བོད་ལྗོངས་ལ་ལྟ་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


བོད་ལྗོངས་ཉིང་ཁྲིས་གར་སྟེཌ་ཆུང་ཆུང་ལ་བརྟེན་ནས་དབུལ་སྒྲོལ་གྱི་ཕུཌ་བསམ་ཆེན་པོ་མངོན་འགྱུར་ཡོང་བར་བྱས་པ།

ཉེ་ཆར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཕྱོགས་སྡོམ་དང་དབུལ་སྒྲོལ་ཕན་འབྲས་སྲ་བརྟན་དུ་གཏོང་བའི་ལས་དོན་ཚོགས་འདུ་བྲག་ཡིབ་ཆུས་སྲིད་གཞུང་དུ་འཚོགས་ཤིང་། དབུལ་སྒྲོལ་མང་ཚོགས་དང་ལས་བྱེད་པས་མཉམ་དུ་གཏམ་བརྗོད་ཟློས་གར་ཐུང་གྲས་དང་། གླུ་གཞས། མགྱོགས་གཏམ། ཞབས་བྲོ་སོགས་ལེ་ཚན་འཁྲབ་སྟོན་བྱས་ཏེ་ནང་སེམས་ཀྱི་དགའ་སྤྲོ་དང་དེ་བཞིན་ཏང་དང་སྲིད་གཞུང་གི་བཀའ་དྲིན་ཚོར་སེམས་མཚོན་པར་བྱས་པ་རེད། གཏམ་བརྗོད་ཟློས་གར་ཐུང་གྲས《བཀྲ་ཤིས་ཀྱི་འགྱུར་ལྡོག་སྐོར་བཀོད་པ》ཞེས་པར་བུ་ཆུ་ཤང་གི་མང་ཚོགས་པད་མས་མི་སྣ་གཙོ་བོ་བཀྲ་ཤིས་དབུལ་སྒྲོལ་ལས་བྱེད་པའི་སློབ་གསོ་དང་ཁྲིད་སྟོན་འོག་ཆང་རག་ཁོ་ན་འཐུང་མཁན་ཞིག་ནས་རང་འགུལ་ངང་ཧུར་བརྩོན་ཆེན་པོས་ཕྱུག་འགྱུར་ལམ་དུ་སྐྱོད་མཁན་ཞིག་ཆགས་པའི་གཏམ་རྒྱུད་གསོན་ཉམས་དོད་པོས་འཁྲབ་སྟོན་བྱས་པ་དང་། “སྒུག་རྟེན་སློང་གསུམ”གྱི་བསམ་བློ་ནི་ངོ་ཚ་དགོས་པ་ཞིག་དང་། རང་གི་ལག་གཉིས་ལ་བརྟེན་ནས་ཕྱུག་པོ་ཆགས་པར་བྱ་རྒྱུ་ནི་གཟི་བརྗིད་ཡིན་ཞེས་འཁྲབ་སྟོན་མཇུག་འགྲིལ་རྗེས་པད་མས་སྐད་གསང་མཐོན་པོས་བརྗོད་པས་ཐལ་མོའི་རྡེབ་སྒྲས་ཁེངས།

