ཐོག་མའི་བསམ་འདུན་མ་བརྗེད་པ་བྱེད་རྒྱུ་ནི་གུང་ཁྲན་ཏང་མིའི་དམ་བཅའི་ཕྱོགས་བསྡུས་ཤིག་ཡིན།

ཧྲན་ཡོས་ཆང་། ཧོང་ཆིང་ཡིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ནང་བསྐྱར་དུ་སྒམ་བརླིང་གི་སྒོ་ནས་ཁྱབ་བསྒྲགས་བྱས་དོན། ཀྲུང་གོ་གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་དང་འགན་འཁྲི་ནི་ཀྲུང་གོ་མི་དམངས་ཀྱི་ཆེད་བདེ་སྐྱིད་སྐྲུན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཆེད་བསྐྱར་དར་ཡོང་རྒྱུ་དེ་ཡིན། ཏང་གི་ཚོགས་ཆེན་བཅུ་དགུ་པ་གྲོལ་ནས་གཟའ་འཁོར་གཅིག་ལས་མ་སོང་ཡང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣེ་ཁྲིད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧྲུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་དང་བཅས་2017ལོའི་ཟླ་10ཚེས་31ཉིན་ཆེད་མངགས་པེ་ཅིང་ནས་ཧྲང་ཧེ་དང་ཀྲེ་ཅང་ཅ་ཤིང་དུ་ཕེབས་ཏེ། ཧྲང་ཧེ་ཡི་ཀྲུང་གུང་ཚོགས་ཆེན་དང་པོའི་གནའ་ཤུལ་དང་ཀྲེ་ཅང་ཅ་ཤིང་ནན་ཧུའུ་མཚོ་ཡི་གྲུ་དམར་ལ་ཞལ་མཇལ་གནང་ནས། ཏང་བཙུགས་པའི་ལོ་རྒྱུས་ལ་དྲན་གསོ་དང་། ཏང་ནང་ཞུགས་སྐབས་ཀྱི་དམ་ཚིག་བསྐྱར་དྲན་གྱིས་མུ་མཐུད་ནས་ང་ཚོའི་ཏང་གི་ཐོག་མའི་བསམ་འདུན་དེ་གསལ་རྟོགས་ཡོང་བ་བྱས་ཡོད། ཏང་ཀྲུང་དབྱང་གི་འགོ་ཁྲིད་ཚོགས་པས་ཏང་ཡོངས་ཀྱི་བློ་མཐུན་རྣམས་ནས་ཐོག་མའི་བསམ་འདུན་མ་བརྗེད་པ་བྱེད་རྒྱུར་ཚད་མཐོའི་མཐོང་ཆེན་གནང་དགོས་པའི་རྒྱུ་མཚན་གང་ལགས་ཤེ་ན། ཐོག་མའི་བསམ་འདུན་མ་བརྗེད་པར་བྱེད་རྒྱུ་ནི་གུང་ཁྲན་ཏང་མིའི་དམ་བཅའི་ཕྱོགས་བསྡུས་དེ་ཡིན་པས་ཏེ། འདི་ལ་ཡང་མཚན་དོན་གལ་ཆེན་བཞི་ལྡན་ཡོད།

ཐོག་མའི་བསམ་འདུན་མ་བརྗེད་པ་དེ་ནི་ངོ་བོ་མི་བརྗེད་པ་བྱེད་རྒྱུ་དེ་ཡིན།

ངོ་བོ་ནི་རང་ངོས་ཀྱི་རྒྱུད་ལ་སྔར་ནས་ཡོད་པའི་རྩ་བའི་ཁྱད་ཆོས་ཤིག་ལ་བརྗོད་དེ། དེ་ནི་བྱ་དངོས་གཅིག་བྱ་དངོས་གཞན་དང་དབྱེ་བ་འབྱེད་པའི་རྩ་བའི་རང་བཞིན་གྱི་ཁྱད་ཆོས་ཤིག་ཡིན། མི་སུ་འདྲ་ཞིག་ཡིན་རུང་། རང་ཉིད་ལ་ཐོག་མའི་བསམ་འདུན་ཞིག་ཡོད་པས། ཏང་ཡོན་ལས་བྱེད་པའི་ཐོག་མའི་བསམ་འདུན་ནི་ཏང་དར་འོག་གི་རྔམ་བརྗིད་ལྡན་པའི་དམ་བཅའ་དེ་ཡིན་ཞིང་། དེ་ནི་ཁྲག་རྒྱུན་གཅིག་