གྲུབ་འབྲས་གཡུར་དུ་ཟ་བའི་ལོ་ལྔ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22
ཟླ་1ཚེས་24ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད། སྙན་སྒྲོན་ནང་འདས་ཟིན་པའི་ལོ་ལྔའི་རིང་གི་གྲུབ་འབྲས་ལ་ཕྱིར་མིག་གཟིགས་སྐབས་བསྟན་དོན།
རྨང་གཞིའི་སྒྲིག་བཀོད།
རྨང་གཞིའི་སྒྲིག་བཀོད་ལེགས་བཅོས་ཤུགས་ཆེ་བྱས་པ།--99%-ཡི་སྒྲིག་ཚུད་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་དང་།--ལྗོངས་ཡོངས་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་6.5ནས་སྤྱི་ལེ་ཁྲི་9བར་འཕར་བ་དང་། རིམ་མཐོའི་གཞུང་ལམ་སྤྱི་ལེ་37ནས་སྤྱི་ལེ་660བར་འཕར་ཡོད། ལྷ་ཉིང་རིམ་མཐོའི་གཞུང་ལམ་རྩ་བའི་ཆར་བཟོས་ཟིན་ནས་འཁོར་རིགས་ཤར་གཏོང་ཐུབ་པ་དང་། ལྷ་གཞིས་ལྕགས་ལམ་བཟོས་ནས་ལས་གཉེར་བྱས་པ། ལྷ་ཉིང་ལྕགས་ལམ་བཟོ་མགྱོགས་སུ་བཏང་བ། རྒྱལ་ཕྱི་རྒྱལ་ནང་གི་མཁའ་ལམ་37ནས་79བར་མང་དུ་སོང་བ། ཤང་གྲོང་ཡོངས་ལ་སྦྲག་སྲིད་དྲ་ཚིགས་ཁེབས་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ཡོད། གློག་འདོན་འཕྲུལ་ཤུགས་ཆན་ཝ་ཁྲི་309ཟིན་པ་དང་། རྫོང(ཆུད)ཁག་62ལ་གློག་དྲ་ཨ་མ་ཁེབས་ཤིང་། མི་འབོར་ཁྲི་199ལ་གློག་སྤྱོད་ཐུབ་པ་དང་གློག་སྤྱོད་ཆ་རྐྱེན་ལེགས་སུ་བཏང་ཡོད། ཤངས་ཆུ་སོགས་ཆུ་བེད་ལྟེ་བའི་གཙོ་གནད་ལས་གྲྭ་སྔ་རྗེས་སུ་འགོ་བཙུགས་པ་དང་ཞིང་ཁའི་ནུས་ལྡན་ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི་184.5གསར་བཟོ་དང་ལེགས་བཅོས་བྱས་ཡོད། སྒྲིག་ཚུད་གྲོང་ཚོ་ཆ་ཚང་ལ་སྒུལ་འཕྲིན་བརྡ་རྟགས་ཁེབས་པ་དང་། དྲ་ཆེན་ཤར་གཏོང་ཐུབ་ཚད་85%ཟིན་ཡོད། གྲོང་ཁྱེར་གྲོང་རྡལ་གྱི་གད་སྙིགས་དང་བཙོག་ཆུ་གཙང་སེལ་དང་། ཆུ་འདོན་ཆུ་འགྲོ་སོགས་ཀྱི་གྲོང་ལས་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་དུ་ལེགས་སུ་སོང་བ། གྲོང་ཁྱེར་གྲོང་རྡལ་གཙོ་ཆེ་དང་ས་ཁད་མཐོ་བའི་རྫོང་ལ་དྲོད་གཏོང་ལས་གྲྭ་སྐྲུན་པར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།
ཁྱད་ལྡན་ཐོན་ལས།
ཁྱད་ལྡན་ཐོན་ལས་གོང་འཕེལ་ཤུགས་ཆེ་བཏང་བ། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་རྨང་གཞི་ཟམ་མི་ཆད་པར་སྲ་བརྟན་དུ་སོང་ཞིང་། ནས་ཐོན་འཕར་དང་འབྲི་གཡག་རྒྱགས་གསོའི་ལས་ཀར་སྐུལ་འདེད་ཤུགས་ཆེ་བཏང་སྟེ་སྡེབ་རྩིས་བྱས་ན་ནས་ཀྱི་སོན་བཟང་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི་185ཟིན་པ་དང་། འབྲུ་རིགས་ཐོན་འབོར་ཐེངས་དང་པོར་ཀྲོན་ཁྲི་100ལས་བརྒལ་བ། འབྲི་གཡག་དུས་ཐུང་རྒྱགས་གསོའི་དཔེ་མཚོན་རྫོང་ཁག་7བཙུགས་ཡོད། ཞིང་ཕྱུགས་ཐོན་རྫས་བཟོ་སྣོན་ཁེ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་36ཟིན་ཡོད། སྒོར་དུང་ཕྱུར་110ཟིན་པའི་སྲིད་གཞུང་གི་མ་འཇོག་ཐེབས་རྩ་བཙུགས་ཏེ་ཡུལ་སྐོར་རིག་གནས་དང་། དྭངས་གཙང་ནུས་རྒྱུ། ས་གཙང་བདེ་ཐང་། རང་བྱུང་འཐུང་ཆུ། འབྱུང་འཕྲོད་ཨར་སྐྲུན་རྒྱུ་ཆ་སོགས་ཁྱད་ལྡན་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་བཏང་ཡོད། “བོད་ཀྱི་ཆུ་བཟང”ལོ་རེའི་ཚོང་སྒྱུར་ཀྲོན་ཁྲི་80བརྒལ་ཡོད། 2015ལོ་ཚུན་དུ་དྭངས་གཙང་གློག་ཤུགས་ཕྱི་འདྲེན་བྱས་པ་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་21.8ཟིན་ཡོད། ཁུལ་ཡོངས་ཡུལ་སྐོར་ལ་དམིགས་ནས“མི་ཡུལ་གྱི་གནས་མཆོག་དང་མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་གྲགས་རྟགས་བཏོད་ཅིང་། ལོ་ལྔའི་ནང་སྡེབ་རྩིས་བྱས་ན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1300ལས་བརྒལ་ཡོད། ཐོན་ལས་གཉིས་པ་དང་གསུམ་པའི་ལས་གཉེར་མི་སྣས་ལྗོངས་ཡོངས་ཀྱི་ལས་གཉེར་མི་སྣའི་ནང་བཟུང་བའི་བསྡུར་ཚད་62%ལས་བརྒལ་ཡོད།
བསྒྱུར་བཅོས་སྒོ་དབྱེ།
བསྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེ་བཏང་བ། “གློད་སྡོམ་ཞབས་ཞུ་གསུམ”བསྒྱུར་བཅོས་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་དབང་ཆ་དང་འགན་འཁྲིའི་གསལ་ཐོ་དང་། བབ་བསྟུན་ལེགས་སྒྲིག ནུས་པ་རྒྱུན་ཐོན་གྱི་དོ་དམ་བཅས་བྱེད་པའི་ལམ་སྲོལ་ཕྱོགས་ཡོངས་ནས་བཙུགས་ཡོད། རང་སྐྱོང་ལྗོངས་རིམ་པའི་སྲིད་འཛིན་ཞིབ་མཆན་འགོད་པའི་བྱ་བ་ཁག་58.7%ཁུ་བསྡུ་བྱས་ཡོད། ཚོང་དོན་ལམ་ལུགས་བསྒྱུར་བཅོས་ཤུགས་ཆེ་བྱས་ཏེ་ཁེ་ལས་དང་འབྲེལ་བའི་ལག་ཁྱེར་རིགས“བཅོ་བརྒྱད་གཅིག་ལ་སྒྲིལ་བ”དང་། རིགས་ཁག་གི་ཁྲོམ་ར་གཉེར་མཁན་ཐེམ་དུད་ཁྲི་12.4ནས་ཁྲི་22.7བར་མང་དུ་སོང་ཡོད། སྔོན་རྩིས་བཟོ་འགོད་བསྒྱུར་བཅོས་བྱེད་རྒྱུ་དང་རྒྱལ་མཛོད་ནས་གཅིག་གྱུར་གཏོང་སྤྲོད་བསྒྱུར་བཅོས་བྱེད་རྒྱུ་ཧུར་ཐག་སྤེལ་བ་དང་། གཉེར་ཁྲལ་འཕར་ཁྲལ་ལ་སྒྱུར་བ་དང་ཐོན་ཁུངས་ཀྱི་དཔྱ་ཁྲལ་སོགས་བསྒྱུར་བཅོས་བརྟན་པོའི་ངང་སྤེལ་ཞིང་། སྲིད་གཞུང་ནས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་རྣམ་གྲངས་ཁག་324བར་མང་དུ་བཏང་ཡོད། དངུལ་རྩས་རྒྱབ་སྐུལ་བྱེད་རྒྱུར་སྐུལ་འདེད་རྒྱུན་མཐུད་བཏང་ཞིང་། 2017ལོར་དངུལ་རྩ་ཚན་པའི་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་འབོར་སྒོར་དུང་ཕྱུར་4043.6ཟིན་ཡོད། གྲོང་གསེབ་ཀྱི་ས་ཆའི་ལམ་ལུགས་ཁག་གསུམ་བསྒྱུར་བཅོས་ཚོད་ལྟའི་ལས་དོན་བརྟན་པོའི་ངང་སྤེལ་ཞིང་། གྲོང་གསེབ་ཀྱི་ས་ཆ་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་དང་། ནགས་དབང་གཏའ་འཇོག་དངུལ་བུན་དང་གྲོང་གསེབ་ཀྱི་རྨོ་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་གཏའ་འཇོག་དངུལ་བུན་གཏོང་བའི་ཚོད་ལྟ་བྱེད་འགོ་ཚུགས་ཡོད། བོད་མཚོ་བཟོ་ལས་གླིང་ཁུལ་དང་། ལྷ་སའི་མཐོ་གསར་ཁུལ། ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་སོགས་གསར་སྐྲུན་བྱས་ཡོད། སྡེབ་རྩིས་བྱས་ན་བོད་སྐྱོར་རྣམ་གྲངས་1463ལག་བསྟར་བྱས་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་154.8དོན་འཁྱོལ་བྱུང་ཡོད། དམངས་ཀྱིས་ལས་གཏོད་དང་ཀུན་གྱིས་གསར་གཏོད་བྱེད་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ཞིང་། ས་གནས་ཁག་གི་ཀུན་གཏོད་བར་མཐོངས་དང་སློབ་ཆེན་སློབ་མའི་ལས་གཏོད་གསོ་སྐྱོང་རྟེན་གཞི་སོགས་ཀྱི་ལས་སྟེགས་དེ་གསར་གཏོད་ལས་གཏོད་བྱེད་པའི་སྒུལ་ཤུགས་སུ་གྱུར་ཡོད། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱེད་པར་འབྲེལ་མཐུད་བྱས་ཏེ་ཀྲུང་ནེའི་ས་མཚམས་བརྒལ་བའི་དཔལ་འབྱོར་མཉམ་ལས་ཁུལ་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། ཨེ་ཤ་ཡ་ལྷོ་མའི་ཚད་ལྡན་ཅན་གྱི(ལྷ་སའི)ཞིབ་འཇུག་ལྟེ་གནས་བཙུགས་ཡོད། བོད་ལྗོངས་འགྲེམས་ཚོགས་སྐབས་གསུམ་གཉེར་སྒྲུབ་དོན་སྨིན་བྱུང་སྟེ་སྡེབ་རྩིས་བྱས་ན་གྲོས་དན་མིང་རྟགས་བཀོད་པའི་རྣམ་གྲངས་ཁག་311ཟིན་ཡོད།
མི་དམངས་ཀྱི་འཚོ་བ།
