རང་ཁྱིམ་དུ་གླེང་བའི་བོད་གསར་རྙིང་གི་ཁྱད་པར།

སྤེན་པ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        དཔྱིད་རླུང་བསིལ་བསིལ་ལྡང་བའི་ཞོགས་པ་ཞིག་ལ་ང་དང་ངའི་རྨོ་ལགས་རང་ཁྱིམ་གྱི་ཐོག་བརྩེགས་གཉིས་པའི་ཉི་གཡབ་ཏུ་ཇ་བསྲུབས་མ་འཐུང་བཞིན་བསྡད་ལ། སྤྲིན་གྲིབ་སྤུ་ཙམ་ཡང་མེད་པའི་ནམ་མཁའ་ནས་དྲོད་འཇམ་འོད་ཟེར་དེ་ངེད་ཀྱི་ཐོག་ཁང་ནང་གང་སར་ཁྱབ། དཔྱིད་རླུང་དལ་བུར་ལྡང་བས་གཡབ་སྟེང་གི་སྣ་འཛོམས་མེ་ཏོག་རྣམས་ནི་ཡིད་མགུ་བའི་བྲོ་གར་འཁྲབ་པ་དང་ཡོངས་སུ་མཚུངས།

        ངའི་ལག་ཏུ《བོད་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས》ཞེས་པའི་དེབ་ཅིག་འཁྱེར་ཡོད་པ་ནི་ངའི་རྨོ་ལགས་ཀྱིས་གསན་གནང་རྒྱུར་དགའ་བའི་དཔེ་དེབ་ཅིག་ཡིན། བཀད་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་བོད་རྙིང་པར་སྐྱེས་པའི་ངའི་རྨོ་ལགས་ནི་སློབ་གྲྭར་སྐྱོད་པའི་གོ་སྐབས་ཡེ་ནས་བྱུང་མེད་པས་དཔེ་དེབ་ཐོག་གི་ཤེས་བྱ་རྣམས་གཞན་གྱིས་ཀློག་པ་བརྒྱུད་ཤེས་པ་དང་ལོངས་སུ་སྤྱོད་རྒྱུ་རང་ལས་ཐབས་གཞན་མེད། དེས་ན་ཏང་གི་ཡང་དག་སྲིད་ཇུས་བཟང་པོའི་འོག་ཁོང་གིས་ཉིན་རེའི་གླིང་སྐོར་དང་ཕྱག་འཚལ་གནང་རྗེས། དུས་གསེང་དུ་རང་ཁྱིམ་གྱི་གུ་ཡངས་པའི་ཉི་གཡབ་ནང་གསོལ་ཇ་མཆོད་ཅིང་དྲི་ཞིམ་མེ་ཏོག་ཁྲོད་དུ་ཚ་བོ་ངས་ཀློག་པའི་དཔེ་དེབ་གསན་གནང་རྒྱུ་དེ་ནི་ཉིན་རེའི་རླུང་འཕྲིན་དང་བརྙན་འཕྲིན་ལེ་ཚན་གསན་གཟིགས་གནང་བ་ཕུད་པའི་ལོངས་སྤྱོད་གཞན་ཞིག་དུ་གྱུར་ཡོད།

        “ཡྰ། བུ། ཇ་བསྲུབས་མ་གང་འཐུང་དང་། དངོས་གནས་ད་ཆ་ཁྱིམ་ནང་འཁྱགས་སྒམ་ཡོད་པས་མར་རྣམས་སོས་པ་ཡིན་ཞིང་། འཚོ་བ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཕྱིན་པས་ཟ་འཐུང་གང་འདོད་ལྟར་བྱེད་རྒྱུ་འདུག”ཅེས་རྨོ་ལགས་ཀྱིས་ཇ་ཕོར་ངར་བཤུག་གནང་བྱུང་བས་ངས་ལག་གཉིས་ཀྱིས་ཚུར་བླངས་པ་དང་ཆབས་ཅིག་རྨོ་ལགས་ལ“རྨོ་ལགས་ཁྱེད་རང་སྤྱི་ཚོགས་རྙིང་པའི་སྐབས་ཉིན་ལྟར་ཇ་བསྲུབས་མ་འཐུང་རྒྱུ་ཨེ་ཡོད”ཅེས་དྲིས་པ་ཡིན། ངའི་ངོས་ནས་བཤད་ན། དགུང་ལོ་བརྒྱད་བཅུ་གྱ་ལྔར་སོན་པའི་རྨོ་ལགས་ནི་སྤྱི་ཚོགས་རྙིང་པའི་ལོ་རྒྱུས་ཀྱི་དཔང་མི་ཞིག་དང་གསར་རྙིང་ཐམས་ཅད་མཁྱེན་པའི་གླེགས་བམ་གསོན་པོ་ཞིག་རང་ཡིན།

        “བོད་རྙིང་པའི་སྐབས་དཔོན་རིགས་རྣམས་དང་གྲྭ་པ་རྣམས་ལ་མ་གཏོགས་ང་ཚོ་བྲན་གཡོག་ལ་ཇ་བསྲུབས་མ་ཉིན་གང་འཐུང་རྒྱུ་ག་པར་ཡོད་རེད། ང་ཚོར་མར་མེད་པས་རྟག་པར་ཇ་ཐང་འཐུང་རྒྱུ་དང་སྐབས་འགར་ཕོར་མར་ཏོག་ཙམ་རྒྱག་རྒྱུའམ་ཡང་ན་སྣུམ་ཇ་དང་རུས་ཇ་འཐུང་རྒྱུ་བྱུང་ན། འདི་ནི་ལྷ་རབ་ལ་བརྩི་གི་ཡོད། ང་རང་ལག་ཤེས་ཏོག་ཙམ་ཤེས་པས་མིའི་ཁྱིམ་དུ་ལྷམ་བཟོ་བར་སོང་ཡང་ཇ་རང་སྣང་གང་ཤར་གྱིས་འཐུང་རྒྱུ་མེད་པར་སྦྱིན་བདག་དང་རྒན་ལགས་ཀྱི་གདོང་ལ་བལྟས་ནས་སེམས་ཆུང་དང་འཛེམ་སྣང་བྱེད་དགོས་པས། ལྟོ་གྲོད་པ་རྒྱགས་པ་ཞིག་བཟའ་རྒྱུ་ནི་ཧ་ཅང་དཀོན་པོ་ཡིན”ཞེས་རྨོ་ལགས་ཀྱིས་ལན་གནང་བ་དང་སྦྲགས། ང་ཚོའི་འཆར་ཅན་གྱི་དཔེ་དེབ་སྙན་སྒྲོན་དང་བར་གསེང་གི་ལབ་གླེང་དེ་དཔྱིད་རླུང་བསིལ་བསིལ་ངང་ལྡང་བའི་ཞོགས་པ་འདི་འདྲ་ཞིག་ལ་འགོ་ཚུགས།

རྨོ་ལགས་ཀྱིས་གླེང་བའི་བོད་རྙིང་པའི་ཁྲིམས་རྭའི་ཟུར་ཞིག

        དང་ཐོག་ངས་རྨོ་ལགས་ལ《རྣམ་གླིང་རྫོང་རྩེད་གདོང་ཤང་བན་ལོག་ཀུན་དགའ་རིན་ཆེན་ལ་མནར་གཅོད་དྲག་པོ་ཕོག་པའི་ལོ་རྒྱུས་སྐོར》ཞེས་པར་འཁོད་པའི། བོད་ས་གནས་སྲིད་གཞུང་གི་གོ་གནས་དྲུང་ཏོག་བྱ་བ་ཡོད་པའི་ལུང་ཆུང་དཔོན་པོ་རྩེད་གདོང་ལྕང་ར་བས། རང་གི་བུ་ཚེ་རིང་གིས་རང་ཁྱིམ་ནས་རྒྱུ་དངོས་རྐུ་འཁྱེར་བྱས་པ་དེ་ཡུལ་འདི་གའི་ཞིང་བྲན་གོང་པ་བཀྲ་ཤིས་ལ་མ་ཉེས་ཁ་གཡོག་བྱས་ནས། ཁྲིམས་ལ་གཏུགས་པར་རྩེད་གདོང་གཞིས་ཀས་ངན་པ་རྐུབ་འབྲེལ་གྱིས་རྐུ་མ་རྒྱ་ཡན་བཏང་ཐོག་ཉེས་མེད་གོང་པ་བཀྲ་ཤིས་ལ་ཁྲིམས་གཅོད་ཚད་མེད་བཏང་བའི་ལོ་རྒྱུས་དེ་ཀློག་པ་ཡིན། རྨོ་ལགས་ཀྱིས་དང་ཐོག་ཧ་ལས་པའི་རྣམ་འགྱུར་གྱིས“ཨ་ཙི། རྒྱལ་ཁབ་དྲིན་ཅན་འདི་ནི་ཅི་འདྲའི་ཞིབ་ཚགས་དང་། ཉམས་ཆེ་བ། ཡང་དག་པ་ཞིག་རེད་ཨང་། དེ་ལྟ་བུའི་བོད་རྙིང་པའི་ལོ་རྒྱུས་ཀྱང་དཔེ་དེབ་ཐོག་ལ་བཀོད་གནང་ཡོད་པ་རེད། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ནི་གང་ཅིའི་ཐད་ལ་བཟང་བ་ཞིག་རེད་ཨང”ཞེས་གསུངས་ཤིང་། དེ་ནས་དབུ་གཡུགས་ཙམ་གནང་ནས་ཧ་ལམ་ཆེས་གདུག་རྩུབ་ཆེ་བའི་འདས་དོན་རྣམས་སྤྱན་ལམ་དུ་བསྐྱར་དུ་གཟིགས་པ་ལྟར་སྐྱོ་ཤས་ཆེན་པོས་གསུངས་པར། “རྒྱལ་ཁབ་ཀྱིས་ཟིན་བཀོད་དཔེ་སྐྲུན་གནང་བའི་ལོ་རྒྱུས་དེ་ཤིན་ཏུ་བདེན་ལ་ཞིབ་ཚགས་པ་ཞིག་འདུག གྱོད་གཞི་དེའི་ནང་གི་མ་ཉེས་ཁ་གཡོག་གིས་ཁྲིམས་གཅོད་ཕོག་མཁན་གོང་པ་བཀྲ་ཤིས་ཀྱི་ཨ་ཞང་ནི་ངའི་བཟའ་ཟླ་ཡིན། གོང་པ་བཀྲ་ཤིས་ཀྱི་བསྡུས་མིང་ལ་གོང་བཀྲ་ཟེར། དེ་ཡང་འདས་དོན་དེ་ནི་1950ལོར་བྱུང་ཞིང་། རྩེད་གདོང་ལྕང་ར་བའི་བུ་ཚེ་རིང་རྒྱ་གར་དུ་ཚོང་རྒྱག་པར་བཏང་བ་རེད། སྐབས་དེར་འབྲས་ལྗོངས་ལ་བུད་མེད་གང་བྱུང་བསྟེན་པ་སོགས་བག་མེད་ལོངས་སྤྱོད་བྱས་སྟབས་ཚེ་རིང་གི་ཚོང་ཟོག་དང་དངུལ་རྣམས་འཐོར་བརླག་ཏུ་སོང་སྟེ་ ཚོང་ལ་ཕམ་ཉེས་བྱུང་བས། ཁོས་རང་ཁྱིམ་ནས་གསེར་ཆས་དང་གཟི་ཤལ་དུ་མ་རྐུ་འཁྱེར་བྱས་པ་རེད། ཡིན་ནའང་དེ་དག་རྐུ་མཁན་གོང་བཀྲ་ཡིན་ཞེས་མ་ཉེས་ཁ་གཡོག་བྱས་པ་མ་ཟད། འཛིན་བཟུང་བྱས་སྟེ་རྩེད་གདོང་གཞིས་ཀར་རྩིས་སྤྲད་པ་དང་། རྩེད་གདོང་གཞིས་ཀས་ལྕང་ར་བའི་འབུལ་ཚན་ལྐོག་བླངས་བྱས་ནས། གོང་བཀྲ་ལ་ཐོག་མར་འབྱོར་ལྕག་བརྒྱ་བཏང་ནས་བཙོན་དུ་བཅུག་པ་དང་། དེ་རྗེས་སྔ་ཕྱིར་རྟ་ལྕག་དང་ལྕང་རློན་བརྒྱ་བཏང་བས་ཁོ་གོམ་པའང་སྤོ་མི་ཐུབ་པར་མིས་སྒལ་པར་འཁྱེར་དགོས་ཆགས་སོང་། དེ་ནས་ཡང་ཉིན་ཞིག་རྒྱུག་རིལ་གྱིས་མཛུབ་བཙིར་བཏང་བ་དང་།(དེས་དུས་ད་ལྟའང་ཁོ་མཛུབ་མོ་གཅོང་པོར་གྱུར་ཡོད) སླར་རྟ་ལྕག་དང་ལྕང་རློན་བརྒྱ་ཙམ་བཏང་བས་གོང་བཀྲའི་བརླ་ཤ་ནས་ཤ་ལིང་ལིང་ཞིག་གོག་པ་མ་ཟད། དེ་སྔོན་གོང་བཀྲར་སྨན་བཅོས་བྱེད་མཁན་ཨེམ་རྗེ་ཆོས་འཕེལ་ལ་ཡང་དམར་ཧྲེང་ལ་རྟ་ལྕག་དུ་མ་བཏང་། ཡིན་ནའང་གོང་བཀྲས་ད་དུང་རྐུན་པོ་ཁས་ལེན་མ་བྱས་པས། མཐར་བདེན་རྫུན་ཤོ་རྒྱག་རྒྱུའི་ཁུངས་ལུང་མེད་པའི་ཁྲིམས་འགེལ་བརྒྱུད་རིམ་སྤྱད་དེ་གོང་བཀྲ་བཙོན་འཇུག་བྱེད་རྒྱུར་ཐག་བཅད། དེ་ནས་གོང་བཀྲ་ལ་སྐེ་སྒོ་གཡོགས་ཤིང་རྐང་ལྕག་རྒྱག་པ་སོགས་བྱས་སོང་། ཨ་རྩི། ཡ་ང་སྙིང་རྗེ་མེད་པའི་བྱེད་སྟངས། སྔར་སོང་གནས་ཚུལ་དེ་ནི་དུས་ད་ལྟའང་གློག་བརྙན་ལྟར་ངའི་མིག་ལམ་དུ་འཁོར་གྱིན་འདུག གདུག་རྩུབ་ཀླ་ཀློའི་ཁྲིམས་གཅོད་དང་ཡ་ལ་སྙོན་དཀྲི་བྱེད་པའི་གྱོད་གཞི་དེ་དང་དེ་འདྲ་བར་བདེན་རྫུན་ནམ་ལངས་རི་གསལ་ཞིག་ཡོང་རྒྱུ་ཆོས་ཉིད་ཡིན་པས། ཀྲུང་གོ་གུང་ཁྲན་ཏང་གིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་གཏོང་སྐབས་མི་དམངས་སྲིད་གཞུང་གིས་བདེན་རྫུན་གསལ་དཔྱད་གནང་བ་དང་། མི་དམངས་ལ་གཉའ་གནོན་གཏོང་མཁན་དཔོན་ངན་དེ་དག་དང་མི་ངན་དེ་རྣམས་ལ་འཐབ་རྩོད་ཡང་དག་གནང་སོང་། དེ་ནས་ཡང་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོའི་འོག་སྲིད་ཇུས་དོན་འཁྱོལ་ཡང་གནང་ཡོད།”