རང་ལྗོངས་སུ་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ།

ཀྲུང་དབྱང་གིས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་བྱས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་བ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ཧུར་ཐག་བསྟར་ནས་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་རྒྱུའི་ལས་དོན་དེ་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུ། བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་བཅས་དང་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་དུ་བརྩིས་ནས་སྐུལ་འདེད་བཏང་སྟེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་དང་མཉམ་དུ་འཆར་འགོད་དང་། མཉམ་དུ་བཀོད་སྒྲིག མཉམ་དུ་དོན་འཁྱོལ་བཅས་བྱས་པས“ཏང་སྲིད་ཀྱིས་གཙོ་ཁྲིད་དང་། རིམ་པ་བཞིན་འགན་འཁུར་བ། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། རྒྱ་ཁྱབ་ངང་ཞུགས་པ”བཅས་ཀྱི་ཆུ་བོ་དང་མཚོའི་དོ་དམ་སྲུང་སྐྱོང་གི་རྣམ་པ་གསར་པ་ཆགས་ཡོད་པ་རེད། ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ལས་ཀའི་ཇུས་གཞི་དོན་ཐོག་ཏུ་འཁྱོལ་བ་དང་། རྩ་འཛུགས་མ་ལག་དང་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ། འབྲེལ་ཡོད་ལམ་ལུགས་དང་སྲིད་ཇུས་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་བ། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་དཔྱད་དཔོག་དོན་ཐོག་ཏུ་འཁྱོལ་བ་བཅས་ཀྱི་བླང་བྱ་གཞིར་བཟུང་། རང་སྐྱོང་ལྗོངས་སྤྱི་ཁྱབ་ཆུ་དཔོན་གཞུང་དོན་ཁང་གིས་ལྗོངས་ཡོངས་ཀྱི་ས་ཁུལ(གྲོང་ཁྱེར)7ལ་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པའི་ལས་དོན་ལ་ཞིབ་བཤེར་རྩིས་ལེན་བྱས་པ་རེད། ཞིབ་བཤེར་རྩིས་ལེན་བྱས་པའི་མཇུག་འབྲས་ནི་ས་གནས་ཁག(གྲོང་ཁྱེར)“དོན་ཐོག་ཏུ་འཁྱོལ་བ་བཞིའི”སྤྱིའི་བླང་བྱ་དང་མཐུན་ཡོད་པ་དེ་ཐོག་ནས་རང་ལྗོངས་སུ་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཙུགས་པ་མཚོན།

བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་རྒྱུགས་བསྡུའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཟླ་7ཚེས་2ཉིན། པེ་ཅིང་དུ་བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་རྒྱུགས་བསྡུའི་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། རྒྱལ་ཁབ་གཞུང་ལས་པ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་དང་དེ་བཞིན་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་ཚོགས་འདུར་ཞུགས་པ་རེད།

ཙེང་དབན་མིང་གིས། བོད་ཀྱི་འབྲེལ་ཡོད་ཚན་པ་ཁག་གིས་ད་རེས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་གྱིས་སྲིད་ཇུས་བྱེད་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། དོ་དམ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། བོད་ཀྱི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་ནང་སར་ལས་ཞུགས་ཀྱི་སྔོན་ཐོན་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱེད་པ། ལས་ཀའི་སྟོན་ཕྱོགས་ཡག་པོ་གཏོད་པ་བཅས་བྱས་ཏེ་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་བསྒྲུབ་རྒྱུར་སྔར་བས་སྐུལ་མ་གཏོང་དགོས། དེ་དང་ཆབས་ཅིག སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་ཁྲོམ་ར་སྟོན་ཕྱོགས་སུ་བྱས་པའི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་དང་། ཁྲོམ་ར་ཅན་གྱི་དགོས་མཁོ་དང་འཚམ་པའི་ཤེས་ལྡན་པ་སྐྱེད་སྲིང་ཤུགས་ཆེན། ཁྲོམ་ར་ཅན་གྱི་ལས་ཞུགས་ལམ་སྲོལ་འཛུགས་པ། སློབ་ཐོན་སློབ་མར་རང་བརྟེན་ལས་འདེམས་དང་། ལས་ཞུགས། ལས་གཏོད་བཅས་ཀྱི་ཁྲིད་སྟོན་བྱེད་དགོས་ཞེས་བླང་བྱ་བཏོན་པ་རེད།