མི་དམངས་ཀྱི་འཚོ་བ་ལེགས་བཅོས་ཤུགས་ཆེ་བྱས་པ། དབུལ་གྲོལ་འགག་སྒྲོལ་ལ་གྲུབ་འབྲས་ཆེན་པོ་ཐོབ་ཅིང་། ལོ་ལྔའི་ནང་དབུལ་ཕོངས་མི་ཁྲི་53ཉུང་དུ་སོང་ཡོད། 2016ལོར་བོད་ལྗོངས་འདི་ཉིད་ཀྲུང་དབྱང་ནས་དབུལ་སྐྱོར་ལས་དོན་གྱི་ཕྱོགས་བསྡུས་གདེང་འཇོག་བཟང་བའི་ཞིང་ལྗོངས་8ཀྱི་གྲས་སུ་བདམས་ཡོད། གྲོང་ཁྱེར་དང་གྲོང་གསེབ་ལ་ཁེབས་པའི་སྤྱི་ཚོགས་འགན་སྲུང་མ་ལག་རྩ་བའི་ཆར་བཟོས་པ་དང་། ཕྱོགས་བཅུའི་ཐད་ཀྱི་དམངས་འཚོའི་སྲིད་ཇུས་ཁག་33ཕྱོགས་ཡོངས་ནས་དོན་འཁྱོལ་བྱུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་གྲོན་དངུལ་གྱི་ཚད་གཞི་དང་ཁེ་ལས་ཀྱི་རྒན་ཡོལ་ཞུས་པའི་མི་སྣའི་གཞི་རྩའི་རྒན་གསོའི་གྲོན་དངུལ་གྱི་ཆུ་ཚད་མཐོ་རུ་ཤུགས་ཆེ་སོང་བ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཞིང་འབྲོག་མང་ཚོགས་ཡོངས་ལ་ཁེབས་པ། འདོད་མོས་ཡོད་པའི་འགན་ལེན་ལྔ་བྱ་ཡུལ་གཅིག་སྡུད་འཚོ་སྐྱོང་དང་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་རྒྱུ་སྔོན་ལ་ལེགས་འགྲུབ་བྱུང་ཡོད། རིགས་ཁག་གི་གྲོང་ཁྱེར་གྲོང་རྡལ་གྱི་འགན་སྲུང་རང་བཞིན་གྱི་བདེ་སྡོད་ལས་གྲྭའི་ཚང་སྒྲིག་སྡོད་ཁང(དུད་ཚང)ཁྲི་21.8གསར་རྒྱག་བྱས་པ་དང་། ཞིང་འབྲོག་ཁུལ་གྱི་ཉེན་ཆེའི་སྡོད་ཁང་བསྒྱུར་བཅོས་བྱས་པ་དུད་ཚང་ཁྲི་14.7ཟིན་ཡོད། ལས་ཞུགས་གནས་བབ་སྤྱི་ཡོངས་ནས་བརྟན་འཁྱོངས་ཐུབ་ཅིང་། སྡེབ་རྩིས་བྱས་ན་གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་21.9གསར་སྣོན་བྱུང་བ་དང་། ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་མི་ཐེངས་ཁྲི་518.5ཁ་སྒྱུར་ཐུབ་པ། མཐོ་རིམ་སློབ་ཐོན་སློབ་མ་སྡེབ་རྩིས་བྱས་ན་མི་ཁྲི་7.7ལས་ཞུགས་ཐུབ་པ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཞུགས་པ་གཅིག་རྐྱང་མེད་པའི་ཁྱིམ་ཚང་ལ་སྐབས་བསྟུན་ལས་ཞུགས་ཐུབ་པ་བཅས་བྱས་ཡོད། རྨང་གཞིའི་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་ཟམ་མི་ཆད་པར་གོང་མཐོར་སོང་ཞིང་། གཞུང་བཙུགས་ཀྱིས་གཙོ་བོ་བྱས་པའི་ཀུན་ཕན་རང་བཞིན་གྱི་སློབ་ཞུགས་མ་བྱས་གོང་གི་སྐད་གཉིས་སློབ་གསོའི་དྲ་རྒྱ་རྩ་བའི་ཆར་ཆགས་པ་དང་། ལྗོངས་ཡོངས་ཀྱི་རྫོང་ཁག་51ལ་འགན་བབས་སློབ་གསོ་དོ་སྙོམས་གོང་འཕེལ་གཏོང་བའི་རྒྱལ་ཁབ་ཀྱི་ཚོད་སྐོར་ཁས་ལེན་བྱུང་ཐོག