        ངས་རྨོ་ལགས་ལ་གསོལ་ཇ་གང་ཞུས་རྗེས་དངུལ་གྱི་ཕོར་ཁེབས་ཕོར་པའི་སྟེང་ལ་བཀབ་ནས“དེ་འདྲའི་སྤྱི་ཚོགས་རྙིང་པའི་ཁྲིམས་ཀྱི་གདུག་རྩུབ་ལ་ཨང”ཞེས་བཤད་པར་རྨོ་ལགས་ཀྱིས “རེད་ཨང་། མི་ཉུང་ཤས་ལ་ཞབས་ཞུ་བྱེད་པའི་སྤྱི་ཚོགས་དེར་སྒེར་སེམས་དང་གདུག་རྩུབ་ལས་ཅི་ཡོད།”ཅེས་གསུངས་ཤིང་། ཉི་གཡབ་ནས་ནུབ་ཏུ་ཞལ་གཟིགས་ཏེ་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོའི་འོག་ཉེ་ཆར་ཉམས་གསོ་གནང་བའི་གཞིས་ཀ་རྩེ་བསམ་གྲུབ་རྩེ་རྫོང་མཁར་ལ་མཛུབ་མོ་བཙུགས་ནས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཇུས་བཟང་པོའི་འོག་དེ་སྔ་ལོ་བཅུའི་གོད་ཆག་ཆེན་པོའི་སྐབས་ཉམས་ཆག་སོང་བའི་བསམ་གྲུབ་རྩེ་རྫོང་དེ་སྲིད་གཞུང་ནས་སླར་གསོ་དང་ཉམས་བཟོ་གནང་ཏེ། ད་ཆ་སྔོན་མ་ནང་བཞིན་བཟོས་འདུག སྤྱི་ཚོགས་རྙིང་པའི་སྐབས་རྫོང་ཤར་གྱི་བདེ་གཡང་ཟེར་བ་འདི་ནི་ཁྲིམས་རྭ་ཡིན། རྫོང་མཁར་གྱི་བྱང་ངོས་བྲག་སྟེང་ནས་གདུག་རྩུབ་ཆེན་པོས་ཉེས་ཅན་པ་གཡང་བསྐྱུར་གཏོང་གི་ཡོད་ཅིང་། རྫོང་གི་ས་འོག་བཙོན་ཁང་ནང་མི་ཤིའི་དོན་རྐྱེན་མང་པོ་བྱུང་མྱོང་ཡོད་ནའང་དེ་ཚོ་ལ་རྟོག་ཞིབ་སུས་བྱེད། ལས་འབྲས་ལ་བསླུ་བ་མེད་པ་མ་གཏོགས་བཟང་ངན་ལ་ཕྱིན་ཅི་ལོག་པའི་ཁྲིམས་གཅོད་ལ་ཉེ་རིང་ཕྱོགས་ཞེན་གྱིས་ཁེངས་པའི་སྤྱི་ཚོགས་རེད། སྐབས་དེ་དུས། བདེ་གཡང་ཁྲིམས་རྭའི་ནུབ་ཏུ་ཁྲིམས་དཔོན་རྣམས་ཁྲི་མཐོ་པོའི་ཐོག་སྡོད་པ་དང་། ཉེས་ཅན་པ་ཟེར་བ་ཁ་སྦུབ་སློག་ནས་རྐང་པ་གཉིས་ས་སྟེང་ལྕགས་ཀྱི་ཨ་ལོང་ལ་བཏགས། ཁྲིམས་གཅོད་པ་གཅིག་གིས་ཉེས་ཅན་དེའི་གཉའ་ནས་རྐུབ་ཀྱིས་མནན་ཞིང་། གཡས་གཡོན་དུ་ཁྲིམས་གཅོད་པ་གཉིས་ལངས་ནས་ལག་ཏུ་རྟ་ལྕག་རེ་འཁྱེར་ཏེ་དམར་ཧྲེང་ངེར་སྟོན་པའི་ཉེས་ཅན་པའི་རྐུབ་ལ“གཅིག་ཅའ། གཉིས་ཉྭ ”ཞེས་རྟ་ལྕག་ཤུགས་གང་ཡོད་ཀྱིས་བཏང་བས། རྐུབ་ཀྱི་ཤ་དེ་སྨྱུག་མ་འདྲ་བའི་ཤ་སྨུག་ཏུ་འགྱུར་ཞིང་སྐྲངས་ཡོང་གི་འདུག དེས་ན་ཉེས་ཅན་པས“དཔོན་པོ་ཆོས་ཀྱི་རྒྱལ་པོ་མཁྱེན”ཞེས་ཞུ་བ་འཐེན་པ་དང་སྨྲེ་ངག་སྟོན་ནའང་ཁྲིམས་གཅོད་པའི་རྐུབ་འོག་མནན་ཡོད་སྟབས་སྐད་ཤུགས་ཆུང་ལ་ཡ་ང་བ་ཞིག་འདུག ཁྲིམས་གཅོད་ཚར་རྗེས་ཉེས་ཅན་པ་ཡར་ལངས་སྐབས་རྐུབ་ནས་ཁྲག་དམར་རྗེན་དུ་རྟིང་ཀའི་བར་རྒྱུག་གི་འདུག གལ་ཏེ་ཁྲིམས་དཔོན་ལ་འབུལ་ཚན་བརྒྱབ་ཚེ་རྟ་ལྕག་རྣམས་ས་སྟེང་ལ་འཁེལ་བ་ཞུས་པ་ལས་ལུས་ཐོག་ཏུ་དེ་ཙམ་ཐེབས་ཀྱི་མེད་ཅེས་ཟེར་སྲོལ་ཡོད།

        དེ་བཞིན་1939ལོར་ངའི་ཁྱིམ་མཚེས་ཆང་མ་དེ་རྐུ་མ་གཟིམ་དཔོན་ལགས་ཞེས་པས་བསད་ནས་རྒྱན་ཆ་འཕྲོག་བཅོམ་བྱས་པ་རེད། དེ་སྔའི་བོད་ས་གནས་སྲིད་གཞུང་གིས་རྐུ་མ་གཟིམ་དཔོན་ལགས་འཛིན་བཟུང་བྱས་ནས་མགོ་བཅད་དེ། ཁྲོམ་གཞུང་དུ་བཀལ་འདུག་པས་ཁོའི་སྐྲ་ནག་ཐིང་ངེར་ཡོད་པ་དུས་ད་ལྟའང་ངའི་མིག་ལམ་དུ་མངོན་གྱི་འདུག དེས་ན་ངའི་བསམ་པར་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ཀྱི་ཁྲིམས་ནི་གདུག་རྩུབ་ཧ་ཅང་ཆེ་བ་ཞིག་ཡིན། ད་ལྟ་ང་ཚོའི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ནི་ཡང་དག་མི་ཆོས་ལྡན་ལ་ལྷག་པར་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོའི་འོག་མི་ལུས་རང་དབང་དང་ངལ་རྩོལ་སོགས་གང་སྤྱིའི་ཐད་ལ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ཡོད་པས་སྔོན་མ་དང་བསྡུར་ན་གནམ་ས་ལྟ་བུའི་དབྱེ་བ་ཆོད་འདུག