བོད་ཡིག་རིག་ནུས་སྐད་གདངས་ཡིག་སྒྱུར་མཉེན་ཆས་ལྷ་སར་

ཁྱབ་བསྒྲགས་བྱས་པ།

ཉེ་ཆར། ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཞིབ་སྤེལ་བྱས་པའི་བོད་ཡིག(དབུས་གཙང་གི་ཡུལ་སྐད)རིག་ནུས་སྐད་གདངས་ཡིག་སྒྱུར་མཉེན་ཆས་ཁྱབ་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད།

བོད་ཡིག(དབུས་གཙང་གི་ཡུལ་སྐད)རིག་ནུས་སྐད་གདངས་ཡིག་སྒྱུར་མཉེན་ཆས་ཁྱབ་བསྒྲགས་བྱས་པ་དེ་ནི་བོད་སྐད་ཡིག་ཆ་འཕྲིན་ཅན་དུ་འགྱུར་བའི་ལམ་བུའི་ཐོག་སླར་ཡང་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཟབ་མོ་ལྡན་པའི་དོན་ཆེན་དང་བཀྲ་ཤིས་བྱ་བ་ཞིག་རེད། རིག་ནུས་སྐད་མདངས་ཡིག་སྒྱུར་མཉེན་ཆས་ཞིབ་སྤེལ་དང་བེད་སྤྱད་པ་དེས་མི་རིགས་སྐད་ཡིག་ཆ་འཕྲིན་ཅན་དང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། མི་རིགས་ཁག་གི་མང་ཚོགས་དབར་གྱི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ། ཕུལ་བྱུང་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་རྒྱུ་བཅས་ལ་དོན་སྙིང་གལ་ཆེན་ལྡན་པ་མ་ཟད། རང་ལྗོངས་ཀྱི་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་འཛུགས་སྐྱོང་། རིག་གནས་འཛུགས་སྐྱོང་། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་། མི་རིགས་སློབ་གསོ། སྤྱི་ཚོགས་ཕྱོགས་བསྡུས་བཅོས་སྐྱོང་། དབུལ་སྒྲོལ་འགག་སྒྲོལ་སོགས་ལ་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཡང་ཐོན་རྒྱུ་རེད།

རག་སྡིས་ཀྱིས་ཧྲའན་ཤིས་སུ་ཡོད་པའི་བོད་ཀྱི་ལས་བྲལ་དང་

ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས་ལ་གཟིགས་པ།

ཉེ་ཆར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་ཀྱིས་ཆེད་མངགས་ཧྲའན་ཤིས་སུ་ཕེབས་ནས་ཤིས་ཨན་དང་ཞན་ཡང་གཉིས་སུ་སྡོད་པའི་བོད་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་བློ་མཐུན་རྒན་གྲས་ལ་གཟིགས་པ་དང་འབྲེལ་བོད་ལྗོངས་མི་རིགས་སློབ་ཆེན་དུ་རྟོག་ཞིབ་གནང་བ་རེད།

རག་སྡིས་ཀྱིས་བོད་ལྗོངས་མི་རིགས་སློབ་ཆེན་དུ་རྟོག་ཞིབ་གནང་སྐབས། འདི་ལོ་ནི་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་ཡིན་པ་དང་། ལོ་60ཡི་ནང་སློབ་གྲྭས་སྔ་རྗེས་སུ་ལས་རིགས་ཁག་གི་ཕུལ་བྱུང་ཤེས་ལྡན་པ་ཁྲི་8ལྷག་ཙམ་སྐྱེད་སྲིང་བྱས་ཡོད་པས“བོད་ཀྱི་ལས་བྱེད་པའི་འབྱུང་གནས”ངོ་གནོང་མི་དགོས་པ་ཞིག་ཡིན། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ཕུལ་བྱུང་གི་ཤེས་ལྡན་པ་དེ་བས་མང་བ་སྐྱེད་སྲིང་བྱེད་རྒྱུའི་རེ་བ་ཡོད། རེ་བར་སློབ་མ་ཚོས་གོ་སྐབས་དང་དུས་ཚོད་ལ་གཅེས་འཛིན་གྱིས་འཇོན་ཐང་ཡག་པོ་སྦྱོང་བ་དང་རྨང་གཞི་བརྟན་པོ་བཏིངས་ནས་སླད་ཕྱིན་བོད་ཀྱི་བརྟན་ལྷིང་དང་འཕེལ་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།