སློབ་ཆུང་དང་དམའ་འབྲིང་གི་སློབ་ཞུགས་བྱེད་ཚད་ཁག་སོ་སོར་99.5%དང་99.3%ཟིན་ཡོད། གཞི་རྩའི་སྨན་བཅོས་ཀྱི་སྤྱི་པའི་ཞབས་ཞུ་ཟམ་མི་ཆད་པར་ལེགས་སུ་སོང་ཞིང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཚན་པའི་གཞི་རྩའི་འཛུགས་སྐྲུན་དང་ནུས་པ་ཆེ་རུ་གཏོང་བའི་རྣམ་གྲངས་1000ལྷག་ཙམ་ལག་བསྟར་བྱས་ཐོག ལྗོངས་ཡོངས་སུ་རིམ་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྡེ་ཚན་ཁག་1476ཟིན་པ་དང་། མི་སྟོང་རེར་ནད་ཁྲི་4.5དང་འཕྲོད་བསྟེན་ལག་རྩལ་པ་4.6ཟིན་གྱི་ཡོད། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལ་གོང་འཕེལ་གསར་པ་བྱུང་ཡོད། ས་ཡོམ་དང་གནམ་གཤིས་སོགས་ཐད་ཀྱི་ཕྱོགས་བསྡུས་གནོད་འགོག་གེགས་སེལ་དང་རོགས་སྐྱོབ་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་སོང་ཡོད། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་སྡོམ་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུད་ཀྱིས་ཆེད་དམིགས་བརྟག་དཔྱད་བྱས་འབྲས་ལ་གཞིགས་ན་མང་ཚོགས་ཀྱིས་ད་ཡོད་ཀྱི་འཚོ་བར་བློ་མོས་བྱུང་ཚད་97%ལས་བརྒལ་ཡོད་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་རྒྱུར་ཡིད་ཆེས་བྱེད་ཚད་97.3%ཟིན་ཡོད།
ཚན་སློབ་ཤེས་ལྡན་མི་སྣ།
ཚན་སློབ་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ། ཀྲུང་དབྱང་ནས་རྒྱབ་སྐྱོར་བྱས་པའི་རྒྱལ་ཁབ་ཀྱི་ཤེས་ལྡན་པའི་ལས་གཞི་གཙོ་གནད་ཁག་12དོན་འཁྱོལ་བྱས་ཤིང་། 2017ལོའི་ལོ་མཇུག་ཏུ་རིགས་འདྲ་མིན་གྱི་ཆེད་ལས་ལག་རྩལ་མི་སྣ་ཁྲི་8.3དང་རྩལ་ནུས་ལྡན་པའི་ཤེས་ལྡན་པ་ཁྲི་9.3ཟིན་པ་དེ་2012ལོ་དང་བསྡུར་ན་ཁག་སོ་སོར་མི་ཁྲི་2.1དང་མི་ཁྲི་3.4མང་དུ་སོང་ཡོད། སྨན་བཅོས་དང་སློབ་གསོའི་ཤེས་ལྡན་པ་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ཡོད། སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོ་ཁྱབ་གདལ་མྱུར་པོ་བྱུང་བ་དང་རྨང་གཞིའི་སློབ་གསོ་དོ་སྙོམས་ངང་གོང་འཕེལ་བྱུང་བ། འབྲིང་རིམ་ལས་རིགས་ཀྱིས་གཙོ་གནད་དང་མཐོ་རིམ་ལས་རིགས་ཀྱིས་སྣེ་འདྲེན་བྱས་ཐོག