ལྷ་སའི་དཔྱིད་ཀ།

ཀླུ་འབུམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


        ཉི་མ་ལྷ་སའི་དཔྱིད་ཀ་ནི་ཚང་མས་དགའ་མོས་དང་རེ་སྒུག་བྱེད་ས་ཞིག་ཡིན་ལ། དེ་ནི་ངའི་ཕ་ཡུལ་ཀན་ལྷོའི་དཔྱིད་ཀ་བཞིན་དགུན་དཔྱིད་ལ་དབྱེ་བ་མི་གསལ་ཞིང་། དཔྱིད་ཚེས་པ་དང་འགྲོགས་ནས་ལྷག་ཏུ་གྲང་བའི་ཚོར་སྣང་གིས་བདས་པ་ཞིག་མ་ཡིན་པར། དཔྱིད་ཀྱི་ཕོ་ཉས་དྲོད་ཀྱི་ས་བོན་བསྣམས་ནས་གནས་འདིར་སླེབས་དུས་འཁྱག་སིབ་སིབ་དང་གྲང་ཤུར་ཤུར་གྱི་འཁྱག་པའི་ལོ་ཟླ་དང་གྱེས་ནས། དཔྱིད་རླུང་གསར་བ་དལ་བུར་ལྡང་ཞིང་དཔྱིད་དཔལ་གསར་བའི་རྣམ་པ་འཛུམ་ནས་ཡོང་།

        དཔྱིད་དཔལ་ལྷ་མོས་རེ་བ་སྟོང་དང་དགའ་བ་འབུམ་གྱིས་ཕྱུག་པའི་མྱུག་སྟོབས་གསར་བ་ཞིག་ཁུར་ནས་སླེབས་ཙ་ན།དགུན་གྱི་གྲང་ངར་གྱིས་གཙེས་པའི་རྩྭ་དང་རྩི་ཤིང་། སྡོང་བོ་དང་ཡལ་འདབ་སོ་སོས་དགུན་གྱི་ན་ཟུག་མ་བཟོད་པར་འཕག་འཚག་བྱས་ཏེ་དཔྱིད་ཀྱི་དཔལ་ཡོན་གསར་བར་མགོ་ཀྲོག་ཀྲོག་དང་མིག་རིག་རིག་བྱ་བཞིན་དཔྱིད་དཔལ་གསར་བའི་དགའ་སྟོན་ལ་དགའ་བའི་འཛུམ་མདངས་དང་དང་བའི་མཆི་མ་འཁྲིགས། དེ་བཞིན། མཁའ་དབྱིངས་སུ་ཆུ་འཛིན་སྟུག་པོ་ལང་ལོང་དུ་འཕྱུར་ཞིང་སྦྲང་ཆར་བསིལ་མའི་དངོས་གྲུབ་སྩོལ་བ་དང་འགྲོགས་ཏེ་བྲག་སྲུབས་དང་གྲུ་ཟུར་རེ་ནས་རྩྭ་ཕྲན་གྱི་ལྗང་མྱུག་འབུས། དགུན་གསུམ་གྱི་ཙག་རླུང་ཁྲོད་ཁུང་བུར་བཞུགས་པའི་ཕྱི་བ་དང་འབའ་འབུ་སྣ་ཚོགས་དཔྱིད་རླུང་གིས་གཉིད་ལས་དཀྲོག་ཏེ་རིམ་གྱིས་མགོ་འབུར་འབུར་དང་རྣ་ཅོར་ཅོར་བྱ་བཞིན་དཔྱིད་ཀྱི་དཔལ་ཡོན་གསར་བར་དགའ་བའི་གཡབ་མོ་བྱེད་ཅིང་། ཨུ་ཚུགས་ཀྱི་འཁྱགས་རོམ་ལས་ཤོར་བའི་ཆུ་མོའི་བཞུར་རྒྱུན་ལྷུང་ལྷུང་གི་སྒྲ་དབྱངས་དང་འགྲོགས་ནས་དལ་གྱིས་འབབ་ལ། འབྲོང་བྲེ་ལོའི་རུ་དཔུང་རྫ་ཕྲེང་བརྒྱུད་ནས་གཤར་ཞིང་བྱ་རྒོད་པོའི་ཁྱུ་ཚོགས་ཀྱིས་མཁའ་ལམ་བརྟོལ་ནས་འཕུར་བའི་སྟ་གོན་ལ་བྲེལ།