པ་ཕས་གླེང་བའི་བོད་གསར་རྙིང་གི་འཚོ་བ།

        རྨོ་ལགས་ཀྱིས་གསོལ་ཇ་གནང་ཞིང་གསུངས་དོན“ངའི་ཨ་མ་རྫོང་དུ་འབྲུ་སློག་རྒྱག་རྒྱུའི་བྲན་གཡོག་དུ་འགྲོ་དགོས་ཀྱི་ཡོད་འོན་ཀྱང་ཉིན་རེའི་གླ་ཆ་ནི་ཞོ་གསུམ་མ་གཏོགས་མེད། སྐབས་དེར་ཞོ་གསུམ་ལ་བག་ལེབ་ཆུང་ཆུང་གསུམ་རང་ལས་ཉོ་ཐུབ་ཀྱི་མེད”ཅེས་གསུངས།

        དེའི་སྐབས་ངའི་པ་ལགས་ཀྱང་ང་ཚོའི་ལབ་གླེང་ནང་ཞུགས། ཁོང་གིས“ང་ནི་ལོ་དགུ་ནས་བྲན་གཡོག་ཏུ་བསྡད་པ་ཡིན། བྲན་བདག་གིས་ངར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལས་ཀ་བྱེད་དུ་འཇུག་ཅིང་། དུར་ཁྲོད་དུ་རྩྭ་འགོག་པར་གཏོང་མྱོང་། དེ་དུས་ལྷམ་ཡང་གྱོན་དུ་མི་འཇུག་པ་དང་། རྩམ་པ་ནི་དྲི་མ་ཅན་རྐྱང་རྐྱང་ཟ་རུ་འཇུག་གི་ཡོད་ལ་གྲོད་པ་རྒྱགས་པ་ཞིག་ནི་ཉིན་གཅིག་ཀྱང་བཟའ་རྒྱུ་མེད། བོད་ལ་བཅིངས་ཞི་བས་འགྲོལ་ཐོབ་རྗེས་གུང་ཁྲན་ཏང་གི་དབུ་ཁྲིད་འོག་ང་རང་བོད་གསར་གྱི་བཟོ་པ་ཞིག་ཏུ་འགྱུར་ནས་རྒྱ་ནག་ཏུ་འགྲོ་བའི་གོ་སྐབས་བྱུང་། ལྷག་པར་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོའི་འོག་རང་ལ་བདག་ཆོག་པའི་ཁང་པ་བ་གམ་ཅན་དུ་སྡོད་རྒྱུ་བྱུང་བ་དང་། བུ་ཕྲུག་ལ་སློབ་གསོ་མྱོང་བའི་གོ་སྐབས་བཟང་པོའང་ཐོབ། ད་ཆ་ལས་འཁྱུར་ངལ་གསོའི་སྐབས་ཡང་གླ་ཆ་དང་སྨན་རིན་ཁ་གསབ་ལ་སོགས་པ་བར་ཆད་རྒྱུ་མེད་པ་ལེན་རྒྱུ་བྱུང་། དེ་དག་ནི་ཏང་གི་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་བཟང་པོའི་འོག་ངེད་བཟོ་གྲྭར་ཡོང་འབབ་ཡར་ངོའི་ཟླ་བ་ལྟར་བྱུང་བའི་དྲིན་ཡིན། དེར་བརྟེན་ངས་སོ་སོའི་བུ་ཕྲུག་ལ་སློབ་གསོ་བརྒྱབ་ནས་རྒྱལ་ཁབ་ལ་བཀའ་དྲིན་འཇལ་རྒྱུ་ཡིན།”ཞེས་གསུངས།

