སློབ་ཆེན་སློབ་མས་ངེས་དགོས་པའི་མིང་ཚིག་གསུམ།
ཆེན་ཡིང་དབྱི། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
སྙན་གྲགས་ཆེ་བའི་དོ་དམ་རིག་པ་མཁས་ཅན་ཏེ་ལུའུ་ཁེ་ཡིས་རྡོ་བཟོ་བ་གསུམ་གྱི་གཏམ་རྒྱུད་ཅིག་བཤད་མྱོང་ཡོད།--དེ་ཡང་འགྲུལ་པ་ཞིག་གིས་རྡོ་བཟོ་བ་གསུམ་ལ།--གང་བྱེད་གི་ཡོད་པས། ཞེས་དྲིས་པའི་ལན་མི་འདྲ་བ་གསུམ་བྱུང་བ་སྟེ། གཅིག་གིས“ངས་དངུལ་བསགས་ནས་འཚོ་བ་སྐྱེལ་དགོས”ཞེས་ཟེར་བ་དང་། གཞན་ཞིག་གིས“ང་ནི་རྒྱལ་ཡོངས་ན་ཆེས་ལེགས་པའི་རྡོ་འབིག་གི་ལས་ཀ་ལས་བཞིན་ཡོད”ཟེར་ལ། ཡང་རྡོ་བཟོ་བ་གཞན་ཞིག་གིས་མགོ་བོ་ཡར་ལ་བཀྱགས་ཏེ། འཛུམ་འཚེར་འཚེར་གྱི་སྒོ་ནས“ང་ནི་ཆོས་ཁང་ཆེན་པོ་ཞིག་བཞེངས་ཀྱི་ཡོད”ཅེས་མི་རེས་ལན་མི་འདྲ་བ་རེ་བཏབ། རྡོ་བཟོ་བ་གཅིག་ལ་མཚོན་ན་ལས་ཀ་བྱེད་པ་ནི་དངུལ་གྱི་ཆེད་དུ་རེད་ལ། རྡོ་བཟོ་བ་གཅིག་ཤོས་དེ་ལ་དམིགས་ཡུལ་ཆེན་པོ་ཡོད་དེ། རང་འཁྲིའི་ལས་ཀ་ཁྱད་དུ་འཕགས་པ་ཞིག་བྱེད་རྒྱུ་དེ་རེད་འདུག རྡོ་བཟོ་བ་གཞན་དེ་ལ་རླབས་ཆེན་གྱི་ཕུགས་བསམ་ཡོད་དེ། ཁོས་སྙིང་སྟོབས་ཀྱི་ཁྱིམ་གཞིས་ཤིག་འཛུགས་རྒྱུ་དེ་རེད། གོང་དུ་བཤད་པའི་གཏམ་རྒྱུད་འདི་ལས་ཕུགས་བསམ་ཡོད་པས་མིའི་འཚོ་བ་ལ་ཡང་མཛེས་སྡུག་གི་ཚོན་རྩིས་བརྒྱན་ཡོད་པ་ཤུགས་སུ་གོ་ཐུབ།
མིང་ཚིག་ཕུགས་བསམ་ཞེས་པའི་ཡིག་འབྲུ་གཉིས་ནི་དེང་གི་སློབ་ཆེན་སློབ་མ་རྣམས་ཀྱིས་ངེས་པར་དུ་ངེས་དགོས་པའི་མིང་ཚིག་ཨང་དང་པོ་དེ་ཡིན། མིང་ཚིག་དེ་རང་འཁྲིའི་ཆེད་ལས་སློབ་སྦྱོང་དང་ཐད་ཀར་འབྲེལ་བ་མེད་ཀྱང་སྲིད་མོད།--མ་འོངས་པའི་བྱ་གཞག་གི་ཁྲོད་དུ་འབྲེལ་བ་ངེས་ཅན་ཡོང་སྲིད།
