དུས་རབས་གསར་པའི་གཞི་རིམ་ལས་བྱེད་པའི་མིག་དཔེ་མུའུ་ཡུས་ཅུན་གྱི་སྐོར་བཀོད་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


1996ལོའི་སྟོན་མཐའ་མའི་རང་སྒང་ལ་ཀན་སུའུ་ཞིང་ཆེན་ཀྲེང་ཡོན་རྫོང་དུ་ཨ་ཕས་རིང་མིན་གངས་ལྗོངས་ས་མཐོར་བསྐྱོད་རྒྱུ་ཡིན་པའི་བུ་གཅིག་པུ་མུའུ་ཡུས་ཅུན་འཁྲིད་དེ་རྫོང་གྲོང་དུ་མཉམ་དུ་ཟ་མ་ཞིག་བཟས་པ་དང་ཡུད་ཙམ་ཕྱིན་རྗེས་གཞི་ནས་ཨ་ཕས“དམག་དཔུང་དུ་ཕྱིན་རྗེས་ལས་ཀ་ཧུར་ཐག་གྱིས། ཞབས་འདྲེན་མ་ཞུ་ཨང”ཞེས་པའི་བསླབ་བྱ་ཚིག་གསུམ་བརྒྱབ། བོད་དུ་སླེབས་ནས་ལོ་21སོང་རིང་ཡར་ཀླུང་གཙང་འགྲམ་གྱི་སྦྱར་པ་དུས་བཞིའི་འགྱུར་ལྡོག་གི་འགྲོས་དང་བསྟུན་ནས་སྔོན་པོ་ནས་སེར་པོ་དང་སེར་པོ་ནས་རིམ་བཞིན་སྔོན་པོར་གྱུར་བ་དང་། མུའུ་ཡུས་ཅུན་རང་ཉིད་ཀྱང་སྦྱར་པ་ཞིག་དང་འདྲ་བར་ཡར་ཀླུང་གི་ས་གཞི་ཆེ་མོའི་ཐོག་རྩ་བ་བརྟན་པོ་ཚུགས་ཡོད། ཁོང་གི་ངོས་ནས་བརྗོད་ན་ས་སེར་མཐོ་སྒང་དང་གངས་ལྗོངས་ས་མཐོའི་ཕྱོགས་མཚམས་ཀུན་རང་ཉིད་ཀྱི་མཛེས་པའི་ཁྱིམ་གཞིས་དང་ཁྱད་པར་མེད། ཡིན་ནའང་ཚེ་མི་རྟག་རྩྭ་ཁའི་ཟིལ་པ་འདྲ་ཞེས་པ་ཅིས་མ་བདེན། 2017ལོའི་ཟླ་10ཚེས་13ཉིན་གྱི་ཐོ་རེངས་སུ་ཀླད་ཁྲག་འདྲེས་ནས་མུའུ་ཡུས་ཅུན་གྲ་ནང་རྫོང་གི་རྫོང་དཔོན་གཞོན་པའི་ལས་གནས་ཐོག་གྲོངས། དམངས་སེམས་དང་དམངས་ཀྱི་གནས་ཚུལ་རེ་རེ་བཞིན་གསལ་རྟོགས་བྱེད་མཁན་མི་བུ་ཁོང་དེ་ལྟར་འཇིག་རྟེན་ཕྱི་མའི་ལམ་དུ་བཞུད་པས། ད་དུང་བསྒྲུབས་མ་ཚར་བའི་དམངས་འཚོའི་རྣམ་གྲངས་མང་པོ་ཞིག་རང་སོར་ལུས། མང་ཚོགས་ཀྱི་སེམས་ཀྱི་ཀ་བ་དང་མི་སེར་གྱི་སྙིང་ཉེ་ཁོང་དེ་ལྟར་འཇིག་རྟེན་ཕྱི་མའི་ལམ་དུ་བཞུད་པས། ཡུལ་མི་སྤུན་ཟླ་རྣམས་ལ་འཛད་མེད་ཀྱི་དྲན་སེམས་ཤིག་བཞག

“ང་དངོས་གནས་སྐྱིད་པོ་རེད། བྱམས་བརྩེ་ཅན་གྱི་སྐྱེད་མ་གཉིས་ཡོད”

