གནས་སྤོས་གྲོང་ཚོའི་སྐྱིད་ཉམས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22



ཀ་གདུང་མེད་པའི་ཁང་བཟང་ཡངས་ཤིང་གཙང་བ་ནས།

ཁ་ལག་སྣ་ཁ་མང་བའི་དྲི་ཞིམ་གང་སར་འཐུལ།

ག་ས་ག་ལ་སྟར་སྒྲིགས་ཚོང་ཁང་འདྲ་མིན་མང་།

ང་ཅག་གནས་སྤོས་གྲོང་ཚོར་སྐྱིད་པའི་དཔལ་ཡོན་བཞད།

ཅ་སིང་ཐག་རིང་ས་ནས་ཆུ་ནི་ལེན་དགོས་མེད།

ཆ་མེད་རྐུན་འཇག་བྱུང་བའི་སྡུག་བསྔལ་མྱོང་དགོས་མེད།

ཇ་ཆང་ཁམས་གཙང་སྐོམ་སེལ་བདུད་རྩིའི་དཔལ་ལ་རོལ།

ཉ་ཉུང་མ་སྲེས་འཚོ་བཅུད་ཆེ་བའི་ཟས་རིགས་སྤྱོད།

ཏྭ་མན་སྒོ་ར་རྩྭ་ལྡུམ་ལྗོན་ཤིང་སྔོ་ཐིང་ཐིང་།

ཐ་དག་མེ་ཏོག་བཞད་པའི་ཚོན་སྣ་ཁྲ་ཆིལ་ཆིལ།

ད་ལྟའི་འཚོ་བ་སྐྱིད་པོ་ལྷ་ཡུལ་ཡིན་སྙམ་སྙམ།

ན་སོ་རྒས་ཀྱང་ལུས་སེམས་བདེ་བ་དགའ་ལྷང་ལྷང་།

པ་ལགས་དབུ་སྐྲ་སྣུམ་ཚོན་བྱུགས་ནས་ནག་སེ་ནག།

ཕ་ལམ་དངུལ་འཛིན་བུན་གཡར་རླངས་འཁོར་འར་སེ་འར།

བ་སྒམ་ཐོག་བརྩེགས་ཁང་ཆེན་ཕྱི་ནང་མཛེས་སེ་མཛེས།

མ་བཅོས་གཞལ་རས་དགའ་སྤྲོའི་དཔལ་གྱིས་ཁེངས་སེ་ཁེངས།

ཙ་གེ་ཙི་གེར་དགའ་བའི་དུས་རབས་ཡོལ་སོང་བས།

ཚ་གི་ཚ་གི་མེད་པར་ཁྱིམ་ཆས་སྤུས་ལེགས་སྤྱོད།

ཛ་རེ་ཛོ་རེ་ཉུང་བས་མདོ་སྦུག་ཡངས་ཤིང་སྐྱིད།

ཝ་ལེ་ཝལ་ལེར་མཐོང་བའི་འཚོ་བར་སུ་ཡང་མོས།

ཞ་རིལ་འགྲོ་བར་འཁོར་ཆུང་གང་འདོད་སྤྱོད་རྒྱུ་འདུག

ཟ་འཕྲུག་སེལ་བར་ལག་ཆ་གང་དགོས་ཉོ་ས་འདུག

འ་ཅག་དབུལ་ཡང་རོགས་རམ་གང་འདོད་གནང་མཁན་འདུག

ཡ་རབས་ལས་བྱེད་རྣམ་པའི་གང་དགོས་རོགས་རམ་འདུག

ར་མ་ལུག་གི་སྤྱོད་ཚུལ་ངན་རིགས་མ་བྱེད་པར།

ལ་མ་ཀླུང་སོགས་ས་ཕྱོགས་ཀུན་ནས་ཡོང་བའི་གྲོང་།

ཤ་མ་ཚིལ་ལྟར་མཐུན་སྒྲིལ་སྤེལ་རེས་གང་ལེགས་ཀྱིས།

ས་མ་འབྲོག་སོགས་ལས་རིགས་འཇོན་ཐང་ལེགས་པར་འདོན།

ཧ་ཧ་སྐྱིད་ཅིང་ཉམས་དགའི་གནས་སྤོས་གྲོང་ཚོའི་གཏམ།

ཨ་ཙི་དེ་འདྲའི་མང་ཡང་ཐར་ཐོར་ཙམ་ཞིག་བཤད།

ཧ་ལམ་འགའ་རེའི་ཐུགས་ལ་ཅུང་ཟད་མི་ཐད་ཀྱང་།

ཨ་ལེ་ཟེར་ནས་ཁྱེད་ཀྱི་ཀ་བཤད་སྤེལ་རོགས་ཞུའོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1