ཕུགས་བསམ་ལ་ཆེ་ཆུང་མེད་ཅིང་།--ཕུགས་བསམ་ལ་མཐོ་དམའ་མེད། འོན་ཏེ་སློབ་སྦྱོང་གི་བྲེལ་ཟིང་དང་ཆེད་ལས་ལ་འབད་འབུངས།--ལས་ཞུགས་ལ་བསམ་གཞིག་བཅས་བྱེད་དགོས་སྟབས། སློབ་མ་རྣམས་ཀྱི་ཕུགས་བསམ་ཡང་རབ་རིབ་དང་མག་མོག་ཏུ་བསྒྱུར་འགྲོ་ངེས་ལགས། ཡིན་ནའང་། ཕུགས་བསམ་གྱིས་མི་ལ་རེ་བ་སྟེར་ངེས་ལ། ཕུགས་བསམ་གྱིས་མིའི་རེ་བར་ནམ་ཡང་གསོན་ཤུགས་སྤྲད་ངེས། ཕུགས་བསམ་གྱིས་མི་ལ་ཁྲོ་སེམས་སྟེར་ལ། ཕུགས་བསམ་གྱིས་སྟེར་བའི་ཁྲོ་སེམས་ནི་འདོད་སྲེད་ཀྱིས་སྟེར་བའི་ཁྲོ་སེམས་ལས་ལྡབ་འགྱུར་གྱིས་རྒྱུན་རིང་ལ་ཡིད་རྟོན་རུང་བ་ཞིག་རེད། དོན་དངོས་ཐོག་མི་ལ་ལྷན་སྐྱེས་ཀྱི་ཕུགས་བསམ་ཡོད་ཀྱང་། དེ་སློབ་གསོ་དང་དོན་དངོས་ཀྱི་འཚོ་བའི་ཁྲོད་དུ་ཧ་ཅང་འཇིག་སླ། ཕུགས་བསམ་གྱི་གཤོག་པ་རྐྱོང་མཚམས་འཇོག་མི་ཉན། མི་ལ་ཕུགས་བསམ་ཡོད་པས་ད་གཟོད་རང་གི་ཕུགས་བསམ་གྱི་ཆེད་དུ་བློ་བརྟན་འགྱུར་མེད་ངང་བསྒྲུབས་པའི་བྱ་བ་དག་མངོན་འགྱུར་བྱེད་ཐུབ།
གཉིས་པ་ནི་མིང་ཚིག་བསམ་གཞིག་ཅེས་པ་རེད། ང་ཚོས་ངེས་པར་དུ་བསམ་གཞིག་བྱེད་ཤེས་དགོས། དེ་སྔོན་གསར་གཏོད་མཁན་ཨེ་ཏི་ཧྲེན་གྱིས་ལས་མི་བསྡུ་བར་ཚད་འཇལ་བྱེད་ཀྱི་ཡིག་རྒྱུགས་ཤིག་བཏོན་པའི་དྲི་གཞི་དག་ནི་གཞི་རྩའི་དོན་དངོས་ཁོ་ན་ཡིན། 1921ལོར་ཨིན་སི་ཐེན་ཨ་རིའི་པོ་ཧྲི་ཏུན་ལ་འཚམས་འདྲིར་ཡོང་དུས། གསར་འགོད་པས་ཁོང་ལ“ཨེ་ཏི་ཧྲེན་གྱི་ཚད་འཇལ་དྲི་བ་ལས”སྒྲ་མཆེད་པའི་མྱུར་ཚད་ཇི་ལྟར་ཡིན་མིན་དྲིས་པས། དྲི་བ་འདིའི་ལན་འདེབས་པའི་ཐོབ་ཐང་ཆེ་ཤོས་ཨིན་སི་ཐེན་ཡིན་ཡང་། ཁོང་གིས། ངས་དྲི་བ་འདིའི་ལན་སེམས་ལ་འཛིན་དགོས་དོན་མེད། རྒྱུ་མཚན་ནི་དེབ་ནང་ནས་འཚོལ་ཐུབ་ཅེས་ཟེར་བ་དང་སྦྲགས། ཁོང་གིས་ལེགས་བཤད་དེ་འདྲ་ཞིག་གསུངས་མྱོང་སྟེ། “སློབ་ཆེན་སློབ་གསོའི་རིན་ཐང་ནི་རིག་ཚན་མང་པོ་ཞིག་སྦྱོང་བ་ཙམ་མིན་པར། བསམ་གཞིག་གི་ནུས་པ་མཐོ་རུ་གཏོང་ཆེད་སློབ་སྦྱོང་བྱེད་དགོས”ཞེས་བཤད་ལ། ཁོང་གི་དགོངས་དོན་གཙོ་བོ་ནི་སློབ་གསོའི་ཁྲོད་བསམ་གཞིག་གི་ནུས་པ་གོང་མཐོར་གཏོང་རྒྱུ་ནི་ཡོན་ཏན་ཀུན་གྱི་རྩ་བར་འདོད་པ་དེ་ཡིན།