        དེ་བཞིན་དཔྱིད་དཔལ་གསར་པས་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་ཁོར་ཡུག་ཉམས་དགའ་བ་ཞིག་བསྣམས་ནས་སླེབས་པ་དང་སྦྲགས། ལོ་གསར་བ་ཞིག་དང་ཟླ་གསར་བ་ཞིག ཉི་མ་གསར་བ་ཞིག་གི་མགོ་བཟུང་བ་ནས་སོས་དལ་གྱིས་མི་ཚེ་ཉི་མར་ལྡེ་མི་རུང་བའི་སྐུལ་ལྕག་དང་འབོད་བརྡ་གཉོམ་དུང་དུང་ཞིག་སྒྲོག་ནས་ཡོང་། རང་རང་གི་འཚོ་གནས་དང་རེ་འདོད་ཀྱི་སླད་དུ་ག་ས་གང་ལ་འདུར་རྒྱུག་རྒོད་ཅིང་། དལ་ལྷོད་དང་ཁོམ་ལོང་མེད་པར་འཚོ་བའི་དོན་ལ་རྔམ་ཞིང་བྲེལ་ཏེ། ཆེ་ས་ནས་རྒྱལ་ཁབ་དང་མི་རིགས། ཆུང་ས་ནས་ཁྱིམ་ཚང་དང་མི་བུ་རང་གི་ཁ་རྒྱབ་འཚོ་བའི་དོན་དུ་ས་འབུ་ནག་རིང་ཡིན་ཡང་འདུག་ཁོམ་མེད་པའི་དུས་ལ་སླེབས།

        གནས་ལུགས་རྗེན་པ་ཞིག་དང་བསམ་གཞིག་གཤའ་མ་ཞིག་གི་གོང་ཁ་ནས་ལྷོད་ཀྱིས་བལྟས་ཚེ། དཔྱིད་ཀ་ནི་དུས་ཚིགས་གསར་བ་ཞིག་གི་འགོ་སྣེ་ཡིན་ལ། འཚོ་བ་གསར་བ་ཞིག་གི་དབུ་ཁྱུད་ཀྱི་ཐོག་མའང་ཡིན། ཡོད་ཚད་ལ་གསོན་ཤུགས་དང་རེ་བ་གནང་པའི་དཔྱིད་ཀ ཁྱེད་ཀྱིས་མི་ཡུལ་ལ་སྔར་མེད་ཀྱི་མཛེས་སྡུག་སྐྲུན་ཅིང་མི་ལུས་ལ་བརྗོད་མེད་ཀྱི་སིམ་པ་སྟེར། ཁྱེད་མེད་ན་མི་ཡུལ་ན་ཁུ་བྱུག་གི་མགྲིན་དབྱངས་མེད་ཅིང་ཕྱེ་ལེབ་ཀྱི་གར་སྟབས་མེད། ཁྱེད་ཀྱིས་མི་ཡུལ་ལ་ཚེ་སྲོག་གསར་བ་ཞིག་དང་སྔོ་ལྗང་གསར་བ་ཞིག་གི་ལེགས་སྐྱེས་ཕུལ་ཏེ་རྟེན་འབྲེལ་ཀུན་འཛོམས་ཀྱི་རེ་བ་གསར་བ་ཞིག་གི་ལམ་ཁ་ཕྱེས།

        དཔྱིད་ཀ་ལགས། ཁྱེད་ནི་དགའ་སྤྲོའི་ཡོ་ལང་རབ་ཏུ་རྫོགས་པའི་དུས་ཚིགས་ཤིག་ཡིན་ཏེ། ཚང་མས་ཁྱེད་ལ་རེ་ལྟོས་ཀྱི་མིག་ཟུང་ཅེར་ཞིང་དགའ་བ་ཡི་སྤུ་ལོང་གཡོ། ཁྱེད་ཡོད་པས་ང་ཚོའི་མ་འོངས་ལ་རེ་བས་ཁེངས་ཤིང་མི་ཡུལ་ལ་དགའ་སྐྱོ་ཟུང་གི་ལོ་རྒྱུས་བསྐྲུན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1