བོད་བྱང་ཐང་གི་རྟ་རྒྱུག་། —ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་འབྲི་ཆུའི་ཆུ་འགོའི་སྐུ་ལྷ་དར་མདུང་གི་ཡུལ་སྐོར་རྟ་རྒྱུག་རིག་གནས་དུས་ཆེན་གྱི་མཐོང་ཐོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        དབྱར་གྱི་ཉམས་བཟང་ལྡན་པའི་བྱང་ཐང་ནི། རི་ཀླུང་ཐམས་ཅད་རྩྭ་སྔོན་གོས་གསར་བཀླུབས་སྟེ་སྔོ་ལྗང་གི་ཞིང་ཁམས་ཤིག་སྐྱེ་བོའི་འདྲེན་བྱེད་ལམ་དུ་འཆར་བཞིན་འདུག ལོ་གཉིས་དུས་རེ་འཛོམས་པའི་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་སྐབས་རིམ་བྱུང་གི་འབྲི་ཆུའི་ཆུ་འགོའི་སྐུ་ལྷ་དར་མདུང་གི་ཡུལ་སྐོར་རྟ་རྒྱུག་རིག་གནས་ཀྱི་དུས་ཆེན་འདི་ཉིད་ཨ་མདོ་རྫོང་གི་བྲག་ནག་གྲོང་རྡལ་གྱི་ཐང་མདོ་ཞེས་པའི་སྤང་གཤོངས་སུ་འཚོགས་ཤིང་། དབྱར་ཟླ་འབྲིང་པོའི་དུས་ཀྱི་བྱང་ཐང་གི་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་སྣང་སྟེ། ས་གཞི་པད་མ་འདབ་རྒྱས་སྦྲང་ཆར་བསིལ་མས་བརླན་ཏེ་རི་ཀླུང་ཐམས་ཅད་སྔོ་ཐིང་ངེར་གྱུར་པ་དང་། རྩྭ་ཐང་སྟེང་དུ་མེ་ཏོག་སྣ་ཚོགས་སྡུག་གུར་བཞད་ནས་དྲི་ཞིམ་སྣ་ལ་འཐུལ་བ། སྔོ་བསངས་ནམ་མཁའ་དྭངས་ཤིང་སྤྲིན་དཀར་སྲབ་པ། རྩྭ་ཆུ་བཟང་བས་ནོར་ལུག་ཤེད་མ་རྒྱས་ཤིང་དཀར་ཆུ་འོ་མའི་རྒྱ་མཚོ་འཁྱིལ། རང་ལྗོངས་ས་གནས་ཁག་གི་ལས་བྱེད་པ་དང་། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོ། ཞིང་འབྲོག་མང་ཚོགས། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ལྟ་སྐོར་ཚོགས་པ་སོགས་སྔ་རྗེས་སུ་རྟ་རྒྱུག་དུས་ཆེན་གཏོང་བར་ཞུགས་པ་དང་། ལྷག་པར་དུ་ཨ་མདོ་རྫོང་གི་འབྲོག་པ་མང་ཚོགས་རྣམས་རྟ་རྒྱུག་ལ་དམིགས་ཏེ་ཐག་རིང་ནས་རླངས་འཁོར་ལ་ཞུགས་པ་དང་། གཡག་ལ་མལ་གུར་ཐབ་ཆས་ཟས་རིགས་བཀལ་ཏེ་གཅིག་མཇུག་གཉིས་མཐུད་དུ་སྤང་ལྗོངས་ཀྱི་སྟེང་དུ་འཛོམས་པས། རེ་ཞིག་འཁོར་རིགས་དང་སྦྲ་གུར་མི