སྐད་ཆ་དེ་ལ་དེང་གི་ཆར་ཡང་རིན་ཐང་ཧ་ཅང་ཆེ་སྟེ། དེང་སང་སློབ་ཆེན་གྱི་སློབ་མ་རྣམས་དྲ་རྒྱའི་མ་ལག་འདྲ་མིན་ལ་སྐྱབས་བཅོལ་དང་རེ་སྙེག་འབའ་ཞིག་བྱེད་པའི་ནད་ཡམས་ཤིག་ཚང་མར་འགོ་བཞིན་པ་ནི། མཛུབ་མོ་འགུལ་ཐེངས་གཅིག་ལ་ཆ་འཕྲིན་མང་པོ་ཞིག་མཐོང་ཐུབ་ཀྱི་ཡོད། ཡིན་ཀྱང་དེ་དང་ཆ་འཕྲིན་ཤེས་བྱའི་དབར་མཚུངས་རྟགས་འགོད་མི་ཆོག་ལ། དེ་བས་ཤེས་བྱ་དང་ཤེས་རབ་དབར་ལ་མཚུངས་རྟགས་འཐེན་མི་རུང་།--འདིའི་ཁྱད་པར་གཙོ་བོ་ཡང་བསམ་གཞིག་བྱས་མ་བྱས་ལ་རགས་ལས་ཡོད་དེ། དེང་གི་ཆར། བསམ་གཞིག་གི་རྟོགས་པ་མཐོ་རུ་གཏོང་རྒྱུར་ཆ་འཕྲིན་དང་ཤེས་བྱ་གང་གིས་ཀྱང་འགྲན་ག་ལ་ཐུབ། བསམ་གཞིག་ནི་ཤེས་བྱ་ལས་ལྷག་པའི་རྒྱུ་མཚན་གཞན་ཞིག་སྟེ། མ་འོངས་སློབ་མ་ཚོའི་མི་ཚེའི་ཆ་ཤས་ཕྱེད་ཙམ་ཞིག་ནི་དངོས་གཞིའི་ཆེད་ལས་མ་ཡིན་པར་བསམ་གཞིག་གི་ནུས་པ་ཡིན། དེར་བརྟེན་བསམ་གཞིག་གི་སྒོ་མོ་ཡངས་པོ་ཞིག་ཡོད་ཚེ།--ཆེད་ལས་ཀྱི་ཁ་ཕྱོགས་ལ་ཡང་འགྱུར་བ་གཏོང་བའི་ཕན་ཐོག་ཆེན་པོ་ལྡན་ཡོད།
གསུམ་པ་ནི་མིང་ཚིག་གོ་དོན་གསལ་རྟོགས་ཞེས་པ་རེད། གོ་དོན་གསལ་རྟོགས་བྱེད་པར་འཇོན་པོ་དགོས། 2011ལོའི་དབྱར་གསེང་ལ་ངས་ཁྱིམ་མཚེས་ཆིང་ཧྭ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ཧོ་ཀྲའོ་ཝུའུ་སར་བཅར་བ་ཡིན། སྐུ་ཞབས་ཧོ་ཀྲའོ་ཝུའུ་ནི་དེ་སྔོན་གྱི་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་ནས་དངོས་གཞིའི་སློབ་གྲྭ་ཐོན་ཞིང་། ཆིང་ཧྭ་སློབ་ཆེན་དུ་ཞིབ་འཇུག་སློབ་མའི་དམ་བཅའ་བཞག