“2000ལོའི་ཟླ་7ཚེས་19ཉིན་ནི་ངས་ཚེ་གང་བརྗེད་པར་དཀའ་བའི་ཉིན་མོ་ཞིག་སྟེ། ཉིན་དེར་ངས་ཕྲུ་གུ་མང་པོ་ཞིག་བུ་ཚབ་ལ་ཉར་བ་ཡིན”ཞེས་པ་སོགས་བསམ་གཏན་གཡུ་སྒྲོན་གྱིས་ཅ་ག་དག་པོ་བྱས་པའི་ཟིན་བྲིས་ཐོག་སྐབས་དེ་དུས་སེམས་འགུལ་ཐེབས་འོས་པའི་བྱ་བ་རྣམས་བཀོད་ཡོད། ལོ་18རིང“ཨ་མ་ལགས”ཞེས་འབོད་པས། སྐྱེས་པའི་ཕ་མ་མིན་ཡང་བསྐོས་པའི་ཕ་མ་ཡིན་སྟབས་བརྩེ་དུང་མི་སླེབས་ཅི་ལ་སྲིད། སྐབས་དེ་དུས་བསམ་གཏན་གཡུ་སྒྲོན་ནི་འཕྱོངས་རྒྱས་རྫོང་ཕྱུགས་རིགས་སྨན་པའི་ས་ཚིགས་ཀྱི་ཕྱུགས་རིགས་སྨན་པ་ཞིག་ཡིན་པ་དང་མུའུ་ཡུས་ཅུན་ནི་དྲག་ཆས་ཉེན་རྟོག་རུ་འབྲིང་གི་གཉེར་པ་རེད། ཉིན་ཞིག་རུ་འབྲིང་གི་ཕག་པས་ལྟོ་མ་བཟས་སྟབས་མུའུ་ཡུས་ཅུན་གྱིས་ཕྱུགས་རིགས་སྨན་པའི་ས་ཚིགས་ལ་སྨན་བཅོས་གནང་རོགས་ཞུས། འཕྲད་མ་ཐག་ནས་བསམ་གཏན་གཡུ་སྒྲོན་དང་གཤིས་ཀ་འཇམ་ལ་སྤྲོ་སེམས་ཆེ་ཞིང་ད་དུང་བོད་སྐད་ཚིག་རེ་གཉིས་ཤེས་པའི་གཞོན་པ་དེ་ཧ་ཅང་འཆམ་པོ་ཆགས། བསམ་གཏན་གཡུ་སྒྲོན་གྱི་ཕྲུ་གུ་ཕྱིར་སློབ་གྲྭ་དང་ལས་ཀར་བསྐྱོད་ནས་ཁྱིམ་དུ་རོགས་པ་མེད་པ་ཤེས་རྗེས། མུའུ་ཡུས་ཅུན་དང་འཐབ་གྲོགས་ཚོས་ཁོམ་པ་ཡོད་རིམ་བཞིན་ཁོང་ལ་ནང་ལས་བྱེད་རོགས་བྱེད་ཀྱི་ཡོད། བསམ་གཏན་གཡུ་སྒྲོན་དང་སྐད་ཆ་མང་པོ་ཤོད་རེས་བྱས་རྗེས་མུའུ་ཡུས་ཅུན་གྱི་བོད་སྐད་ཀྱང་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ཡོད། བསམ་གཏན་གཡུ་སྒྲོན་དང་རུ་འབྲིང་གི་དཔོན་དམག་གི་གཏམ་རྒྱུད་ཀྱང་འཕྱོངས་རྒྱས་རྫོང་གི་ཡུལ་མིའི་བསྔགས་བརྗོད་བྱ་ཡུལ་དུ་གྱུར་ཡོད། 2000ལོར་རུ་འབྲིང་གི་དཔོན་དམག་བཅུ་གྲངས་ཁ་ཤས་ཀྱིས་བསམ་གཏན་གཡུ་སྒྲོན་མ་ཚབ་ལ་བཀུར།

2001ལོར་མུའུ་ཡུས་ཅུན་བོད་རང་སྐྱོང་ལྗོངས་ཞིང་འབྲོག་སློབ་གླིང་གི་འདེབས་འཛུགས་ཆེད་ལས་ལ་རྒྱུགས་འཕྲོད།--བརྡ་ཐོ་ལག་པར་རག་མ་ཐག་ཁོང་གིས་གཏམ་བཟང་དེ་ཨ་མ་བསམ་གཏན་གཡུ་སྒྲོན་ལ་བཤད་པ་དང་བསམ་གཏན་གཡུ་སྒྲོན་གྱིས“ལས་ཀ་བྱས་ཕྱིན་མཐའ་འཁྱོལ་བ་བྱས་ནས་དམག་མིའི་ཀུན་སྤྱོད་བཟང་པོ་འདོར་མི་ཉན”དང“བོད་སྐད་སྦྱངས་ནས་མི་སེར་དང་གྲོགས་པོ་མང་ཙམ་སྒྲིགས”ཞེས་པ་སོགས་ཀྱི་ཁ་ཏ་བསླབ་བྱ་ཁོང་གིས་སེམས་གཏིང་དུ་ཉར་ཡོད། སློབ་གྲྭ་ཐོན་ནས་ལས་བགོས་རྒྱག་སྐབས་མུའུ་ཡུས་ཅུན་གྱིས་རང་མོས་ངང་ལྷོ་ཁར་འགྲོ་རྒྱུའི་འདུན་ཞུ་བྱས། དེ་རྗེས་ཀྱི་ལོ་བཅུ་གྲངས་ཁ་ཤས་རིང་མུའུ་ཡུས་ཅུན་གྱིས་ཨ་མ་བསམ་གཏན་གཡུ་སྒྲོན་ལ་རང་ཉིད་ཀྱི་སྐྱེད་མ་ཇི་བཞིན་བསྲི་ཞུ་ཡག་པོ་བསྒྲུབས་ཡོད། བུ་བསྲི་ཞུ་ཆེན་པོ་ཡོད་པ་དང་མང་ཚོགས་ཀྱི་དོན་དུ་སེམས་ཁྲལ་བྱེད་པ་བསམ་གཏན་གཡུ་སྒྲོན་གྱིས་གསལ་ཤོས་ཤེས་ཀྱི་ཡོད། 2015ལོར་བསམ་གཏན་གཡུ་སྒྲོན་གྱིས་རས་ཆ་ཡག་ཤོས་ཤིག་བདམས་ནས་མུའུ་ཡུས་ཅུན་ལ་བོད་ཆས་རྩེ་གྲ་ཞིག་བཟོས་པ་མ་ཟད། ད་དུང་ཤིང་ཕོར་སྤུས་དག་གཅིག་ཀྱང་ཉོས། “ཨ་མ་ལགས་ང་ལ་འདི་འདྲ་གཟིགས་ནས་གང་གནང་ངམ”ཞེས་མུའུ་ཡུས་ཅུན་གྱིས་བརྗོད། “རང་ངའི་བུ་ཡིན་པས་གྱོན་ཆས་འདི་དུས་ཆེན་གཏོང་སྐབས་གོན་དང་། ཕོར་པ་འདི་རྒྱུན་ཕོར་ཡིན”ཞེས་འཛུམ་དམུལ་ངང་བཤད། “ང་དངོས་གནས་སྐྱིད་པོ་རེད། ང་ལ་བྱམས་བརྩེ་ཅན་གྱི་སྐྱེད་མ་གཉིས་ཡོད”ཅེས་མུའུ་ཡུས་ཅུན་གྱིས་སེམས་འགུལ་ཐེབས་བཞིན་དེ་ལྟར་བརྗོད།