སློབ་རིམ་སློབ་གསོ་དང་ལས་རིགས་རྩལ་ནུས་སྦྱོང་བརྡར་སྤྲོས་རྒྱུ་ཟུང་དུ་འབྲེལ་བའི་དེང་རབས་ལས་རིགས་སློབ་གསོའི་མ་ལག་བཏོད་ཡོད། བོད་ལྗོངས་སློབ་ཆེན་སྐྱེ་ཁམས་རིག་པ་དེ་རྒྱལ་ཁབ་ཀྱི་རྩེར་ཕུད་རིག་ཚན་ཁོངས་སུ་བཅུག་ནས་འཛུགས་སྐྲུན་བྱས་པ་དང་། འབུམ་རམས་པའི་མཚན་གནས་སྤྲོད་དབང་ཡོད་པའི་ཚན་པ་ཐོག་མར་བཙུགས་ཡོད། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱས་ཡོད། གལ་ཆེའི་ཚན་རྩལ་ཆེད་དམིགས་རྣམ་གྲངས་ཆེན་པོ་བརྒྱད་ལག་བསྟར་བྱས་ཤིང་། ནས་ཀྱི་སོན་བཟང་ཐོན་ཁུངས་དང་འབྲི་གཡག་རྒྱུད་བཟང་དུ་གཏོང་བའི་རྒྱལ་ཁབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་། ཞིང་ཚན་ཁོངས་ཀྱི་ཡོན་རམས་མཁས་དབང་ལས་ཚུགས་དངོས་སུ་བཙུགས་ཡོད། ལྷ་ས་དང་། གཞིས་རྩེ། ནག་ཆུ་བཅས་ཀྱི་རྒྱལ་ཁབ་རིམ་པའི་ཞིང་ལས་ཚན་རྩལ་གླིང་ཁུལ་3བསྐྲུན་ཡོད། ཞིང་ནང་འཕྲུལ་ཆས་ཅན་གྱི་ཕྱོགས་བསྡུས་ལས་སྒྲུབ་བྱེད་ཚད་60.2%ཟིན་ཡོད། ལོ་ལྔ་ཚན་བཅུ་གཉིས་པའི་རིང་ཚན་རྩལ་ཡར་ཐོན་གྱི་ལེགས་སྐྱེས་འབུལ་ཚད་40%ཟིན་ཡོད།
རིག་གནས་སྐྱོང་སྤེལ།
རིག་གནས་སྐྱོང་སྤེལ་བྱེད་པར་སྐུལ་འདེད་ཤུགས་ཆེ་བཏང་བ། ཞིང་པའི་དཔེ་ཁང་5464དང་དགོན་པའི་དཔེ་ཁང་1787བཙུགས་པ་དང་། ཞིང་ཁྱིམ་དུ་སྲུང་སྐར་གྲངས་འཛིན་དཔེ་ཁང་ཁག་1000བཙུགས་ཡོད། རྫོང་རིམ་པའི་རླུང་འཕྲིན་བརྙན་འཕྲིན་ཁང་68འཛུགས་གཉེར་བྱས་པ་དང་། རླུང་འཕྲིན་བརྙན་འཕྲིན་མི་མགོར་ཕྱོགས་བསྡུས་ཁྱབ་ཚད་ཁག་སོ་སོར་96.2%དང་97.3%བར་འཕར་ཡོད། ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་པ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་དྲ་རྒྱ་རྩ་བའི་ཆར་གྲུབ་ཡོད། སྡེབ་རྩིས་བྱས་ན་རིགས་འདྲ་མིན་གྱི་རིག་རྩལ་བརྩམ་བྱ་5000ལྷག་ཙམ་གསར་རྩོམ་བྱས་པ་དང་། དམངས་ཕན་འཁྲབ་སྟོན་ཐེངས་ཁྲི་10ལྷག་ཙམ་བྱས་པ། 《ཐུན་མོང་གི་ཁྱིམ་གཞིས》དང《རྒྱུད་སྐུད་སྟེང་གི་བརྩེ་སེམས》ཞེས་པ་སོགས་ཕུལ་བྱུང་རིག་རྩལ་བརྩམ་བྱ་ཁག་གཅིག་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་ཡོད། རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་བྱེད་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཞིང་། རིག་དངོས་སྲུང་སྐྱོབ་རྣམ་གྲངས་100ལྷག་ཙམ་ལག་བསྟར་བྱས་པ་དང་། བོད་ཀྱི་ལྷ་མོ་དང་། གེ་སར་སྒྲུང་གླུ། ཐང་ག བོད་ཤོག་སོགས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་ལ་སྲུང་སྐྱོབ་དང་གོང་འཕེལ་ནུས་ལྡན་བྱུང་ཡོད། བོད་ལུགས་གསོ་རིག་སྨན་ལས་མངོན་མིན་རིག་གནས་ཤུལ་བཞག་ཏུ་རེ་ཞུ་བྱེད་པར་གྲུབ་འབྲས་ཆེན་པོ་ཐོབ་ཡོད། དངོས་ལྗོངས་འཁྲབ་ཚན་ཆེ་གྲས《འུན་ཤིང་ཀོང་ཇོ》ཞེས་པ་དེ་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་མིང་བྱང་ཞིག་ཏུ་གྱུར་བ་དང་། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30བརྒལ་ཡོད། ལོ་ལྔའི་རིང་རང་ལྗོངས་ཀྱི་ལུས་རྩལ་པར་རྒྱལ་ཕྱི་རྒྱལ་ནང་གི་འགྲན་བསྡུར་ཁག་ནང་བྱ་དགའི་རྟགས་མ་122ཐོབ་པ་དང་། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གསེར་གྱི་རྟགས་མ་1དང་ཟངས་ཀྱི་རྟགས་མ་6ཐོབ་པས་ལོ་རྒྱུས་ཐོག་གི་གྲུབ་འབྲས་བཟང་ཤོས་བཏོད་ཡོད།
མི་རིགས་མཐུན་སྒྲིལ།
མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་གང་ཆེ་བརྒྱབ་པ། སྒོ་དབྱེ་དང་། དགའ་བསུ། བསྟུན་མཁས་བཅས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་ལྗོངས་ནང་ཁུལ་གྱི་མང་ཚོགས་ནང་སར་ལས་ཞུགས་ལས་གཏོད་བྱེད་པར་འགྲོ་རྒྱུར་ཁྲིད་སྟོན་སྐུལ་ལྕག་ཧུར་ཐག་བྱས་པ་དང་། ནང་སའི་མི་སྣ་བོད་དུ་མ་འཇོག་ལས་གཉེར་བྱེད་པར་འདྲེན་འགུགས་བྱས་པས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་ཡོད། དགོན་སྡེར་དོ་དམ་བྱེད་པའི་ནུས་པ་རྒྱུན་ཐོན་ལམ་སྲོལ་ཟམ་མི་ཆད་པར་འཐུས་ལེགས་སུ་བཏང་བ་དང་། དགོན་པ་དང་གྲྭ་བཙུན་ལ་ཕན་འདོགས་པའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཡོད། མི་རིགས་མཐུན་སྒྲིལ་སྔར་བས་སྲ་བརྟན་དུ་སོང་ཞིང་། “ཁ་འབྲལ་ཐབས་མེད་པ་གསུམ”དང“མོས་པ་ལྔའི”བསམ་བློ་མི་སེམས་ལ་གཏིང་ཟབ་ཟུག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་སོང་ཡོད།
ཁུལ་ཁོངས་མཐུན་སྦྱོར།
ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེ་བཏང་བ། ལྷ་ས་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་སྔར་བས་མངོན་གསལ་དོད་དུ་སོང་བ་དང་། གཞིས་རྩེ་དང་། ཆབ་མདོ། ཉིང་ཁྲི། ལྷོ་ཁ། ནག་ཆུ་བཅས་ས་གནས་ནས་གྲོང་ཁྱེར་དུ་བསྒྱུར་བ། སྟོད་ལུང་བདེ་ཆེན་སོགས་རྫོང་ནས་ཆུད་དུ་བསྒྱུར་བ་སོགས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད་བརྒྱ་ཆའི་གྲངས་7ཙམ་མཐོ་རུ་སོང་ཡོད། ཞིང་འབྲོག་ཁུལ་དུ“ཆུ་དང་གློག་ལམ་འཕྲིན་དྲ་དང་ཚན་སློབ་རིག་འཕྲོད་བདེ”བཅས་རྣམ་གྲངས་བཅུ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། གྲོང་གསེབ་ཀྱི་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་སོང་ཡོད། ཁྱད་ལྡན་གྲོང་རྡལ་ཆུང་གྲས་26འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཁྱད་ལྡན་གྲོང་རྡལ་ཆུང་གྲས་7རྒྱལ་ཁབ་ཀྱི་འཛུགས་སྐྱོང་བྱེད་པའི་མིང་གཞུང་ནང་ཚུད་ཡོད། མཐའ་མཚམས་ས་ཁུལ་གོང་འཕེལ་གཏོང་བར་རྒྱབ་སྐྱོར་བྱས་པ་དང་། མཐའ་མིའི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མཐོ་རུ་ཤུགས་ཆེ་བཏང་ཡོད།
སྲིད་གཞུང་ལེགས་སྐྱོང་།
སྲིད་གཞུང་གི་རང་ངོས་ལེགས་སྐྱོང་བྱེད་རྒྱུར་ཤུགས་སྣོན་གང་ཆེ་བརྒྱབ་པ། སྔ་ཕྱི་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་རྒྱུ་མཐའ་འཁྱོངས་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་ལག་བསྟར་ནན་ཏན་བྱས་ཡོད། ཀྲུང་དབྱང་གི་གཏན་འབེབས་ཁག་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་བྱས་པ་དང་། ལྗོངས་ཏང་ཨུད་ཀྱི་བསྲུང་བྱ་བཅུ་དང་བླང་བྱ་དགུ་དོན་འཁྱོལ་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་ཏང་ཙུའི་གཙོ་རྐང་འགན་འཁྲི་དོན་འཁྱོལ་ནན་པོ་བྱས་ཡོད། རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་གཞི་རྩའི་མཛད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ལོ་ལྔའི་རིང་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ལ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་23གྲོས་ཞིབ་བྱེད་རྒྱུར་ཕུལ་བ་དང་། སྲིད་གཞུང་གི་སྒྲིག་སྲོལ་ཁག་25བཟོ་འདོན་བྱས་པ། སྲིད་གཞུང་གི་སྒྲིག་སྲོལ་དང་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁག་293གཙང་བཤེར་བྱས་ཡོད། སྲིད་གཞུང་གི་གྲོས་འདྲིའི་ལམ་ལུགས་འཐུས་ཚང་བཙུགས་ཏེ་གྲོས་འདྲི་ཨུ་ལྷན་གྱི་ནུས་པ་འདོན་སྤེལ་བྱས་ནས་གལ་ཆེའི་ཐབས་ཇུས་ལ་ཁྲིམས་མཐུན་རང་བཞིན་གྱི་ཞིབ་བཤེར་བྱེད་ལམ་ལག་བསྟར་བྱས་ཡོད། ལོ་ལྔའི་རིང་གཞུང་གྲོན་གསུམ་གྱི་གཏོང་སྒོ་30%ཆག་ཡོད། སྲིད་དོན་ཡོངས་བསྒྲགས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། སློབ་སྦྱོང་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།