བོད་ལྗོངས་སློབ་ཆེན་གྱིས་2018ལོའི་ཞིབ་འཇུག་སློབ་མའི་

སློབ་ཐོན་མཛད་སྒོ་དང་སློབ་གནས་སྤྲོད་པའི་མཛད་སྒོ་འཚོགས་པ།

ཟླ་7ཚེས་4ཉིན་གྱི་ཕྱི་དྲོ། བོད་ལྗོངས་སློབ་ཆེན་གྱིས་2018ལོའི་ཞིབ་འཇུག་སློབ་མའི་སློབ་ཐོན་མཛད་སྒོ་དང་སློབ་གནས་སྤྲོད་པའི་མཛད་སྒོ་འཚོགས་ནས་2018ལོའི་བོད་ལྗོངས་སློབ་ཆེན་གྱི་རབ་འབྱམས་པའི་སློབ་གནས་ཀྱི་ཕུལ་བྱུང་དཔྱད་རྩོམ་23དང་ཕུལ་བྱུང་སློབ་ཐོན་སློབ་མར་གཟེངས་བསྟོད་སྤྲད་པ་དང་འབྲེལ་ཞིབ་འཇུག་སློབ་མ་235ལ་སློབ་གནས་སྤྲད་པ་རེད། ཞིབ་འཇུག་སློབ་མའི་དགེ་རྒན་དང་། སློབ་དུས་འདིར་ཐོན་པའི་ཞིབ་འཇུག་སློབ་མ། སློབ་གྲྭ་འགྲིམ་མུས་ཀྱི་ཞིབ་འཇུག་སློབ་མ་བཅས་ཀྱི་འཐུས་མིས་སོ་སོར་གཏམ་བཤད་བྱས་པ་རེད།

བོད་ལྗོངས་ནང་བསྟན་སློབ་གླིང་གིས་སྐབས་གཉིས་པའི་བཙུན་དམངས་པུའི་སློབ་མའི་སློབ་ཐོན་མཛད་སྒོ་འཚོགས་པ།

ཟླ་7ཚེས་3ཉིན། བོད་ལྗོངས་ནང་བསྟན་སློབ་གླིང་གིས་སྐབས་གཉིས་པའི་བཙུན་དམངས་པུའི་སློབ་མའི་སློབ་ཐོན་མཛད་སྒོ་འཚོགས་ཤིང་། བཙུན་དམངས་སློབ་མ་103ལོ་གཉིས་སློབ་སྦྱོང་བྱས་རྗེས་བདེ་བླག་ངང་སློབ་གྲྭ་ཐོན་ནས་བོད་བརྒྱུད་ནང་བསྟན་གྱི་དམའ་རིམ་མཚན་གནས་ཀྱི་ཐོབ་ཐང་རག་པ་རེད།

མཛད་སྒོའི་ཐོག་རྒྱ་ཆེའི་གྲྭ་བཙུན་ཚོར་ཆབ་སྲིད་ཐད་བློས་འགེལ་ཆོག་པ་ཞིག་བྱས་ཏེ་ཆབ་སྲིད་ཚེ་སྲོག་ལྟ་བུར་བརྩི་བ་དང་། ཆོས་ལུགས་ཐད་ཡོན་ཚད་ལྡན་པ་ཞིག་བྱས་ཏེ་སློབ་སྦྱོང་བྱ་རྒྱུ་རྒྱགས་ཕྱེར་བྱེད་པ། ཀུན་སྤྱོད་ཐད་ཀུན་གྱིས་གུས་བཀུར་ཐོབ་པ་བྱས་ཏེ་སྒྲིག་ཁྲིམས་འགན་ལེན་དུ་བྱེད་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བྱས་ཏེ་ལེགས་སྐྱེས་འབུལ་རྒྱུ་དམིགས་ཡུལ་དུ་བྱེད་པ་བཅས་བྱེད་དགོས། སློབ་མ་ཚོ་སློབ་གྲྭ་ཐོན་ནས་དགོན་སྡེར་ལོག་རྗེས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ནས་ཆོས་ལུགས་ཀྱི་ཡོན་ཚད་དང་ཀུན་སྤྱོད་ཀྱི་བློ་སྦྱོང་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་རྒྱུ་དང་དེ་བཞིན་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་བྱས་པ་རེད།