ལོ་རྒྱུས་ལས་མཐོང་བའི་སྤྱི་ཚོགས་རྙིང་པའི་བོད་དམག་ཟེར་བ།

        (ཤོག་ངོས་57ལ་མཐུད) ཡུད་ཙམ་བསྡད་ནས་ངས་རྨོ་ལགས་ལ 《བོད་དམག་གིས་རྭ་སྒྲེང་དུ་སྤེལ་བའི་སྤྱོད་ངན》ཞེས་པའི་ལོ་རྒྱུས་ཐོར་ཙམ་ཞིག་སྟེ། བོད་དམག་གིས་1947ལོའི་རྭ་སྒྲེང་དོན་རྐྱེན་སྐབས་སྙིང་རྗེ་སྤུ་ཙམ་མེད་པར་ཉེས་མེད་མི་སེར་གྱི་ཁང་པ་དང་། ཐ་ན་ར་ལུག་ལ་སོགས་པ་མཉམ་དུ་མེ་སྲེག་བཏང་བའི་ཁར། རྭ་སྒྲེང་གཙུག་ལག་ཁང་གི་རྟེན་གཙོ་ཇོ་བོ་འཇམ་དཔལ་རྡོ་རྗེའི་དྲུང་གི་གསེར་ཀོང་དང་དངུལ་ཀོང་གྲངས་མེད་རྡོ་བརྡུང་བཏང་ནས་འཁྱེར་བ་དང་དཔེ་ཆའི་དཔེ་རས་འཁྱེར་བ་མ་ཟད། དཔེ་ཆའི་སྟེང་དུ་སྣུམ་ནག་བཤོས་པ། གཙུག་ལག་ཁང་དུ་རྟ་བོང་བཅུག་པ། ལྷ་ཁང་ནང་སྐྱག་གཅིན་གང་སར་བཏང་བ། ལྷུང་བཟེད་ནང་སྐྲ་འཁྲུ་བ། དགོན་ནང་དུ་བུད་མེད་ཉར་བ། གྲྭ་ཤག་ནང་གི་སྐུ་འདྲ་ས་ལ་བརྡབ་ནས་བཅག་རྗེས་གྲྭ་པ་འབར་གོག་གཅིག་བསད་ཡོད་ཅེས་ཟེར་བ། དགོན་ནང་དུ་གྲྭ་པར་ཁྲིམས་གཅོད་བྱས་པ་ལ་སོགས་པའི་སྐོར་ཀློག་པས། རྨོ་ལགས་ཀྱིས“སྤྱི་ཚོགས་རྙིང་པའི་བོད་དམག་ལ་སྤྱོད་ཁྲིམས་མེད་པས་ཇག་དམག་རང་རེད། མི་དམངས་བཅིངས་འགྲོལ་དམག་ནི་མི་དམངས་ཀྱི་བུ་ཕྲུག་དམག་ཡིན་པས་མི་དམངས་ལ་བྱམས་ཤིང་མང་ཚོགས་ཀྱི་ཁྱིམ་ནས་ཁབ་སྐུད་ཙམ་ཡང་འཁྱེར་གྱི་མེད་པ་རེད། ལྷག་པར་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་བའི་རིང་། ཏང་གི་སྲིད་ཇུས་བཟང་པོའི་འོག་དགོན་པ་རྣམས་ཉམས་གསོ་གནང་བ་དཔེར་ན་བཀྲས་ལྷུན་དགོན་གྱི་མཆོད་ཁང་ཤར་སྐྱར་བཞེངས་གནང་བ་དང་། བྱམས་ཁང་ཉམས་གསོ་གནང་བ་དེ་རྣམས་བོད་རྙིང་པར་ནི་སྒྲུབ་དཀའ་བ་ཡིན། ལྷག་དོན་ངས་དམག་དམངས་མཉམ་སྐྲུན་བྱས་པའི་སྤྱི་ཕན་བྱ་གཞག་མང་པོ་ཡོད་པ་དང་། སྔོན་ཐོན་མི་སྣ་མང་པོ་ཐོན་ཡོད་པ་མཐོང་ཐོས་བྱུང་། ”ཞེས་གསུངས།

        ངའི་ཁྱིམ་གྱི་མི་རབས་གསུམ་གྱིས་འཕེལ་རྒྱས་སྔར་བྱུང་མ་མྱོང་བ་དང་བྱུང་བཞིན་པའི་ད་ལྟའི་གནས་ཚུལ་དང་རྗེས་ལུས་མུན་ནག་གི་བོད་རྙིང་པའི་སྔོན་ཆད་བསྡུར་བ་བྱེད་པའི་ལབ་གླེང་མུ་མཐུད་དེ་བྱས་ཤིང་། སྐབས་དེར། དཔྱིད་རླུང་གིས་སྒུལ་བའི་སྒོ་རྭའི་མེ་ཏོག་ཕྲ་ཆིལ་དགུ་ཆིལ་རྣམས་ནི་ད་ཆའི་ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་སྣེ་མང་འདུ་འཛོམས་ཀྱི་དངོས་པོ་དེ་བཞིན་རིག་གནས་བསམ་པའི་དཔལ་ཡོན་དང་འདྲ་ལ། ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་མདུན་སྐྱོད་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་རང་གི་ལས་གནས་སྟེང་ལག་སྟར་དོན་འཁྱོལ་བྱེད་བཞིན་པའི་བོད་གསར་གྱི་བདག་པོ་རྣམས་དང་ཅིས་མི་མཚུངས།།

(ཤོག་ངོས་63ལ་གཟིགས)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1