཀྱི་ཚོད་འཛིན་གནད་དོན་དང་། ལག་ཤེས་སློབ་སྦྱོང་བྱེད་པའི་རེ་འདུན། རིག་གནས་ཆུ་ཚད་སོགས་རྨང་གཞིའི་གནད་དོན་དག་ལ་ཁྱོན་ཡོངས་ནས་རྒྱུད་ལོན་བྱེད་དགོས་པ་དང་། མང་ཚོགས་ཀྱི་ལག་ཤེས་སྦྱོང་བརྡར་བྱེད་རྒྱུའི་དགོས་པ་གང་ཡོད་ཤེས་རྟོགས་བྱེད་པ་མ་ཟད། དེ་དང་ཐོན་ལས་གོང་འཕེལ་གཏོང་བའི་སྲིད་ཇུས་དང་། ལས་ཞུགས་ཁྲོམས་རའི་རྣམ་པ་སོགས་ནུས་ལྡན་ངང་ཟུང་འབྲེལ་བྱས་ནས། མང་ཚོགས་དབུལ་པོའི་ངལ་རྩོལ་ནུས་ཤུགས་ཏེ་ལག་ཤེས་སྦྱོང་བརྡར་གྱི་འཆར་གཞི་ཚན་རིག་དང་མཐུན་པ་ཞིག་བཀོད་དེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་བྱེད་དགོས། དེ་ཡང་མང་ཚོགས་ཀྱི་དགོས་པར་གཞིགས་ནས་སྦྱོང་བརྡར་བྱེད་དགོས་ཏེ། ལག་ཤེས་སྦྱོང་བརྡར་བྱེད་རྒྱུ་དེ་ཐོན་ལས་དང་ལས་ཞུགས་དང་ཟུང་འབྲེལ་བྱས་ནས། གྲོང་གསེབ་ཐོན་ལས་གོང་འཕེལ་གཏོང་བར་ཁ་ཚ་དགོས་གཏུགས་ཀྱི་ཁྱད་ལྡན་སྐྱེ་དངོས་གསོ་སྤེལ་བྱེད་རྒྱུའི་ལག་རྩལ་དང་། འདེབས་འཛུགས་ལག་རྩལ་སོགས་སྦྱོང་བརྡར་བྱེད་དགོས་པ་དང་། སྦྱོང་བརྡར་རྣམ་གྲངས་གནད་སྨིན་དང་། སྦྱོང་བརྡར་གྲུབ་འབྲས་གནད་སྨིན་ཡོང་བ་བྱེད་དགོས། གཞན་ཡང་ཐོན་ཁུངས་ལེགས་སྒྲིག་བྱེད་དགོས་ཏེ། ནུས་ལྡན་ངང་དབུལ་སྐྱོར་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། བཟོ་ཚོགས། ཞིང་འབྲོག ནགས་ལས། ཚན་རྩལ་སོགས་ཚན་པ་མང་པོའི་ལག་ཤེས་ཐོག་གི་རྣམ་གྲངས་ཐོན་ཁུངས་དེ་རྣམས་ལེགས་སྒྲིག་བྱེད་དགོས་པ་དང་། མང་ཚོགས་དབུལ་པོ་རྣམས་ལ་ཏན་ཏིག་ནུས་ལྡན་གྱི་ལག་ཤེས་སྦྱོང་བརྡར་སྤྲས་པ་བརྒྱུད། ཕྱུག་འགྱུར་བྱེད་པའི་ལག་ཤེས་གཅིག་གཉིས་ཙམ་བྱང་ཆུབ་པ་ཤེས་ཐུབ་པ་བྱས་ཏེ། དབུལ་སྒྲོལ་ཕྱུག་འགྱུར་གྱི་ནུས་པ་གོང་མཐོར་གཏོང་དགོས།
“ཐབས་ཇུས”ལག་བསྟར་བྱེད་རྒྱུ་དེ་རང་མོས་སུ་འགྱུར་བ་བྱས་ཏེ། མང་ཚོགས་ཀྱིས“དབུལ་སྒྲོལ་བརྩོན་ལེན”བྱེད་པར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་བསམ་ཚུལ་ལ་བརྩི་བཀུར་བྱས་ནས། “ལུས་ལ་ཚད་ནས་གོས་འཚེམ་པའི” གཏམ་དཔེ་ལྟར། གནད་སྨིན་ཐབས་ཇུས་ལག་བསྟར་བྱེད་པ་དང་། མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཧུར་སེམས་དང་རང་སྐུལ་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ་སྟེ། དཔེར་ན། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་དང་། ཀ་རྟེན་ཐོན་ལས་འདེབས་གསོ་བཅས་ལ་རོགས་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་ནས། ཞིང་པའི་ཕྱུག་འགྱུར་ལམ་བུ་རྒྱ་ཆེར་གཏོང་བ་དང་། ཐོན་ལས་གསར་པ་འཛུགས་ཐབས་གསར་གཏོད་བྱེད་པ། མཉམ་ལས་ཁང་དང་ཁྱིམ་ཚང་ཞིང་ར་སོགས་འཛུགས་གཉེར་བྱེད་པར་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག དབུལ་པོའི་ས་ཁུལ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་ཆེད་མངགས་གསོ་སྐྱོང་དང་། རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། མ་རྩ་དང་། རྣམ་གྲངས། སྲིད་ཇུས་བཅས་ཀྱི་ཐོག་ནས་རོགས་སྐྱོར་བྱས་ཏེ་དཔེ་མཚོན་ཆགས་རྒྱུར་ཆ་རྐྱེན་བསྐྲུན་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པས་ཡུལ་བབ་དང་བསྟུན་པའི་དབུལ་སྒྲོལ་རྣམ་གྲངས་འཕེལ་རྒྱས་གཏོང་བར་སྐུལ་མ་བྱེད་པ། དེ་ལྟའི་དཔེ་སྟོན་དང་སྣེ་ཁྲིད་བརྒྱུད་དེ་མང་ཚོགས་དབུལ་པོ་རྣམས་ལ་སྦྱོང་རྒྱུའི་དམིགས་ཡུལ་ཡོད་པ་དང་། རྗེས་སྙེགས་ཀྱི་ལམ་བུ་ཡོད་པ་བྱེད་དགོས་པ། དཔེ་མཚོན་གྱི་སྙིང་སྟོབས་དང་དབུལ་སྒྲོལ་ཉམས་མྱོང་དག་སྔོག་སྤེལ་བྱེད་པ་དང་། དཔེ་མཚོན་གྱི་ཤུགས་རྐྱེན་ཐེབས་ཚད་ཇེ་ཆེར་གཏོང་བ། སྣེ་ཁྲིད་ནུས་པ་ཆེ་རུ་བཏང་སྟེ། མི་ཚང་མ་ཁྱིམ་ཚང་ཕྱུག་འགྱུར་གྱི་དཔེ་མཚོན་ཆགས་པ་དང་། མི་ཚང་མས་རྗེས་ལུས་དང་དབུལ་པོར་འཐབ་འཛིང་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱེད་དགོས།