“ཁ་ལོ་བའི་ལག་ཁྱེར་ནི་ང་ཚོས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཐབས་ལམ་རེད”

ས་བབ་སྨི་4100ལྷག་ཙམ་ཡོད་པའི་རྒྱ་ཚ་རྫོང་འབའ་ཤང་ནི་མཐའ་བཞི་རི་བོས་བསྐོར་བའི་ལུང་ཤུར་ཞིག་རེད། ལམ་ཐག་སྤྱི་ལེ་100ལྷག་ཙམ་གྱི་བྱེ་རྡོའི་ལམ་བུ་བརྒྱུད་རྫོང་གྲོང་དུ་སྐྱོད་སྐབས་ཆུ་ཚོད་ལྔ་དྲུག་འགོར་གྱི་ཡོད། ཉི་གློག་སྤར་བ་དང་བརྙན་འཕྲིན་ལྟ་བ་ལས་གློག་ཆས་ཆེན་པོ་བེད་སྤྱོད་གཏོང་ཐབས་བྲལ། 2012ལོའི་ཟླ་5པར་རྩ་འཛུགས་ཀྱིས་མུའུ་ཡུས་ཅུན་འབའ་ཤང་དུ་ཏང་ཨུད་ཀྱི་ཧྲུའུ་ཅི་བྱེད་པར་བཏང་། འབའ་ཤང་གི་ཆ་རྐྱེན་ཞན་པས། མ་བྱན་ཞིག་ཀྱང་གདན་འདྲེན་ཞུ་ཐུབ་ཀྱི་མེད་སྟབས་ཁོང་གིས་བཟའ་ཟླ་དེ་གར་མ་བྱན་བྱེད་པར་འབོད། ལས་འགན་ཐོག་མར་འཁུར་སྐབས། མུའུ་ཡུས་ཅུན་དང་གྲོང་ཚོའི་ལས་བྱེད་པ་ཚོས་འབྲོག་ར་རེ་རེ་བཞིན་ལྟ་བར་བསྐྱོད་རྗེས་གྲོང་ཚོའི་ལས་བྱེད་པའི་སྦྲ་གུར་དང་། འབྲོག་པའི་འཚོ་བ། རྨིག་རྗེས་དང་འཁོར་ཤུལ་མཉམ་དུ་ཆགས་པའི་འབྲོག་ར་སོགས་ཕྱོགས་མཚམས་ཀུན་ནས་མངོན་གསལ་མེད་པའི་གནད་དོན་ཁག་གཅིག་རིམ་བཞིན་ཤེས་རྟོགས་ཐུབ། རི་མཐོ་ལ་ལམ་ཐག་རིང་བར་བརྟེན། རླངས་འཁོར་ནི་ཕྱིར་བསྐྱོད་ནས་ཕྱུག་པོ་ཡོང་བར་བྱེད་པའི་ཐབས་ལམ་ཡག་ཤོས་དེ་རེད། ཡུལ་མི་ཚོས་རླངས་འཁོར་ཉོས་ནས་སྐྱེལ་འདྲེན་བྱེད་འདོད་ཡོད་ཀྱང་། རླངས་འཁོར་སྦྱོང་བའི་ཆ་རྐྱེན་མེད། གང་ལགས་ཤེ་ན། ཁ་ལོ་བའི་སློབ་གྲྭ་སྤྱི་ལེ་བརྒྱ་གྲངས་ཁ་ཤས་ཀྱི་སར་ཡོད་པའི་སྣེ་གདོང་རྫོང་དུ་ཡོད་པ་དང་དེར་རླངས་འཁོར་སྦྱོང་བར་བསྐྱོད་ཚེ་འགྲོ་སོང་མང་པོ་འགྲོ་ཡི་ཡོད། སྤྱི་ལེ་ངོས་གྲུ་1000ལྷག་ཙམ་གྱི་ཤང་དེར་དུད་ཚང་400ལྷག་ཙམ་དང་མི་1500ལྷག་ཙམ་ཡོད། རླངས་འཁོར་ཉོ་བ་དང་ལམ་བུ་བཟོ་བར་ཡུལ་མི་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད། “ཁ་ལོ་བའི་ལག་ཁྱེར་ནི་ང་ཚོས་མང་ཚོགས་དང་འབྲེལ་བ་བྱེད་པའི་ཐབས་ལམ་ཞིག་རེད”ཅེས་མུའུ་ཡུས་ཅུན་གྱིས་ཁ་ལོ་བའི་སློབ་གྲྭ་ཞིག་རྒྱག་རྒྱུའི་སེམས་ཐག་བཅད། ཟླ་7པའི་ཉིན་གུང་ཞིག་ལ་སྣེ་གདོང་རྫོང་རྟ་འབྲུག་ཁ་ལོ་བའི་སློབ་གྲྭའི(ད་ལྟ་རུའེ་ཐུང་ཁ་ལོ་བའི་སློབ་གྲྭ་ཟེར)སྒོ་འགྲམ་དུ་མུའུ་ཡུས་ཅུན་བྲེལ་འཚུབ་ངང་བསྐྱོད་ནས་ཁོང་གིས་ཁ་ལོ་བའི་སློབ་གྲྭའི་འགན་འཁུར་བ་བཙལ་ཏེ་ཁ་ལོ་བའི་དགེ་རྒན་འབའ་ཤང་དུ་གདན་ཞུ་བྱ་རྒྱུའི་བསམ་ཚུལ་བཤད། “གྲོགས་པོ། དེ་ཁག་ཙམ་བྱེད་ཀྱི་རེད། ད་ཆ་རླངས་འཁོར་སྦྱོང་མཁན་མང་པོ་ཡོད་པས། ང་ཚོའི་སློབ་གྲྭར་ཡང་དགེ་རྒན་འདང་གི་མི་འདུག ཐག་རིང་པོ་དེ་འདྲར་རླངས་འཁོར་གཏོང་སྟངས་སློབ་པའི་ཁོམ་པ་མི་འདུག”ཅེས་ཁ་ལོ་བའི་འགན་འཁུར་བས་མུའུ་ཡུས་ཅུན་ལ་བཤད། ཁ་ལོ་བའི་སློབ་གྲྭར་དཀའ་ངལ་ཡོད་སྟབས་གྲོས་མཐུན་བྱུང་མེད། “ང་སང་ཉིན་ཡོང་གི་ཡིན”ཞེས་མུའུ་ཡུས་ཅུན་གྱིས་ཕ་ཡུལ་གཅིག་པའི་ཁ་ལོ་བའི་དགེ་རྒན་དེར་དེ་ལྟར་བརྗོད།