འདྲེས་ལྟ་བུའི་བློ་གཅིག་སེམས་གཅིག་གིས་མི་དམངས་ཀྱི་ཆེད་དུ་ཞབས་འདེགས་ཞུ་རྒྱུའི་འགྱུར་མེད་ཀྱི་དམིགས་ཡུལ་དེ་ཡིན། རེ་བའི་ཕུགས་བསམ་ལ་རྗེས་སུ་བསྙེགས་པའི་འགྲོ་ལམ་དེ་ནི་དཀའ་ཚེགས་ཆེ་ལ་དུས་ཡུན་རིང་བ་ཞིག་ཡིན་པས། དུས་དང་རྣམ་པ་ཀུན་ཏུ་ཐོག་མའི་ཕུགས་བསམ་ཡིད་ལ་བརྟན་པོར་བཅངས་ཚེ། བསམ་བློ་སྐྱོན་དང་ལྡན་པས་བསླུ་བྲིད་བྱེད་མི་ཐུབ་ཅིང་། དཀའ་ངལ་གྱི་ཁྲོད་དུ་ཕམ་ཉེས་མི་ཡོང་བར་མཐར་ཐུག་རྒྱལ་ཁའི་ཕྱོགས་སུ་བསྐྱོད་ཐུབ་རྒྱུ་ཡིན། གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་།--མར་ཁེ་སིས《གུང་ཁྲན་ཏང་གི་བསྒྲགས་གཏམ》ནང་གསལ་སྟོན་བྱས་པར། གུང་ཁྲན་ཏང་དང་སྲིད་ཏང་གཞན་དབར་གྱི་ངོ་བོའི་ཁྱད་པར་ནི་ལག་ལེན་གྱི་ངོས་ནས་བརྗོད་ན། གུང་ཁྲན་ཏང་མི་ནི་རྒྱལ་ཁབ་ཁག་གི་བཟོ་པའི་སྲིད་ཏང་གི་ཆེས་སེམས་ཐག་གཙང་བཅད་དང་། ནམ་ཡང་སྐུལ་འདེད་ཀྱི་ནུས་པ་བཏོན་ཐུབ་པའི་ཆ་ཤས་ཤིག་ཡིན་པ་དང་། རིགས་པའི་གཞུང་ལུགས་ཀྱི་ངོས་ནས་བརྗོད་ན། གུང་ཁྲན་ཏང་མི་ནི་འབྱོར་མེད་གྲལ་རིམ་གྱི་ལས་འགུལ་གྱི་ཆ་རྐྱེན་དང་། འཕེལ་རིམ། སྤྱིའི་གྲུབ་འབྲས་བཅས་ལ་རྒྱུས་ལོན་ཐུབ་མཁན་ཞིག་ཡིན། གསར་བརྗེ་དང་འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་དུས་རབས་རིམ་བྱུང་ནང་། གུང་ཁྲན་ཏང་ཡོན་མང་པོས་ཐོག་མའི་བསམ་འདུན་དམ་སྲུང་ནན་པོ་དང་། དཔའ་ངར་ཆེན་པོས་འཐབ་འཛིང་བྱས་པའི་རྐྱེན་གྱིས་ང་ཚོར་གཞི་ནས་ད་ལྟའི་རྒྱལ་ཁབ་དང་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡོང་བའི་འོད་སྟོང་ལྡན་པའི་འབྱུང་འགྱུར་ཞིག་གིས་སྔུན་བསུས་ཡོད། ད་ཆ། ཀྲུང་གོ་གུང་ཁྲན་ཏང་གིས་སྔར་བསྐྱོད་མྱོང་བའི་ལོ་ངོ་97གྱི་རྒྱང་སྐྱོད་ལམ་བུ་དེར་ཕྱིར་དྲན་ཞིག་བྱེད་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་”དགོས་ཞེས་ནན་བཤད་གནང་དོན་ཡང་ང་ཚོའི་གུང་ཁྲན་ཏང་མི་ཁ་ཤས་ནི“རྩ་བ་བརྗེད”སོང་བ་ཞིག་དང་། ལོ་ངོ་170སྔོན་གྱི་མར་ཁེ་སིས་ནན་བཤད་གནང་བའི་གུང་ཁྲན་ཏང་མིའི་སྔོན་ཐོན་རང་བཞིན་དང་ཁུངས་གཙང་རང་བཞིན་གྱི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་བྱེད་རྒྱུ་དེ་བརྗེད་སོང་བས་ཡིན་ལ། གུང་ཁྲན་ཏང་མིས་ཕྲག་ཐོག་ཏུ་འཁུར་བའི་མིའི་རིགས་ཡོངས་བཅིངས་འགྲོལ་གཏོང་རྒྱུའི་ལོ་རྒྱུས་ཀྱི་ལས་འགན་དང་འགན་འཁྲི་དེ་བརྗེད་སོང་བས་རེད་ཅེས་བསྟན་པ་དེ་ཡིན།--ཉེ་བའི་ཆར་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲོད་འཛིན་བཟུང་བྱས་པའི་དཔོན་རིགས་ཁ་ཤས་ཀྱི་འགྱོད་བཤགས་ཀྱི་སྐད་ཆ་དག་ལ་བསམ་གཞིགས་བྱེད་དུས། མི་རྣམས་ལ་རང་དབང་མེད་པར་ཚོར་སྣང་ཟབ་མོ་ཞིག་སྐྱེས་ཀྱི་ཡོད། རུལ་ངན་དཔོན་རིགས་འདི་ཚོའི་ངན་མཚང་བརྟོལ་རྗེས། རྒྱུན་ཏུ་འགྱོད་གདུང་དྲག་པོ་བྱེད་ཀྱིན་ཡོད་པ་སྟེ། རང་ཉིད་ཡང་ཐོག་མ་ལས་བྱེད་ཡག་པོ་ཞིག་ཡིན་ལ། ཧུར་ཐག་འབད་ཐག་གིས་ལས་ཀ་བསྒྲུབ་ཀྱི་ཡོད། འོན་ཀྱང་དབང་ཆ་ཆེ་རུ་ཕྱིན་པ་དང་བསྟུན་ནས། རིམ་གྱིས་དོགས་ཟོན་བྱེད་རྒྱུར་ལྷོད་གཡེང་ཤོར་བས་རང་ཉིད་ལམ་ནོར་ཤོར་བ་དང་། དམ་བཅའ་རྒྱབ་ཏུ་བསྐྱུར་བ། མཐར་ནག་ཉེས་ཀྱི་གཏིང་མཐར་ལྷུང་སོང་ཞེས་བརྗོད་ཀྱི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་གནང་བའི“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་”དགོས་ཞེས་པ་དེས་ང་ཚོར་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ཀྱི་ཁེ་ཕན་རྩ་བའི་རྩེ་རུ་འཛིན་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས་པ་དང་། མི་དམངས་ལྟེ་བར་འཛིན་པའི་དམངས་དོན་གྱི་རྩ་བའི་བརྩེ་སེམས་རྒྱུན་འཁྱོངས་བྱེད་དགོས་པ། མི་དམངས་ཀྱིས་ལོ་རྒྱུས་གསར་གཏོད་བྱེད་པའི་གཙོ་རྐང་གི་གནས་བབ་རྒྱུན་འཁྱོངས་བྱེད་དགོས་པ་བཅས་གསལ་སྟོན་བྱས་ནས་ང་ཚོའི་ཏང་གིས་ཐོག་མར་ཡོང་དུས་ཀྱི་ལམ་བུ་དེ་ནམ་ཡང་མ་བརྗེད་པ་བྱེད་དགོས་པ་བསྟན་ཡོད།

ཐོག་མའི་བསམ་འདུན་མ་བརྗེད་པ་ནི་འབྱུང་རྩ་མི་བརྗེད་པ་བྱེད་རྒྱུ་དེ་ཡིན།

འབྱུང་རྩ་ནི་བྱ་དངོས་ཤིག་འབྱུང་སའི་ཡོངས་ཁུངས་དང་འབྱུང་གཞི་དེ་ལ་བརྗོད་དེ། དེ་ནི་བྱ་དངོས་ཤིག་གི་ཆེས་གལ་འགངས་ཆེ་བའི་ཕྱོགས་ཤིག་ཡིན། མི་རྣམས་ཀྱིས་རྒྱུན་ཏུ"ཆུ་འགོ་གངས་ཐུག་གི་དཔེ་ལྟར་རྩ་དེད་ཁུངས་གཏུགས་དང་ཕུགས་རྩ་རྩད་གཅོད་བྱེད་དགོས"ཞེས་བརྗོད་ཀྱི་ཡོད། བྱ་དངོས་ཤིག་ལ་ཤེས་རྟོགས་བྱེད་པར་ངེས་པར་དུ་དེའི་ཡོངས་ལུགས་ཡོངས་སྟངས་གསལ་པོ་རྟོགས་དགོས་ལ། དེ་དག་གི་འབྱུང་ལུགས་དང་འཕེལ་ཕྱོགས་ཀྱང་གསལ་པོར་ཤེས་དགོས། ཀྲུང་གོ་གུང་ཁྲན་ཏང་ནི་དུས་རབས་20པའི་དུས་འགོའི་ནང་གསར་དུ་བྱུང་བའི་ཐོན་དངོས་ཤིག་ཡིན་པ་ལས། གཟུགས་མེད་གྲིབ་བཟོ་དང་བློའི་རྟོག་འཆར་གྱི་རང་འགར་ཐོན་པ་ཞིག་ནི་མ་ཡིན་ཁར། གནམ་ནས་ཟག་པ་ནི་དེ་བས་མ་ཡིན། དེ་ནི་ཉལ་ཐ་དམག་འཁྲུག་ནས་བཟུང་། ཀྲུང་གོའི་ཕུགས་འདུན་ཅན་གྱི་དཔའ་བོའི་ཚོགས་ཀྱིས་རྐྱེན་ངན་བར་ཆད་མང་པོ་བརྒྱུད་དེ། མུ་མཐུད་འཚོལ་ཞིབ་དང་དཔྱད་བསྡུར་ཁྲོད་ལོ་རྒྱུས་ཀྱི་གདམ་ཁ་ལས་ཐོན་པ་ཞིག་ཡིན། དུས་རབས་19ལོ་རབས་60པའི་འགོར་ཀྲུང་གོའི་རིག་གཞུང་གིས་རྩ་བ་བྱེད་པ་དང་ནུབ་ཕྱོགས་རིག་གཞུང་བཀོལ་སྤྱོད་བྱས་ཤིང་། “ཁྱད་ནོར”དེ་དག་ལ་བརྟེན་ནས་ཀྲུང་གོའི་ཕྱི་ལུགས་གཉེར་མཁན་རྣམས་སྐྱོབ་གང་ཐུབ་བྱས་པ་དང་།--དུས་རབས་19པའི་མཇུག་ཏུ། “གུས་སྲོལ་ལྟར་ན་ཕམ་ཉེས་བྱུང་། ལུགས་བསྒྱུར་བྱས་ན་སྟོབས་དང་ལྡན”པའི་སྲོལ་གཏོད་དེ་ལམ་ལུགས་ཀྱི་ཐོག་ནས་ཀྲུང་གོའི་གསར་བཅོས་ཕྱོགས་ཁག་བསྒྱུར་བཅོས་བྱེད་གང་ཐུབ་བྱས། དེ་ནས་དུས་རབས་20པའི་དུས་འགོར་སླེབས་སྐབས“མི་སེར་དོན་གསུམ་རིང་ལུགས”ཀྱི་སྲོལ་གཏོད་དེ་རིག་གནས་དང་འདུ་ཤེས་ཀྱི་ཐོག་ནས་ཀྲུང་གོའི་གསར་བརྗེ་ཕྱོགས་ཁག་འགྱུར་ལྡོག་གཏོང་གང་ཐུབ་བྱས་ཡོད། ཁོང་ཚོས་བཏོན་པའི་རྒྱལ་ཁབ་དང་མི་སེར་སྐྱོབ་རྒྱུའི་ཇུས་གཞི་མཐར་ཐུག་མངོན་འགྱུར་གཅིག་ཀྱང་བྱུང་ཐུབ་མེད། འོན་ཀྱང་ཟླ་བ་བཅུ་པའི་གསར་བརྗེའི་མེ་སྒྱོགས་ཀྱི་སྐད་སྒྲ་གྲགས་རྗེས། ཐམ་ཐོམ་རབ་རིབ་ཏུ་ལུས་པའི་མི་རྣམས་རྨོངས་གཉིད་ལས་བསད་ཅིང་།--ཡར་ཐོན་ཡོང་བར་བརྩོན་ལེན་བྱེད་མཁན་གྱི་ཤེས་ཡོན་ཅན་ཁག་གཅིག་ནས་མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་སྟོན་འོག སྔོན་ཐོན་རང་བཞིན་དང་ལྡན་པའི་མར་ཁེ་སེ་རིང་ལུགས་ཀྱི་སྲིད་ཏང་གདམ་ཁ་དང་གསར་འཛུགས་བྱས་ཡོད། དེ་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་”ཞེས་པ་དེས་ང་ཚོར་མར་ཁེ་སི་རིང་ལུགས་ཀྱི་མེས་པོ་འདི་ཉིད་དོར་ཐབས་མེད་པ་ཞིག་ཡིན་པ་གསལ་སྟོན་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཀྱི་ལམ་བུ་ཀྱག་ཀྱོག་དེ་ནམ་ཡང་མ་བརྗེད་པར་བྱེད་དགོས་ཤིང་། གང་སར་འཚོལ་བསྙེགས་བྱས་པའི་དུས་རིམ་དེའི་ལོ་རྒྱུས་བརྗེད་ན་འབྱུང་རྩ་བརྗེད་ཅིང་། རྩ་བ་དང་རྒྱབ་འགལ་དུ་སོང་བ་ཞིག་ཡིན། བྱ་གཞག་འཕེལ་རྒྱས་འགྲོ་བ་ནི་ནམ་ཡང་རྫོགས་མཐའ་མེད་པ་ཞིག་ཡིན་ཡང་། གུང་ཁྲན་ཏང་མིའི་ཐོག་མའི་བསམ་འདུན་ལ་ནམ་ཡང་འགྱུར་ལྡོག་གཏོང་རྒྱུ་མེད། ཐོག་མའི་བསམ་འདུན་མ་བརྗེད་པ་བྱེད་རྒྱུ་དེ་ཁོ་ན་དང་ལྡན་ཚེ། གཞི་ནས་སྔར་སོང་གི་ལོ་རྒྱུས་དང་སྔོན་བྱོན་མེས་པོ་དག་ཐུགས་བློ་བདེ་བར་གནས་སྲིད་ལ། གཞི་ནས་རྐང་པ་བརྟན་པོ་ཚུགས་ཐུབ་ཅིང་། མི་རྣམས་ཀྱི་ཡིད་ཆེས་ཀྱང་ཐོབ་སྲིད་པ་ཞིག་ཡིན།

ཐོག་མའི་བསམ་འདུན་མ་བརྗེད་པ་ནི་དང་ཐོག་མ་ཉིད་མི་བརྗེད་པ་བྱེད་རྒྱུ་དེ་ཡིན།

དང་ཐོག་མ་ཉིད་ཅེས་པ་ནི་བྱ་དངོས་ཤིག་གི་སྔར་གྲུབ་ཟིན་པའི་རྣམ་པ་དང་གནས་ལུགས་དེར་བརྗོད་དེ། དེ་ནི་བྱ་དངོས་ཤིག་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཞིག་ཡིན། ཐོག་མའི་བསམ་འདུན་མ་བརྗེད་པ་བྱེད་རྒྱུ་དེ་ནི་ཏང་འཚར་ལོངས་དང་སྟོབས་ཆེར་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ནམ་ཡང་མ་བརྗེད་པར་བྱེད་རྒྱུ་དེ་ཡིན། སྐབས་དེ་ཤེད་དུ་རྒྱལ་ཁབ་ལ་ཁྱད་གསོད་དང་། མི་རིགས་ཀྱི་འབྲེལ་བ་འཇིག་ཉེན་ཆེ་བ། མི་དམངས་རྣམས་མཚོ་ལྟར་ཟབ་ལ་མེ་ལྟར་ཚ་བའི་ཛ་དྲག་གི་འགག་རྩའི་མཚམས་ལ་འགྱར་ཡོད། སྐབས་དེར། ཀྲུང་གོ་གུང་ཁྲན་ཏང་དེ་ཉིད་དབུ་བརྙེས་པ་ཙམ་གྱིས"རང་སྲོག་དོར་བའི་བློ་སྤོབས་རབ་ཏུ་སྐྱེད། འཇིག་རྟེན་གསར་པར་བསྒྱུར་བར་ཕོད"ཅེས་པའི་དཔའ་ཉམས་ཀྱིས་ཀྲུང་གོ་རྙིང་པར་བསྒྱུར་བཅོས་བཏང་ཡོད། གསར་བརྗེའི་དམག་འཁྲུག་ལོ་ངོ་28བརྒྱབ་པའི་དུས་ཡུན་རིང་མོའི་ནང་། ཀྲུང་གོ་གུང་ཁྲན་ཏང་མིས་རི་པིན་བཙན་རྒྱལ་རིང་ལུགས་ཕམ་ཉེས་སུ་བཏང་བ་དང་། གོ་མིན་ཏང་ལོག་སྤྱོད་ཕྱོགས་ཁག་གི་དབང་སྒྱུར་མགོ་རྟིང་སློག་མཐར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་རླབས་པོ་ཆེ་ཐོབ་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་པའི་རྗེས། ཀྲུང་གོའི་གུང་ཁྲན་ཏང་མིས་རྨ་བརྒྱ་བུག་སྟོང་དང་དབུལ་ཞིང་ཕོངས་པའི་གནས་བབ་ཐེབས་ཆག་གི་ཐོག“ལོ་ངོ་ཁྲི་གཅིག་དུས་ཡུན་རིང་དྲག་པས། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད”པའི་སྙིང་རུས་ཀྱིས་ཀྲུང་གོའི་མི་དམངས་རྣམས་ཀྱི་སྣེ་ཁྲིད་དེ་ཀྲུང་གོ་གསར་པ་བཙུགས་པ་མ་ཟད། ཆེས་རྒྱ་ཆེ་ཞིང་ཆེས་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་བསྒྱུར་བཅོས་ལེགས་གྲུབ་ཐུབ་ཏེ། དེང་རབས་ཀྱི་ཀྲུང་གོའི་གོང་འཕེལ་དང་ཡར་ཐོན་ཐམས་ཅད་ཀྱི་ཆེད་དུ་རྩ་བའི་ཆབ་སྲིད་ཀྱི་གཞི་འཛིན་ས་དང་ལམ་ལུགས་ཀྱི་རྨང་གཞི་བཏིང་ཐུབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལ་རྒྱལ་ཁ་ཆེན་པོ་ཐོབ་ཡོད། བསྒྱུར་བཅོས་སྒོ་དབྱེ་བྱས་པའི་རྗེས། ཀྲུང་གོ་གུང་ཁྲན་ཏང་མིས་མིག་རྒྱང་རིང་པོས་འགོ་ཁྲིད་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་གཞུང་མ་ལག་བསྐྲུན་པ།--ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གཏན་འཁེལ་བཅས་བྱས་པས། ཀྲུང་གོ་དེ་ཉིད་འཛམ་གླིང་ལོ་རྒྱུས་བྱུང་འཕེལ་གྱི་ཆུ་རྒྱུན་རིང་མོའི་ཁྲོད། གཞན་གྱི་རྗེས་སུ་མ་ལུས་པར་ཀྲུང་ཧྭ་མི་རིགས་ཡར་ལངས་ནས་ཕྱུག་འགྱུར་བྱུང་བ་དང་། དེ་ནས་སྟོབས་ཆེར་འགྲོ་བའི་མཆོང་སྐྱོད་རླབས་པོ་ཆེ་མངོན་འགྱུར་ཐུབ་ཡོད། དེ་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་"ཞེས་གསུངས་པ་དེས་ང་ཚོར་དཀའ་ཚེགས་ཆེ་བའི་ཞུན་བརྡར་ལས་ཐོབ་པའི་འབྲས་བུ་ཐམས་ཅད་ནི་རྙེད་དཀའ་བ་ཞིག་ཡིན་པ་གསལ་སྟོན་བྱས་པ་མ་ཟད། ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་ཏེ་དཀའ་སྤྱད་དངོས་སྒྲུབ་བྱས་ན། གཞི་ནས་ལག་ལེན་ལ་ཕྱུག་ཅིང་ལེགས་གྲུབ་ཀྱི་ཐོག་ནས་ཞུམ་མེད་ངང་མདུན་དུ་སྐྱོད་ཐུབ་པ་གསལ་པོར་བསྟན་ཡོད།

ཐོག་མའི་བསམ་འདུན་མ་བརྗེད་པ་ནི་བསམ་འདུན་ངོ་མ་མི་བརྗེད་པ་བྱེད་རྒྱུ་དེ་ཡིན།

བསམ་འདུན་ངོ་མ་ཞེས་པ་ནི་བྱ་དངོས་ཤིག་གི་དང་ཐོག་མའི་བསམ་འདུན་དང་བསམ་ཚུལ་ལ་བརྗོད་དེ། དེ་ནི་བྱ་དངོས་གང་དག་གནས་པའི་ངོ་བོ་དང་འབྱུང་རྩ། རང་བཞིན་བཅས་ཀྱི་གཞི་མ་ཡིན། ཐོག་མའི་བསམ་འདུན་མ་བརྗེད་པ་བྱེད་རྒྱུ་ནི་ཐོག་མ་ཉིད་ནས་རང་ཉིད་ཀྱིས་འཁུར་དགོས་པའི་འགན་འཁྲི་ཞིག་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ཀྲུང་གོར་དབུ་བརྙེས་པས། ཀྲུང་ཧྭ་མི་རིགས་རང་བཙན་ཐུབ་པ་དང་། མི་དམངས་ལ་བཅིངས་འགྲོལ་ཐོབ་པ། རྒྱལ་ཁབ་སྟོབས་འབྱོར་ལྡན