སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གི་མྱོང་ཕྲན།
ཚེ་རིང་བདེ་སྐྱིད། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཉེ་ཆར་སྤྱི་ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན་པེ་ཅིན་དུ་སྐོང་ཚོགས་བྱས་ཤིང་། ཚོགས་འདུའི་བརྗོད་དོན་གཙོ་བོ་ནི། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྲིག་བྱེད་རྒྱུ་དེ་ཡིན། འགྱུར་བ་ནི་དངོས་པོའི་འགོག་ཏུ་མེད་པའི་ཆོས་ཉིད་འབའ་ཞིག་ཡིན་ཕྱིར། དུས་དང་བསྟུན་པའི་སྒོ་ནས་གང་འཚམས་ཀྱི་ལེགས་བཅོས་བྱེད་རྒྱུ་ནི་བློ་དང་ལྡན་པའི་མཛད་ཕྱོགས་ཞིག་མ་ཡིན་ག་ལ་སྲིད།
གོ་སྐབས་ནི་གྲ་སྒྲིག་ཡོད་པའི་མིར་དབང་། ཞེས་པ་ལྟར་བསྒྱུར་བཅོས་ཀྱི་གོ་སྐབས་ནི་བློ་ཕུགས་ཡངས་པའི་སྐྱེ་བོ་ཁོ་ནའི་སྤྱོད་ཡུལ་ལས་མཐོང་ཐོས་ཀྱིས་དབུལ་བའི་ཅོལ་ཆུང་དག་ནི་ག་ནས་ཡིན་ཏེ་མིན་ངེས་ལགས། རང་ཉིད་ལ་མཚོན་ན། ད་ཕན་ཤེས་བྱ་རིག་པའི་གནས་ལ་སྦྱངས་པ་ཅུང་ཟད་བྱས་ཡོད་ཀྱང་། འོན་ཏེ་དུས་རྒྱུན་དུ་རང་ཉིད་ལ་ཡིད་ཆེས་བརྟན་པོ་ཞིག་མེད་པས། ཚོགས་པའི་དབུས་སུ་གཏམ་བཤད་སྤེལ་བའི་ཚེ་ངོ་མདོག་འགྱུར་བ་དང་། ལུས་པོ་དར་བ། བརྗོད་བྱའི་ནང་དོན་གྲ་སྒྲིག་བྱས་ཟིན་པ་ལྟར་བརྗོད་མི་ཐུབ་ལ། དེ་ལྟར་ལན་ཅིག་མིན་པར་ཐེངས་བྱེད་མྱོང་ཡོད། དེ་ནི་རང་ཉིད་ལ་ཡིད་ཆེས་བརྟན་པོ་མེད་པའི་སྐྱོན་ཁོ་ན་ལགས། དེས་ན། ངས་ཚོགས་འདུའི་ཐོག་བློ་མཐུན་ཞི་ཅིན་ཕིང་གིས་གསུངས་པའི་ཡིད་ཆེས་བརྟན་པོས་གོ་སྐབས་དམ་འཛིན་བྱེད་དགོས་པའི་འབོད་སྐུལ་དང་དུ་བླངས་ནས་སྦྱོང་བརྡར་ལེགས་པར་བྱེད་རྒྱུའི་འདུན་པ་ཞིག་ངང་གིས་འཆར།
རང་རེ་བོད་ཀྱི་གཏམ་དཔེར། མི་གོ་བ་ཅན་ལ་ཚིག་གཅིག རྟ་འགྲོ་བ་ཅན་ལ་ལྕག་གཅིག་ཅེས་པ་ལྟར་ངའི་བསམ་པར་ཕུགས་བསམ་ནི། བློ་རྒྱ་ཡངས་ཤིང་མཐོང་ཐོས་ཀྱི་སྒོ་མོ་རྒྱག་མི་མྱོང་བའི་མི་དག་ལ་ཤིན་ཏུ་གནད་ཆེ་བའི་ནོར་བུ་ལྟ་བུ་ཞིག་རེད་སྙམ། མི་རིང་བའི་དུས་སུ་རང་ཉིད་ཀྱང་སློབ་ཐོན་དཔྱད་རྩོམ་གྱི་ཁ་བྱང་འགོ་ཚུགས་སྙན་ཞུ་བྱེད་དགོས་པ་དང་། དེ་རྗེས་དཔྱད་རྩོམ་གྱི་རྩོད་རྒྱུག་བྱེད་པའི་དུས་ལ་སླེབས་པར་འགྱུར་བས། སྐབས་དེར་རང་མཉམ་ཤེས་གྲོགས་ཁོ་ནའི་ཁྲོད་དུ་མ་ཡིན་པར། མཁྱེན་རྒྱ་ཡངས་ལ་ཤེས་རིག་སྤྱན་མིག་གསལ་བའི་བཤེས་གཉེན་རྣམ་པའི་མདུན་སར་མ་ཤེས་ཤེས་མདོག་དང་མ་འཇོན་འཇོན་མདོག་གི་ངང་ཚུལ་འཛིན་ན་མཐར་རྔོ་ལོ་ལངས་ནས་འཕྱར་རྒྱུ་ཉག་ཅིག་རེད་ལ་དེ་ཤིན་ཏུ་ངོ་གནོང་དགོས་པའི་གནད་ཅིག་ཡིན། དེ་ཡང་རང་ཉིད་ཀྱི་མི་ཚེ་འདིར་ཐེངས་གཅིག་ལས་མེད་པའི་གོ་སྐབས་ཤིག་ཀྱང་ཡིན། དེ་ཉིད་དམ་འཛིན་ཡག་པོ་མ་བྱས་ན་ག་ལ་འགྲིགས། ཡུན་རིང་ངལ་བ་ཁྱད་བསད་བྱས་པའི་རང་གི་འདོད་ཚུལ་དེ་ཉིད་སྤོབས་པ་ཆེན་པོའི་སྒོ་ནས་བརྗོད་མ་ཐུབ་ཀྱང་ཇི་མ་ཇི་བཞིན་དུ་བརྗོད་མ་ཐུབ་ཚེ་རང་ཙམ་མ་ཟད། དགེ་བའི་བཤེས་གཉེན་དག་ཀྱང་ཀུན་གྱིས་འཕྱ་བའི་ཡུལ་དུ་འགྱུར་ངེས་ཡིན་པས། ཡིད་ཆེས་བརྟན་པོས་གང་བསམ་ལྷུག་པོར་བརྗོད་ཐུབ་པའི་འབད་བརྩོན་བྱེད་པར་འདོད་དོ།
མདོར་ན། ངས་འབད་པ་ལྷོད་མེད་དང་གོ་སྐབས་དམ་འཛིན་གྱིས་རང་གི་ནུས་པ་གོང་མཐོར་གཏོང་བ་དང་སྦྲགས། རང་འགུལ་ངང་ནས་སྐབས་བཅུ་དགུ་པའི་ཀྲུང་ཨུད་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་གང་ལེགས་བྱེད་པ་དང་། ཡིད་ཆེས་བརྟན་པོས་གོ་སྐབས་དམ་འཛིན་བྱེད་པ་མ་ཟད། རང་གི་ཕུགས་བསམ་མངོན་དུ་འགྱུར་བའི་ཕྱོགས་སུ་གོམ་པའི་འདེགས་འཇོག་བར་མེད་སྤོ་རྒྱུ་ཡིན་ནོ།