ཉིན་གཉིས་པར་ཕ་ཡུལ་གཅིག་པའི་དགེ་རྒན་དེས་ཁ་ལོ་བའི་སློབ་གྲྭའི་འགན་འཁུར་བ་ཕྱིར་བསྐྱོད་ནས་ག་དུས་ལོག་མིན་མ་ཤེས་ཞེས་བཤད་པར་མུའུ་ཡུས་ཅུན་གྱིས“སྣང་དག་མེད། ང་སྒུག་གི་ཡིན”ཞེས་བཤད། ས་མཐོའི་གནམ་གཤིས་འགྱུར་ལྡོག་ཆེ་བས་སྐབས་རེ་ཉི་འོད་རབ་ཏུ་འཕྲོ་བ་དང་སྐབས་རེ་ཆར་པ་འབབ་ཀྱི་ཡོད། མུའུ་ཡུས་ཅུན་གྱིས་ཉི་གཡབ་འོག་ལག་གཉིས་ཀ་སྟོད་ཐུང་གི་པ་ཀིར་ནང་བླུགས་ནས་འདར་སིག་སིག་ངང་བསྒུགས་ནས་བསྡད། ལས་ཀ་འགྲོལ་སྐབས་འགན་འཁུར་བ་དེ་གཞི་ནས་ལོག་ཡོང་། རླངས་འཁོར་བབས་མ་ཐག་ལམ་སེང་མུའུ་ཡུས་ཅུན་གྱི་སར་བསྐྱོད་ནས“ཧྲུའུ་ཅི་ལགས། ང་རང་ལ་རྦད་དེ་ཧང་སངས་སོང”ཞེས་བཤད། མུའུ་ཡུས་ཅུན་གྱི་ལྷག་བསམ་རྣམ་དག་གིས་གདན་འདྲེན་ཞུ་བའི་སྙིང་སྟོབས་ལ་ཁ་ལོ་བའི་སློབ་གྲྭའི་འགན་འཁུར་བ་སེམས་འགུལ་ཐེབས་པ་དང་ཉིན་གཉིས་སོང་རྗེས་ཁ་ལོ་བའི་སློབ་གྲྭའི་རླངས་འཁོར་ཆུང་བ་གཉིས་དང་རླངས་འཁོར་ཆེ་བ་གཅིག་ལ་གློག་ཀླད་30དང་འདྲ་བཟོས་ཁ་ལོ་བའི་ཡོ་ཆས་བཅས་བླུགས་ནས་ལ་ཀླུང་བརྒྱབ་སྟེ་ཤང་སྲིད་གཞུང་གི་སྒོ་རའི་ནང་དུ་འབྱོར། སྐོར་སྐྱོད་ཁ་ལོ་བའི་སློབ་གྲྭ་འཛུགས་རྒྱུའི་ཆ་འཕྲིན་ཐོས་མ་ཐག་མི་80ལྷག་ཙམ་མིང་ཐོ་བཀོད་པ་རེད། འབའ་གྲོང་ཚོའི་ཆོས་འཕེལ་ཚེ་རིང་སྐྱེལ་འདྲེན་བྱེད་འདོད་ཆེན་པོ་ཡོད་པ་དང་སྒོ་རྩར་རླངས་འཁོར་སྦྱོང་བའི་གོ་སྐབས་འདི་འདྲ་ཡོད་སྐབས། ཁོང་གིས་ཉིན་ལྟར་སློབ་གྲྭར་ཨང་དང་པོ་བསྐྱོད་ནས་རླངས་འཁོར་གཙང་མ་ཞིག་ཕྱིས་ཏེ་དགེ་རྒན་བསྒུག་ནས་སྡོད་ཀྱི་ཡོད།

ཟླ་བ་གཅིག་ལྷག་སོང་རྗེས་ཤང་ཡོངས་ཀྱི་མི་50ལྷག་ཙམ་ལ་ཁ་ལོ་བའི་ལག་ཁྱེར་རག་པས་གྲོང་མི་ཚོ་ཧ་ཅང་དགའ་པོ་བྱུང་བ་རེད། ཁ་ལོ་བའི་ལག་ཁྱེར་རག་རྗེས་ཆོས་འཕེལ་ཚེ་རིང་གིས་ཚོང་ཁང་ཞིག་བཙུགས། ཁོང་གིས་འགྲུལ་སྐྱེལ་དང་ཟོག་འཁོར་གོ་གཉིས་ཆོད་ཀྱི་རླངས་འཁོར་དེ་བཏང་ནས་ཕ་ཡུལ་གྱི་སྟར་ཁ་དང་། མར། ཚགས་ཤ་སོགས་ཕྱིར་འཚོང་བ་དང་ཕྱི་རོལ་གྱི་ཚོང་ཟོག་ནང་དུ་བཙོངས་ནས་ལོ་ཤས་སོང་རྗེས། ཁོང་གིས་ལྷ་སའི་གྲོང་ཁུལ་དུ་ཇ་ཁང་ཞིག་བཙུགས་པ་དང་གཉེན་སྒྲིག་ཀྱང་བྱས་པ་རེད།