་ཚོགས་ཀྱིས་སྤང་ལྗོངས་ཡོངས་སུ་ཁེངས་ཏེ་གུ་དོག་པའི་གནས་སུ་གྱུར། རྟ་རྒྱུག་དངོས་གཞིའི་འགྲན་བསྡུར་ཉིན་བདུན་ཡིན་པ་དང་། རྟ་རྒྱུག་གི་ལོ་རྒྱུས་རིང་བ་དང་ནང་དོན་ཕུན་སུམ་ཚོགས་པ། གྲ་རྒྱས་པ་དང་བཀོད་པ་ལེགས་པ། གོ་རིམ་ལྡན་ལ་ཆ་ཚང་སོགས་དམིགས་བསལ་ཁྱད་ཆོས་ལྡན་ཞིང་། ཉིན་རེར་གཟིགས་འབུལ་ལེ་ཚན་མི་འདྲ་བ་རེ་གཟིགས་མོ་བའི་སྤྱན་ལམ་དུ་གསོལ་བ་དེའང་རྒྱུག་ཆེན་དང་། རྒྱུག་ཆུང་། ཞབས་འཕེན། ཡོབ་སྟོབས། འགྲོས་བསྡུར་བཅས་རྣམ་གྲངས་ལེ་ཚན་ཆེ་བ་ལྔ་དང་། དེ་མིན་རྒོད་རྒྱུག་དང་། ཅོ་རྒྱུག སྣ་རྒྱུག་སོགས་ཁག་ཅིག་ཡོད་པ་གཟིགས་འབུལ་ཞུ་རྒྱུ་ཡོད་པ་དེ་དག་ཚང་མ་སྲོལ་རྒྱུན་རྟ་རྒྱུག་རིག་གནས་སྒྱུ་རྩལ་ཁོངས་སུ་གཏོགས་པ་ཤ་སྟག་ཡིན་གཤིས། དེ་དག་ལ་རང་སོའི་ཐུན་མིན་གྱི་ཁྱད་ཆོས་མི་འདྲ་བ་རེ་ལྡན་ནས་རྟ་རྩལ་གྱི་ཉམས་ཕུན་སུམ་ཚོགས་པ་དང་སྒྱུ་རྩལ་ཕུལ་བྱུང་ཡང་རྩེར་སོན་པ། ཉམས་མྱོང་ཕུན་སུམ་ཚོགས་པ། མི་རྟ་གཉིས་ཀྱི་ཆ་ལུག་ཉམས་མཚར་དོད་ལ་བཀོད་པ་གཙང་བ། སྣང་བར་སྤྲོ་ཞིང་ཡིད་ལ་འཐད་པ་སོགས་ལྗོངས་ཕྱི་ནང་གི་སྐུ་མགྲོན་ཡུལ་སྐོར་བ་དང་མང་ཚོགས་ལ་བྱེད་པ་ཁག་ཡུལ་མི་འབྲོག་པ་རྣམས་ཀྱིས་ཤིན་ཏུ་དགའ་ཞིང་ལྟ་འདོད་ཤུགས་ཆེ་བ་མ་ཟད། ལོ་རྒྱུས་དང་རིག་གནས་ཞིབ་འཇུག་འཕེལ་རྒྱས་གཏོང་བའི་ཐད་ལའང་རྩ་ཆེའི་རིན་ཐང་དཔག་ཏུ་མེད་པ་ལྡན་ཡོད། བོད་བྱང་ཐང་གི་སྲོལ་རྒྱུན་རྟ་རྒྱུག་གི་རིག་གནས་དེར་དབུས་གཙང་སོགས་ཀྱི་ཡུལ་ལུང་ཁག་གི་རྟ་རྒྱུག་དང་མིང་མི་འདྲ་བ་ཁག་ཅིག་འདུག་སྟེ། རྒྱུག་པོ་དང་། རྒྱུག་རྟ། རྒྱུག་འགོ། རྒྱུག་མཐའ། རྒྱུག་ཆེན་དང་། རྒྱུག་ཆུང་ཟེར་བ་སོགས་ཡིན་ཏེ། དེ་ལ་རྒྱུག་པོ་ཟེར་བ་ནི་རྟ་རྒྱུག་གཏོང་མཁན་མི་དེ་ལ་ཟེར་ཞིང་། དབུས་གཙང་ཁུལ་དུ་རྟ་པ་ཟེར་བ་དེ་རེད། རྒྱུག་རྟ་ནི་རྒྱུག་ནས་འགྲོ་བའི་རྟ་དེའི་མིང་ཡིན་ཞིང་། རང་རེས་བཞོན་རྟ་ཞེས་པ་དེ་རེད། རྒྱུག་འགོ་ཞེས་པ་ནི་རྟ་ཐོག་མ་རྒྱུག་ཡོང་སའི་ས་འགོ་དེར་ཟེར་ཞིང་། དེ་ལ་དབུས་གཙང་གིས་རྒྱུག་སྣེ་ཟེར་བ་དང་། རྒྱུག་མཐའ་ཞེས་པ་ནི་རྟ་རྒྱུག་བཏང་ནས་མཐར་སླེབས་པའི་ས་དེར་ཟེར་ཞིང་། དེ་ལ་རྒྱུག་གཞུག་ཅེས་འབོད། གཞན་ཡང་རྒྱུག་ཆེན་ཞེས་པ་ནི་རྟ་ལམ་རིང་ཚད་ཇི་བཞིན་ཆ་ཚང་རྒྱུག་པར་ཟེར་བ་དང་། རྒྱུག་ཆུང་ནི་རྟ་ལམ་རིང་ཚད་ཕྱེད་ཀ་ནས་རྒྱུག་པར་ཟེར་ཞིང་། དེ་ནི་ལུས་རྩལ་ནང་གི་རྒྱ་ཡིག་མིང་ཚིག“跑 短炮” ཞེས་པ་ཐད་སྒྱུར་བྱས་ཏེ་བོད་ཡིག་ཏུ་རིང་རྒྱུག་དང་། ཐུང་རྒྱུག་ཟེར་བ་དེ་ཡིན་ནམ་སྙམ་ཞིང་། དོན་ལ་ཁྱད་པར་དེ་ཙམ་མེད་རུང་། འབྲོག་ཁུལ་གྱི་རྟ་རྒྱུག་མིང་ཚིག་རྒྱུག་ཆེན་དང་། རྒྱུག་ཐུང་ཟེར་བ་གནའ་སྔ་མོ་ནས་གྲགས་པའི་ཐ་སྙད་ཅིག་ཡིན་པས་ཤིན་ཏུ་ཁུངས་བཙན་ཞིང་།--ཞིབ་འཇུག་གི་རིན་ཐང་ལྡན་པས་འདིར་ཆེད་མངགས་གསལ་བཤད་ཞུ་བ་ལགས། དེ་ནི་ཉིན་དང་པོའི་རྟ་རྒྱུག་ལེ་ཚན་རྒྱུག་ཆེན་ཞེས་པ་དེའང་ཨ་མདོ་རྫོང་གི་གྲོང་རྡལ་བཞི་དང་། ཤང་དགུའི་ཁྲོད་ནས་རྟ་རྒྱུག་འགྲན་བསྡུར་ནང་ཐེངས་མང་ཞུགས་ཏེ་གྲུབ་འབྲས་གཟེངས་བསྟོད་ཐོབ་པའི་རྒྱུག་པོ་དང་རྒྱུག་རྟ་ཆ་སྒྲིག་ཉིས་བརྒྱ་བཞི་བཅུ་ལྷག་ཙམ་ཞིག་ལུས་ལ་རྟ་རྒྱུག་པའི་མཆོར་གོས་ལེགས་པར་བཀླུབས་ཏེ་སྤྲོ་སེམས་དང་ངར་ཤུགས་གཉིས་ལྡན་ཐོག་ནས་ཐང་མདོ་ཞེས་པའི་རྒྱུག་མཐའ་དེར་འདུས་སོང་། སྔོ་ཐིང་ཐིང་གི་སྤང་གཤོངས་ངོས་སུ་ཡུན་རིང་རྟ་རྒྱུག་བཏང་བའི་ཤུལ་ལམ་སྐྱ་རིས་མཛུབ་མོས་བྲིས་པ་ལྟར་གསལ་ལེར་མཐོང་བ་དེ་ལས་དེར་རྟ་རྒྱུག་གི་སྲོལ་ཞིག་ཡོད་པ་ཤེས་ཐུབ།

        རྟ་རྒྱུག་པོ་རྣམས་ནི་ལོ་ན་ཕྲ་ཞིང་སྤྱང་གྲུང་ལྡན་པའི་ལོ་ཆུང་ཤ་སྟག་རེད་འདུག རྒྱུག་པོ་རྣམས་ཀྱི་ལུས་ལ་རྟ་རྒྱུག“ལུས་རྩལ”གོས་གྱོན་ཡོད་པ་དང་། སྒལ་རྒྱབ་ཏུ་ཡང་རྟགས་རེ་བཀོད་ཡོད་པ། རྒྱུག་པོའི་ཞྭ་མོ་སྤོ་ཙོག་གི་རྩེ་མོར་བྱ་ཐང་དཀར་རྒོད་པོའི་སྒྲོ་རེ་བཏགས་འདུག