གཞིས་རྩེ་གྲོང་ཁྱེར་གྱིས་ཁེ་ལས་ཀྱི་དོ་དམ་པར་གསོ་སྦྱོང་བྱས་པ།

ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱིས“གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་སྣེ་ཁྲིད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ཡོང་བར་རམ་འདེགས་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་བཟོ་ལས་ཀྱི་རྐང་འཛིན་ཁེ་ལས་ཀྱི་དོ་དམ་པའི་གསོ་སྤྱོང་འཛིན་གྲྭ་གཉེར་བ་རེད། རྫོང(ཆུས)13གྱི་ཁེ་ལས་ནས་ཡོང་བའི་མི་40གསོ་སྦྱོང་ལ་ཞུགས་ཡོད་པ་རེད།

ལྷོ་ཁ་གྲོང་ཁྱེར་གྱིས་ནས་ཀྱི་ཐོན་འཕར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།

ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ད་ལོ་ཞིང་འབྲོག་དང་ཚན་རྩལ་སོགས་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག ཚོད་ལྟ་དཔེ་སྟོན་དང་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུའི་ལས་ཀར་སྒོར་ཁྲི་500ཙམ་བཏང་བ་དང་། ནས་ཀྱི་ཐོན་མཐོའི་ལག་རྩལ་འདུས་གྲུབ་དཔེ་སྟོན་གྱི་ཞིང་ཁ་ཧུར་ཐག་བཏབ་པ་དང་། ན་ནིང་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་གྱི་དཔེ་སྟོན་ཞིང་ཁ་ལེགས་གྲུབ་བྱུང་བའི་རྨང་གཞིའི་ཐོག་གྲ་ནང་དང་ལྷུན་རྩེ་རྫོང་གཉིས་སུ་མུའུ་1000ཟིན་པའི་ནས་ཞིང་དཔེ་སྟོན་ཁྱབ་གདལ་རྟེན་གཞི་བཙུགས་ཡོད།

ད་བར་གྲོང་ཁྱེར་ཡོངས་སུ་བསྡོམས་སོན་བཟང་མུའུ་ཁྲི་22.33བཏབ་པ་དེས་ནས་ཀྱི་སྤྱིའི་འདེབས་ཁྱོན་གྱི་93.5%བཟུང་ཡོད། རིམ་ཁག་ནས་སོན་ཞིང་ཁ་མུའུ་ཁྲི་1.3བཏབ་པ་དང་། ནས་ཀྱི་སྐྱེ་ལྡན་ལུད་ཁྱབ་གདལ་དཔེ་སྟོན་ཞིང་ཁ་མུའུ་ཁྲི་14བཏབ་པ། ས་དཔྱད་ལུད་སྦྱོར་ལག་རྩལ་ཁྱབ་གདལ་བཏང་ནས་ཞིང་ཁ་མུའུ་ཁྲི་22བཏབ་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ནས་སྐྱེ་འཚར་སྤྱི་ཡོངས་ནས་ཡག་པོ་ཡོད་པ་རེད།

ཟླ་ཚེ་དང་བདེ་གཡང་གིས་བསྡུ་སྒྲིག་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1