2012ལོའི་ལོ་མཇུག་ཏུ་ཤང་ཡོངས་ཀྱི་དུད་ཚང་ཚང་མར“གློག་དྲ་ཆེན་པོ”སྤྱོད་རྒྱུ་བྱུང་བ་དང་འཁྱག་སྒམ་དང་དུག་སེལ་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་འབའ་ཤང་དུ་གང་དགོས་ཅི་དགོས་ཡོད། 2013ལོའི་ལོ་མཇུག་ཏུ་སྣུམ་ནག་ལམ་བུ་བཏིང་བས་རྫོང་གྲོང་དུ་སྐྱོད་སྐབས་ཆུ་ཚོད་2ལས་འགོར་གྱི་མེད། ལོ་གཉིས་མ་སོང་བར་ཤང་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ཚང་མར་འགྱུར་ལྡོག་བྱུང་ཡོད། “ད་ཆ་འབའ་ཤང་གི་འབྲོག་དུད་444ཡི་ནང་ནས་གསུམ་ཆ་གཉིས་ཀྱིས་རླངས་འཁོར་ཉོས་པ་དང་ཚོང་ཁང་དང་ཇ་ཁང་བཅུ་ལྷག་ཙམ་ཡོད་པས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་ཞེ་དྲག་ཕྱིན་ཡོད། ད་ལྟའི་འཕེལ་རྒྱས་ཀྱི་རྣམ་པ་ནི་མུའུ་ཡུས་ཅུན་སྐབས་ཀྱི་ཏང་ཨུད་ཀྱི་འབད་བརྩོན་དང་ཁ་བྲལ་ཐབས་མེད”ཅེས་འབའ་ཤང་གི་ད་ལྟའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཀྲའོ་ཆིང་གིས་བཤད།

“ཏང་དང་སྲིད་གཞུང་ཡོད་ཚེ་ཁྱེད་ཀྱི་ཁ་ཕོར་ཙམ་ཡང་བརླག་ཏུ་འཇུག་མི་སྲིད”