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱེད་རྒྱུའི་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་པོ་ལས་གཡོལ་ཐབས་མེད་པར་ཕྲག་ཐོག་ཏུ་འཁུར་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་ལས་འགན་ཡང་གཡོལ་ཐབས་མེད་པར་ཕྲག་ཐོག་ཏུ་འཁུར་དགོས། དུས་མཚུངས། ཀྲུང་གོ་གུང་ཁྲན་ཏང་ནི་མར་ཁེ་སི་རིང་ལུགས་ཀྱི་ཡང་དག་མཛུབ་ཁྲིད་འོག་བཙུགས་པ་ཞིག་ཡིན་སྟབས། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་རྒྱུའི་རླབས་ཆེན་གྱི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས་ངེས་ཡིན་ལ། གུང་ཁྲན་རིང་ལུགས་མངོན་འགྱུར་བྱེད་པའི་རླབས་ཆེན་གྱི་འགན་འཁྲི་ཡང་འཁུར་དགོས་ངེས་ཡིན། བསམ་འདུན་ཆེན་པོ་དེ་གཉིས་ལ་བརྟེན་ནས་མི་རབས་ནས་མི་རབས་བར་ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་རྣམས་ཀྱི་སྣེ་ཁྲིད་དེ་དཀའ་ཚེགས་ལ་མི་སྐྲག་པར་མདུན་དུ་བསྐྱོད་ཅིང་། “མི་ཚེ་ཉིས་བརྒྱ་གསོན་པའི་ཡིད་ཆེས་ཀྱིས། སྟོང་གསུམ་ལེ་དབར་ཆུ་རྐྱལ་ཆོད་པར་ངེས”ཞེས་པའི་ཆོད་སེམས་དང་ཡིད་ཆེས་ཀྱི་གསར་བརྗེ་དང་། འཛུགས་སྐྲུན། བསྒྱུར་བཅོས་བཅས་ཀྱི་རྒྱལ་ཁ་རླབས་ཆེན་ཡང་ནས་ཡང་དུ་ལེན་ཐུབ་རྒྱུར་འདེགས་སྐྱོར་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིས་རྒྱུན་མཐུད་འབད་བརྩོན་དང་། མདུན་སྐྱོད་ཞུན་བརྡར་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་རྒྱུར་རྒྱལ་ཁ་ཕུ་ཐག་ཆོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་འདེགས་སྐྱོར་བྱེད་ཅིང་། ཀྲུང་གོ་གུང་ཁྲན་ཏང་མིས་འཆར་བཀོད་དཔེ་རིས་བཀོད་དེ་མ་འོངས་པར་ཁ་ཕྱོགས་པ་དང་། མཐར་ཐུག་གུང་ཁྲན་རིང་ལུགས་མངོན་འགྱུར་ཡོང་ཆེད་ཚེ་གང་འབད་བརྩོན་བྱེད་རྒྱུར་འདེགས་སྐྱོར་བཅས་བྱས་ཡོད། དེ་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང་”དགོས་ཞེས་པ་དེས་ང་ཚོར་ཐོག་མའི་བསམ་འདུན་མ་བརྗེད་པ་དང་། བསམ་འདུན་ངོ་མ་མ་བརྗེད་པ་བྱས་ནས་མུ་མཐུད་ལོ་རྒྱུས་དང་དུས་རབས་ཀྱིས་ང་ཚོར་སྤྲས་པའི་འགན་འཁྲི་དང་ལས་འགན་ལེགས་གྲུབ་བྱེད་དགོས་པ་གསལ་སྟོན་བྱས་ཤིང་། ང་ཚོར་དེ་རིང་གི་འབད་བརྩོན་བྱེད་པ་ཐམས་ཅད་ནི་ཐོག་མའི་དམིགས་ཡུལ་གྱི་མཛུབ་ཁྲིད་དང་ཕུགས་བསམ་གྱི་ཁྱབ་བསྒྲགས་ལ་བརྟེན་ནས་བྱུང་བ་ཡིན་ལ། ལས་འགན་གྱི་མངོན་ཚུལ་དང་འགན་འཁྲི་ཡི་སྐུལ་འདེད་ལ་བརྟེན་ནས་བྱུང་བ་གསལ་སྟོན་བྱས་ཡོད། ང་ཚོས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། འབྱོར་ཕྱུག་དང་དམངས་གཙོ། ཤེས་དཔལ། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ལེན་ཐུབ་པ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་དང་། གུང་ཁྲན་རིང་ལུགས་ཀྱི་སྤྱི་ཚོགས་སྐྲུན་རྒྱུའི་གནད་དོན་གལ་ཆེན་ཞིག་ཡིན་པ་གསལ་སྟོན་བྱས་ཡོད་པས། དེ་ནི་དུས་རབས་ཀྱི་བླང་བྱ་དང་ལོ་རྒྱུས་ཀྱི་འབྱུང་ངེས་ཤིག་ཡིན།

སྔོན་བྱུང་གི་འདས་དོན་མ་རྟོགས་ན། མ་འོངས་ཀྱི་ཆ་རྣམས་ཤེས་མི་འགྱུར། དེ་རིང་གི་ཀྲུང་གོ་དུས་རབས་གསར་པར་སླེབས་ཟིན་པས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་ཞིག་གི་ཐོག་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་དང་། འགལ་ཟླ་གསར་པ་ཞིག་ལ་ཁ་ཕྱོགས་དགོས་པ་དང་། ཀྲུང་གོ་གུང་ཁྲན་ཏང་མིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རང་གཤིས་དེ་ནམ་ཡང་མ་བརྗེད་པ་བྱེད་དགོས་པ། མར་ཁེ་སི་རིང་ལུགས་ཀྱི་འབྱུང་རྩ་དེ་ནམ་ཡང་མ་བརྗེད་པ་བྱེད་དགོས་པ། ལོ་ངོ་97རིང་མི་དམངས་ཀྱིས་དཀའ་ངལ་ཁྱད་བསད་དང་། འབད་ཐབས་བརྩོན་ལེན་བྱས་ནས་ཐོབ་པའི་མ་འོངས་དེ་ནམ་ཡང་མ་བརྗེད་པ་བྱེད་དགོས་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་གུང་ཁྲན་རིང་ལུགས་ཀྱི་རླབས་ཆེན་དམིགས་ཡུལ་མངོན་འགྱུར་ཡོང་རྒྱུའི་བསམ་འདུན་ངོ་མ་དེ་ནམ་ཡང་མ་བརྗེད་པ་བཅས་བྱེད་དགོས། ང་ཚོ་འགྲོ་ཡུན་རིང་བས་གང་གི་ཆེད་དུ་རྡོག་ཐོན་བྱས་པ་དེ་བརྗེད་རྒྱུ་མེད། ཐོག་མའི་བསམ་འདུན་མ་བརྗེད་ན། ད་གཟོད་ཀྲུང་གོ་གུང་ཁྲན་ཏང་གི་ལང་ཚོ་ནམ་ཡང་དར་ཅིང་། མ་དག་བསམ་བློས་ལྷད་སྐྱོན་གཏོང་མི་ཐུབ་ལ། ཕམ་ཉེས་ཀྱི་དཀའ་ཚེགས་ཀྱང་མི་ཡོང་བས། ཆུ་མོའི་བབ་དང་བསྟུན་ནས་ཀོ་རྐྱལ་རྒྱག་ལུགས་ཀྱིས་རྒྱལ་ཁའི་ངང་འོད་སྟོང་འཕྲོ་བའི་ཕ་མཐར་སོན་ཐུབ་པ་བྱེད་དགོས།

གུང་ཐང་བསྟན་འཛིན་ནོར་བུས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1