ཁོང་གིས་ཨར་ལས་དང་ལོ་རྒྱུས། དེ་བཞིན་རྒྱ་ཡིག་དང་ཕྱི་རྒྱལ་ཡི་གེ་བཅས་ཀྱི་རིག་ཚན་བཞི་བཏོན་མྱོང་ཡོད་ཅིང་། དེ་ནས་ཆིང་ཧྭ་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་དགེ་རྒན་བྱས་ནས། ད་ལོ་དགུང་གྲངས་གོ་གཅིག་ལ་ཕེབས་ཡོད། ལོ་འགའི་སྔོན་ལ་ཁོང་གི《སློབ་གྲྭ་འགྲིམ་པའི་ཟིན་》ཞེས་པའི་དེབ་དེར་སློབ་མ་ཚོའི་དགའ་བསུ་ཆེན་པོ་ཐོབ། ངས་ཁོང་ལ་གང་འདྲ་ཞིག་ལ་ཆིང་ཧྭའི་ཉམས་འགྱུར་ཟེར་ཞེས་དྲིས་པར། སྐུ་ཞབས་ཁོང་གིས་གོ་དོན་གསལ་རྟོགས་གསུམ་ནི་ཀྲུང་ཕྱིའི་གོ་དོན་གསལ་རྟོགས། གནའ་དེང་གི་གོ་དོན་གསལ་རྟོགས། རིག་གནས་དང་རང་བྱུང་ཚན་རིག་གི་གོ་དོན་གསལ་རྟོགས་བཅས་རེད་ཅེས་ལན་བཏབ་བྱུང་།
གོ་དོན་གསལ་རྟོགས་ཞེས་པ་ནི་བསྟན་བྱའམ་མཚོན་བྱའི་ནང་དོན་ལ་གོ་བ་གསལ་པོ་ལོན་པར་བརྗོད་དེ།--ཝང་གོ་དབུའི་ཡིས“རིག་གཞུང་ལ་གསར་རྙིང་དང་། ཕྱི་ནང་། སྤྱོད་སྒོ་ཡོད་མེད་བཅས་ཀྱི་དབྱེ་བ་མེད”ཅེས་གསུངས་མྱོང་བ་དེ་གོ་དོན་གསལ་རྟོགས་ལ་དམིགས་པ་ཞིག་རེད།--རིག་གཞུང་ཚན་རིག་དང་རང་བྱུང་ཚན་རིག་ཚན་ཁག་ལ་གོ་དོན་གསལ་རྟོགས་ཡོང་རྒྱུར་མཐོང་ཆེན་བྱེད་དགོས་ལ། བཟོ་བསྐྲུན་ཚན་ཁག་ལའང་དེ་ལྟར་ལགས། ཧ་ཅང་གལ་ཆེ་བའི་དཔེ་གཞི་ཞིག་ནི་ཀུ་ཤུ་ལན་པར་ཀུང་སི་གསར་འཛུགས་བྱེད་མཁན་ཆའོ་པུའུ་སི་རེད། གསར་གཏོད་མཁས་དབང་ཆའོ་པུའུ་སི་ལ་མི་གཞན་དང་མི་འདྲ་བ་ཅི་ཡོད་ཅེ་ན《ཆའོ་པུའུ་སིའི་རྣམ་ཐར》གྱི་རྩོམ་པ་པོ་ཨའེ་ས་ཁེ་སེན་གྱིས་གསུངས་དོན། དེ་ནི་ཆའོ་པུའུ་སི་ཁོང་“རང་བྱུང་ཚན་རིག་དང་མི་གཤིས་རིག་པའི་མཚམས་སུ་ཞིབ་འཇུག་ལ་ཞུགས་པས་རེད”ཅེས་པའང་གོ་དོན་གསལ་རྟོགས་བྱེད་པ་དང་འབྲེལ་བ་ཡོད།
(རྩོམ་པ་པོ་ནི་ཆིང་ཧྭ་སློབ་གྲྭ་ཆེན་མོའི་དཔལ་འབྱོར་དོ་དམ་སློབ་གླིང་གི་ཡོན་ཀྲང་ཡིན)
ཆོས་དབྱིངས་ལྷུན་གྲུབ་ཀྱིས་བསྒྱུར།