2017ལོའི་ཟླ་7པར་དྲག་ཆར་འབབ་པའི་མཚན་མོ་ཞིག་ཏུ་ཡར་ཀླུང་གཙང་འགྲམ་གྱི་གྲ་ནང་རྫོང་གི་མི་ཚང་མ་གཉིད་ལ་ཡུར་བའི་དུས་དེར་མི་ཞིག་སྡོད་བཟོད་མི་བདེ་བར་གྱུར། “ཆར་པ་ཆེན་པོ་འདི་འདྲར་ང་གཉིད་ཇི་ལྟར་ཁུག་གམ། ལྕེའུ་སྨད་གྲོང་ཚོའི་རྒྱབ་ཏུ་རི་ཉིལ་ཉེན་ཡོད་པས་ང་ལྟ་བར་འགྲོ་གི་ཡིན”ཞེས་ཁ་པར་ནས་རྫོང་དཔོན་ལ་སྙན་སེང་ཞུས་རྗེས་གཟུགས་སྟོབས་ཆེ་བའི་གྲ་ནང་རྫོང་གི་རྫོང་དཔོན་གཞོན་པ་མུའུ་ཡུས་ཅུན་གྱིས་རླངས་འཁོར་བཏང་ནས་རྫོང་གྲོང་ཕྱིར་བསྐྱོད། མི་རིང་གོང་རྫོང་གྲོང་ཕྱིའི་སྤྱི་ལེ་འགའ་ཞིག་སར་གནས་པའི་གྲ་ཐང་གྲོང་རྡལ་ལྕེའུ་སྨད་གྲོང་ཚོའི་གྲོང་མིས་དེའི་སྐོར་གླེང་བཞིན་ལྕེའུ་སྨད་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཐང་འཛོམས་རྩྭ་ཁ་དམའ་རུ་ཕྱིན་ནས་རི་བོར་སྲུབས་ཀ་མང་པོ་གས་འདུག་ལ་རི་གཤམ་གྱི་ཆུ་མིག་ཀྱང་རྒྱས་འདུག་ཅེས་བརྗོད་ཀྱི་ཡོད། རི་གཤམ་དུ་སླེབས་རྗེས་ཁོང་གིས་མང་ཚོགས་ཀྱི་དུད་ཚང་རེ་རེ་བཞིན་བརྟག་དཔྱད་བྱས་ཏེ་ནམ་ལངས་ནས་ཆར་པ་ཆུང་དུ་འགྲོ་སྐབས་མུའུ་ཡུས་ཅུན་གྱིས་འདམ་རྫབ་ལ་མ་འཛེམས་པར་རི་བོར་འཛེགས་ཏེ་སྲུབས་ཀའི་ཁུལ་ཚང་མ་ཡིད་ལ་ངེས་པར་བྱེད་ཀྱི་ཡོད། དེའི་ཁྲོད་རིང་ཚད་སྨི་བརྒྱ་ལྷག་ཙམ་གྱི་རི་ངོས་ཤུགས་ཆེན་གས་ཡོད་པ་དང་སྲུབས་ཀའི་ཁ་ཞེང་སྨི་ཕྱེད་ཀ་ཙམ་ཡོད། མུའུ་ཡུས་ཅུན་གྱིས་ས་སྟེང་དུ་བསྡད་དེ་ལག་པས་སྲུབས་ཀའི་ཆེ་ཆུང་འཇལ་བ་དང་ལྕུག་ཕྲན་ཁྱེར་ནས་གཏིང་ཚད་འཇལ་བ་མ་ཟད། སྲུབས་ཀའི་ངོས་གཉིས་སུ་ཤིང་ཕུར་བརྒྱབ་ནས་སྤུན་དོག་རེ་འཐེན། “གལ་སྲིད་སྤུན་དོག་དེ་ཆད་ཚེ་སྲུབས་ཀ་མུ་མཐུད་ཆེ་རུ་ཕྱིན་པ་མཚོན་གྱི་ཡོད”ལྕེའུ་སྨད་གྲོང་ཚོའི་ཚོགས་ཆུང་2པར་དུད་ཚང་66དང་མི་300ཙམ་ཡོད་པས་གལ་སྲིད་རི་ཉིལ་ཚེ་མཇུག་འབྲས་ཧ་ཅང་ཚབས་ཆེན་ཐོན་སྲིད། གནས་ཚུལ་ཚབས་ཆེ་རུ་ཕྱིན་ཚེ་ངར་ལམ་སེང་ཁ་པར་བརྒྱབ་ཤོག་ཅེས་མུའུ་ཡུས་ཅུན་གྱིས་ཀྲི་པུའུ་ཧྲུའུ་ཅིར་མངགས་བཅོལ་ཡང་ཡང་བྱས། རྫོང་དུ་ལོག་རྗེས་གྱོན་ཆས་བརྗེ་ལོང་མ་བྱུང་བར་མུའུ་ཡུས་ཅུན་གྱིས་འཕྲལ་མར་རྫོང་ཨུད་ལ་སྙན་སེང་ཞིབ་ཕྲ་ཞུས་པ་རེད། གྲ་ནང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མུའུ་ཡུས་ཅུན་གྱིས་གཙོ་བོ་བྱས་ནས་གནས་སྐབས་ཀྱི་སྡོད་གནས་ཁུལ་ཞིག་བཙུགས་ཏེ་ལྕེའུ་སྨད་གྲོང་ཚོའི་ཚོགས་ཆུང་2པའི་གྲོང་མི་གནས་སྤོས་བྱེད་པ་དང་དུས་མཚུངས་རང་སྐྱོང་ལྗོངས་ས་གཤིས་བརྟག་ཞིབ་ཅུས་ཀྱི་རིགས་གཅིག་མཁས་ཅན་བརྟག་ཞིབ་བྱེད་པར་གདན་ཞུ་བྱེད་དགོས་པའི་གཏན་འཁེལ་བྱས་པ་རེད། ཡིན་ནའང་མང་ཚོགས་ཁག་གཅིག་ཁྱིམ་གཞིས་བློས་མ་ཐོངས་པས་འགྲོ་འདོད་མ་བྱས། ཉིན་མཚན་གཅིག་ངལ་གསོ་ཕྲན་ཙམ་ཡང་མ་བརྒྱབ་པའི་མུའུ་ཡུས་ཅུན་གྱིས་སླར་ཡང་རྫོང་གི་འགོ་ཁྲིད་ཚན་ཁག་དང་མཉམ་དུ་ལྕེའུ་སྨད་གྲོང་ཚོར་བསྐྱོད་དེ་ཁག་བགོས་ནས་མང་ཚོགས་ལ་བསམ་བློའི་སློབ་གསོ་བཏང་། སྨི་ངོས་གྲུ་1000ལྷག་ཙམ་ཟིན་པའི་ཚེ་དབང་རྒྱལ་པོའི་ཞིང་ཁྱིམ་སྒོ་ར་རང་སྒྲིག་བརྒྱབ་ནས་ལོ་གཉིས་ཀྱང་སོང་མེད་པ་དང་། གྲོང་ཚོའི་ཁང་པ་ཡག་ཤོས་ཀྱི་གྲས་ཡིན་པས། ཚེ་དབང་རྒྱལ་པོས་འགྲོ་འདོད་གཏན་ནས་མ་བྱས། “བློ་བདེ་པོ་གྱིས་ཤིག མི་མ་ཤི་ཟོག་གི་སྡོང་པོ་རེད། ཁང་པ་མེད་པར་ཆགས་ནའང་སྐྱོན་མེད། ཅ་ལག་བརླགས་ན་ངས་སྐྱིན་པ་སྤྲད་ཆོག”ཅེས་མུའུ་ཡུས་ཅུན་གྱིས་ཚེ་དབང་རྒྱལ་པོར་ཁས་མེ་ལྟར་བླངས་པ་དང་ཁོང་གིས“ཏང་དང་སྲིད་གཞུང་ཡོད་པས་ཁྱེད་ཀྱི་ཁ་ཕོར་ཙམ་ཡང་བརླག་ཏུ་འཇུག་མི་སྲིད”ཅེས་བརྗོད། མུའུ་ཡུན་ཅུན་དང་ལས་བྱེད་པས་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱས་མཐར་ལྕེའུ་སྨད་གྲོང་ཚོའི་ཚོགས་ཆུང་གཉིས་པའི་མང་ཚོགས་ཚང་མ་བདེ་འཇགས་ལྡན་པའི་ས་ཆར་ཕྱིར་འཐེན་བྱས། བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་འགན་ལེན་བྱུང་ཡོད་མེད་མུའུ་ཡུས་ཅུན་གྱིས་ཉིན་ཤས་བསྟུད་མར་ཁྱིམ་ཚང་མི་རེ་ངོ་རེར་སྐད་ཆ་འདྲི་བར་ཕྱིན་པ་དང་དཀའ་གནད་འཕྲད་རིམ་བཞིན་ཐག་གཅོད་ཡག་པོ་བྱས་ཡོད། རྫོང་ནས་ཀྱང་ལྕེའུ་སྨད་གྲོང་ཚོའི་གནས་ཚུལ་གོང་རིམ་ལ་སྙན་སེང་ཞུས་པ་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྒོར་ཁྲི་6500བཏང་ནས་ལྕེའུ་སྨད་གྲོང་ཚོའི་ས་གཤིས་གནོད་འཚེའི་མི་མངོན་པའི་རྐྱེན་ངན་ལྡན་པའི་གནས་སྤོའི་རྣམ་གྲངས་ད་ཆ་ལག་ལེན་བསྟར་འགོ་ཚུགས་ཡོད།

འགག་རྩའི་དུས་སུ་ཁོང་ནི་ག་དུས་ཡིན་རུང་མང་ཚོགས་ཀྱི་དཀའ་གནད་སེལ་རོགས་བྱེད་མཁན་གྱི་ཀ་བ་ལྟ་བུ་རེད། ལོ་མང་གཞི་རིམ་དུ་ལས་ཀ་བྱས་པའི་ཉམས་མྱོང་ལས་ཁོང་གིས་མང་ཚོགས་ཀྱིས་བསམ་བློ་གང་ཞིག་གཏོང་བ་དང་རེ་སྒུག་གང་ཞིག་བྱེད་པ་གསལ་པོར་རྟོགས་ཀྱི་ཡོད་པ་དང་། མང་ཚོགས་གཉེན་ཉེར་བརྩིས་ནས་སེམས་ནུས་ཡོད་རྒུ་བཏོན་པས་མང་ཚོགས་ཀྱིས་ཡིད་ཆེས་ཚད་མེད་བྱེད་ཀྱི་ཡོད།

གྲ་ནང་དུ་ལས་ཀ་ལོ་གཅིག་ལྷག་ཙམ་བྱེད་རིང་། མུའུ་ཡུས་ཅུན་གྱིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། མང་ཚོགས་ཀྱི་འདོད་འདུན་ལ་བརྩི་འཇོག་དང་གཞི་རྩའི་ས་ཞིང་སྲུང་སྐྱོང་དང་ཐང་རྒོད་མང་པོ་བེད་སྤྱོད་ཡག་པོ་བྱས་ཡོད། དེས་མ་ཟད། ནུས་ཤུགས་ཡོད་རྒུས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་། རང་དགར་སྡོད་ཁང་སོགས་བསྐྲུན་རྒྱུ་བཅོས་སྒྲིག ཁྲོམ་གཞུང་ལྗང་འགྱུར་དང་མཛེས་སུ་བཏང་བས། རྫོང་གྲོང་གི་རྣམ་པ་གསར་རྐྱང་དུ་གྱུར། 2016ལོ་དང་2017ལོར་གྲ་ནང་རྫོང་གིས“རྒྱལ་ཡོངས་ཀྱི་རྫོང་རིམ་པའི་ཤེས་དཔལ་གྲོང་ཁྱེར”གཏོད་རྒྱུའི་བརྩོན་ལེན་བྱས་པས། མིང་འདོན་བྱ་དགའ་བསྟུད་མར་ཐོབ་ཡོད།

“ཡབ་ཡུམ་གཉིས་ལ་ཞུ་རྒྱུར། བོད་ཀྱི་གཉེན་ཉེར་ང་དེ་བས་དགོས་གལ་ཆེ་བ་ཡོད”

གཞུང་ལས་ཁང་དུ་བཞག་པའི་ཉིན་ཐོའི་ནང་མུའུ་ཡུས་ཅུན་གྱིས་ལས་ཀའི་སྐོར་གསལ་པོ་བཀོད་ཡོད། མུའུ་ཡུས་ཅུན་དུས་རྒྱུན་གཞི་རིམ་དུ་ཞིང་འབྲོག་མང་ཚོགས་ཀྱི་ལས་དོན་སྒྲུབ་པར་བྲེལ་ནས་ཟླ་བ་གཅིག་ནས་གཞུང་ལས་ཁང་དུ་གཟའ་འཁོར་གཅིག་ཀྱང་སྡོད་ཁོམ་མེད། ལས་ཀ་ཚད་ལས་བརྒལ་བ་བྱས་སྟབས། མཐར་ཁོང་གཞི་རིམ་དུ་བསྐྱོད་པའི་ལམ་བར་དུ་དྲན་པ་འཐོར། ཁྲག་ཤེད་ཧའོ་སྨི་160དང་210ཟིན་པའི་ནད་པ་ཞིག་གིས་ལས་ཀ་མཐའ་འཁྱོངས་ཇི་འདྲ་བྱས་པ་ཡིན་ནམ་ཞེས་སྨན་པ་ཧང་སངས་ནས་དེ་ལྟར་བཤད། རྫོང་དཔོན་ཐང་ཡུང་གིས་ཁོང་ལ་ཨུ་ཚུགས་ཀྱིས་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱེད་དུ་བཅུག ཉིན་གསུམ་སོང་རྗེས་མུའུ་ཡུས་ཅུན་གྱིས་སྨན་པས་དོ་སྣང་མ་བྱུང་བའི་སྐབས་དང་བསྟུན་ནས་གཞི་རིམ་དུ་ལས་ཀ་བྱེད་པར་བསྐྱོད། “ང་ཚོས་མང་ཚོགས་དང་རང་ཉིད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲིར་ངོ་གནོང་མི་དགོས་པ་བྱེད་དགོས། ང་ཚོ་ད་ལྟ་ལོ་ཆུང་ཆུང་ཡིན་པས་ལས་ཀ་ཧུར་ཐག་བྱེད་དགོས། ཕྱིས་སུ་ངལ་གསོ་རྒྱག་པའི་ཁོམ་པ་ཡོད”ཅེས་མཉམ་དུ་གཞི་རིམ་དུ་སྐྱོད་མཁན་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡེ་ཤེས་ཆོས་འཕེལ་ལ་བརྗོད། མུའུ་ཡུས་ཅུན་གྱིས་ལས་ཀ་ཧུར་ཐག་བྱས་ནའང་འཚོ་བར་དང་དོད་དེ་ཙམ་མེད། ཉིན་གང་པོར་ལས་ཀ་བྱས་ནའང་ལས་རོགས་དང་མཉམ་དུ་ཐུག་པ་འཐུང་བའམ་ཡང་ན་ཁྱིམ་དུ་ལོག་ནས་སྟབས་བདེའི་ཐུག་པ་འཐུང་བ་ཙམ་ལས་འཚོ་བཅུད་ལ་སྣང་བ་དེ་ཙམ་གཏོང་གི་མེད། ནུབ་བྱང་སོ་ནམ་པའི་བུ་དེར་བབ་ཆགས་ཟོལ་མེད་ཀྱི་ལྷག་བསམ་ཞིག་རྒྱུད་དུ་འཇགས་ཡོད། “ཁང་པ་ཆེ་ཆུང་གང་ཞིག་རག་ཀྱང་གཅིག་པ་རེད། དགོང་མོ་ཉལ་སའི་ཉལ་ཁྲི་ཞིག་ཡོད་ན་དེ་གས་འགྲིག”ཅེས་རྒྱ་ཚ་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་སྐབས་ཁོང་གིས་ལས་བྱེད་པ་དང་མཉམ་དུ་ཁང་པའི་རྒྱན་སྒྲུག་དུས་དེ་ལྟར་བརྗོད་པ་དང་། སྨི་ངོས་གྲུ་50ལས་མེད་ཅིང་། ཆུ་ཡང་སེ་ཆད་པའི་ཁང་པ་སུམ་ཐོག་ཞིག་ཏུ་ལས་སྒྱུར་མ་བྱས་བར་བསྡད། ལས་བྱེད་པ་ཚོར་ལོ་གཅིག་ལ་འཁོར་ཞག་ཐེངས་རེ་ཡོད་ནའང་། མུའུ་ཡུས་ཅུན་གྱིས་ལོ་གཉིས་ལ་ཐེངས་རེ་ལས་སྡོད་ཀྱི་མེད། ཁོང་གི་ངོས་ནས་བརྗོད་ན་འཁོར་ཞག་ནི་སྨན་བཅོས་བྱེད་པའི་དུས་ཚོད་རེད། ཡིན་ནའང་ལུས་པོ་ཅུང་ཙམ་ཡག་ཏུ་འགྲོ་སྐབས་འཁོར་ཞག་དུས་ཚོད་ཐིམས་ནས་ལས་ཀར་ཡོང་དགོས་ཀྱི་ཡོད། ཁོང་སྐྱེ་ས་འཚར་ས་ས་སེར་མཐོ་སྒང་ཡིན་ནའང་། ཚེ་གང་གངས་ལྗོངས་ས་མཐོར་ལེགས་སྐྱེས་ཕུལ་ཡོད། མི་ལོ་40ཡི་ཁྲོད་ནས་ལོ་21ཏག་ཏག་བོད་དུ་འཚོ་བ་བསྐྱལ་བ་དང་། ལོ་21རིང་མུའུ་ཡུས་ཅུན་ཕ་མ་དང་མཉམ་འཛོམས་བྱེད་པའི་དུས་ཚོད་ལོ་གཉིས་ལས་ཟིན་གྱི་མེད། “ལས་ཀ་བྱེད་སྐབས་ཁོང་འགོ་ཁྲིད་ཡིན་ནའང་དུས་རྒྱུན་གཅེན་པོ་དང་ཁྱད་མེད། ང་གཉིས་ལས་ཀའི་ཆེད་རྩོད་པ་ཤོར་མྱོང་ཡོད། འོན་ཀྱང་སྒེར་དོན་དུ་རྩོད་པ་གཏན་ནས་ཤོར་མྱོང་མེད། རྫོང་དཔོན་མུའུ་ལགས་གྲོངས་རྗེས་ངའི་སེམས་པ་སྟོང་ལྷང་ལྷང་དུ་གྱུར་སོང་། ངས་རྣམ་གྲངས་འདི་ངེས་པར་དུ་འཛུགས་སྐྲུན་ཡག་པོ་བྱས་ནས་ཁོང་གི་བསམ་འདུན་སྒྲུབ་རོགས་བྱེད་ཀྱི་ཡིན”ཞེས་གྲ་ནང་རྫོང་རྒྱལ་ཁབ་ས་ཆ་ཅུས་ཀྱི་ཅུས་ཀྲང་དགེ་སློང་གིས་ལྕེའུ་སྨད་གྲོང་ཚོའི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་ས་ཚིགས་ཀྱི་གནས་སྤོས་རྣམ་གྲངས་ཀྱི་དཔྱད་ཞིབ་སྙན་ཞུ་ཁྱེར་ནས་དེ་ལྟར་བརྗོད།

མུའུ་ཡུས་ཅུན་འཇིག་རྟེན་ཕྱི་མའི་ལམ་དུ་བཞུད་ནའང་། ཁོང་གི་ཚེ་གང་གུང་ཁྲན་ཏང་གི་བློ་དཀར་དང་། དྭངས་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྙིང་སྟོབས་ལག་ལེན་དུ་འཁྱོལ་བར་བྱས་ཡོད་ལ། སྙིང་སྟོབས་ཀྱི་མེ་ཏོག་དེ་དག་གངས་ལྗོངས་ས་མཐོར་ཁྲ་ཆིལ་ལེར་བཞད་དང་བཞད་མུས་ཡིན།

《བོད་ལྗོངས་ཉིན་རེའི་ཚགས་པར》ལས་བཏུས།

(ཤོག་ངོས་54ལ་གཟིགས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1