དེ་ནི་གླིང་གེ་སར་རྒྱལ་པོའི་དམག་གི་ཆ་ལུགས་ཡིན་ཞེས་བརྗོད་པ་དང་། རྒྱུག་རྟའི་ཐོད་པའི་རྩེ་མོར་ཡང་ཐང་དཀར་རྒོད་པོའི་སྒྲོ་ཞིག་བཏགས་པ་དེར་ཐོར་ཅོག་ཟེར་གྱི་འདུག དེ་ཡང་གེ་སར་གཡུལ་འགྱེད་དམག་རྟའི་ཆ་ལུགས་ཡིན་ཞེས་ཟེར། འདི་ལས་སྲོལ་རྒྱུན་གྱི་རྟ་རྒྱུག་རིག་གནས་ནི་གླིང་གེ་སར་རྒྱལ་པོའི་རྟ་དམག་གཡུལ་འགྱེད་ལས་འཕྲོས་པ་ཞིག་མིན་ནམ་སྙམ། རྒྱུག་པོ་ལོ་ཆུང་དེ་དག་གིས་རྟ་ལ་སྒ་མི་རྒྱག་པར་རྟ་སྟེང་གི་ཤ་གདན་ཐོག་བཞོན་ཞིང་། ལག་པས་རྟའི་གློ་ཐག་དམ་པོར་འཇུས་ཏེ་སྲབ་མདའ་ལ་བརྟེན་ནས་རྒྱུག་རྟ་ཁ་ལོ་འགྱུར་བ་དང་ལྕག་གིས་བསྐུལ། གལ་ཏེ་རྟ་རྩལ་ལ་བྱང་ཞིང་སྒྱུ་རྩལ་གྱི་ཁོ་ལག་ཡངས་པོར་གྲོལ་བ་ཞིག་མེད་ན་རྟ་སྟེང་ནས་ལྷུང་བའི་ཉེན་ཁ་ཤིན་ཏུ་ཆེ། དེ་ལྟར་མ་ཡིན་པར་རྒྱུག་པོ་ལོ་ཆུང་དེ་དག་ནི་བལྟས་པ་ཙམ་གྱིས་སྤྱང་གྲུང་དོད་ལ་སེམས་ཤུགས་ཆེ་བ་དང་། ངར་ཤ་དོད་ལ་རྟ་རྩལ་གྱི་ཉམས་དགའ་བ། ཁོ་ཚོའི་རྣམ་པར་རྒྱས་པའི་བཞིན་མདངས་རྣམ་འགྱུར་ལས་འགྲན་བསྡུར་ནང་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་པའི་གདེང་ཚོད་དང་ལྡན་ལ། རྒྱུག་རྟ་ངར་མ་དེ་དག་ཀྱང་ན་སོ་གཞོན་ལ་ཤ་ཤེད་རྒྱས་པ། བདེ་ཅག་འཁྱུག་པ་མཐོང་བ་ཙམ་གྱིས་བང་རྩལ་འགྲན་ཟླ་བྲལ་ཞིག་ཏུ་སྣང་། རྒྱུག་རྟའི་མཇུག་མ་དར་ཚོན་གྱིས་སྒྲིལ་ཞིང་བཏུམས་ཡོད་པ་དང་། རྨ་བྱའི་སྒྲོས་རྟའི་ཐོར་གཙུག་བརྒྱན་ཞིང་། གོམ་འགྲོས་དང་བསྟུན་ནས་བཅུ་དྲུག་ལིང་ཞར་གྱི་སྒྲ་ཡང་སིལ་སིལ་གྲགས། ཁ་ལོ་གཅུན་པར་དཀའ་བའི་རྒྱུག་རྟ་ངར་མ་མ་དུལ་བ་དེ་དག་ཕོ་གཞོན་གཉིས་ཀྱིས་གཡས་སྐྱོར་གཡོན་སྐྱོར་བྱེད་པ་དང་། དེ་ཁར་རྒྱུག་པོ་བཞོན་ཏེ་རྒྱུག་མཐའ་ཐང་མདོར་འཁྲིད་འོང་བ་དེ་ནི་ཆོས་སྐྱོང་སྲུང་མའི་ཆིབ་རྟ་གདན་དྲངས་པ་ལྟར་རྔམས་བརྗིད་ཆེ་བས་དཔའ་རྟའི་ཉམས་དང་ལྡན་པ་ཞིག་ཏུ་སྣང་། རྟ་པ་རྣམས་རྟ་རགས་བསྒྲིགས་ཏེ་རྒྱུག་མཐའ་ཐང་མདོར་ཕུང་གི་མཎྜལ་ཆེན་པོ་ཞིག་ཡོད་པ་དེར་ཡུལ་སྲོལ་གོམས་གཤིས་ལྟར་དེར་སྐོར་བ་ལན་གསུམ་བརྒྱབ་སྟེ་སངས་སྐོར་རྒྱག་པ་དང་། སྨོན་ལམ་འདེབས་པ། མི་རྟ་གཉིས་ལ་འཁྲུས་གསོལ་དང་བཀྲིས་ཕྱེ་མར་གསོལ་ཞིང་། ཡུལ་མི་རྣམས་དང་སྤུན་མཆེད་ཚོས་རྟེན་འབྲེལ་མཚོན་བྱེད་ཀྱི་དཀར་གཙང་ཁ་བཏགས་སྒྲོན་པ་དང་ཆབས་ཅིག་གནས་དེ་ནས་ཁ་བྲལ་ཏེ་རྒྱུག་འགོ་སངས་མཁར་སྒང་གི་ཕྱོགས་སུ་ཁ་ལྷོ་གཏད་ཀྱིས་རྟ་རགས་བསྒྲིགས་ཏེ་བསྐྱོད་པས་ཤིན་ཏུ་ཉམས་བཟང་ལྡན་ལ། སྐལ་པ་བཟང་བ། བཀྲ་ཤིས་ཡར་ཐོན་གྱི་རྣམ་པ་ཞིག་མངོན་པ་སྟེ། འདི་ལོར་སླར་ཡང་འབྲོག་ལས་ཐོན་འཕར་བྱུང་བ་དང་། དམངས་འཚོ་གོང་དུ་འཕེལ་བ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པའི་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཀྱང་རེད་འདུག་ལ། མ་འོངས་པའི་ནང་ཆར་ཆུ་དུས་སུ་བབས་པ་དང་། ལོ་ཕྱུགས་རྟག་ཏུ་འཕེལ་བའི་བཀྲ་ཤིས་རྟེན་འབྲེལ་མཚོན་པ་རེད་འདུག

        དུས་རེ་ཞིག་སོང་མཚམས་རྡུལ་རླུང་ནམ་མཁའ་འགེངས་པའི་ཁྲོད་ནས་གླིང་རྗེ་གེ་སར་རྒྱལ་པོའི་རྟ་དམག་གཡུལ་དུ་འཇུག་པ་ལྟར་རྟ་རྒྱུག་གི་ལྟད་མོ་སྟོན་འགོ་འཚུགས། རྟ་པ་རྣམས་ཐག་ཇེ་ཉེར་སླེབས་སྐབས་སྐར་མདའ་འཕེན་པ་ལྟར་རྒྱུག་འོང་བ་ནི་ངར་ཤུགས་ཆེ་ལ་ཛ་དྲག་པ་ཞིག་འདུག ལོ་ཆུང་རྟ་པ་རྣམས་ཀྱིས་རྟ་ཐོག་ནས་རྩལ་སྣ་ཚོགས་ངོམས་པས། ཡིད་སྤྲོ་ཞིང་མིག་གི་ལོངས་སྤྱོད་འཕེལ་བ་དང་། ལྟད་མོ་བ་ཚོའི་ཐལ་མོའི་རྡེབ་སྒྲ་ཆད་མེད་དུ་གྲགས།

རྟ་རྒྱུག་སྤྱན་གཟིགས་མི་དཔུང་ནགས་འདབ་གཡོ། རྟ་རྒྱུག་ངར་སློང་ཀི་སྒྲས་ནམ་མཁའ་འགེངས། རྟ་རྒྱུག་རྩལ་གླེང་ཅ་ཅོས་དོ་རྭ་ཁེངས། རྟ་རྒྱུག་བཟང་འབྲས་ཐོབ་པ་ཀུན་གྱིས་བསྟོད།

        རྟ་ལ་རྒྱུག་རྒྱུ་ཡོད་ན་བྱང་ཐང་སྟོང་པ་ཡིན། ཞེས་པའི་དཔེ་ལྟར་རྒྱུག་རྟ་རྣམས་གཅིག་ལ་གཅིག་འགྲན་གྱིས་རྟ་རྒྱུག་ཐང་ལ་དབུག་ཐེངས་གཅིག་གིས་རྒྱུག་འགྲན་གཏོང་ཞིང་། རྒྱུག་རྟ་ལ་ལ་རྒྱུག་དྲག་ནས་དབུག་ཐག་ཆད་དེ་རྗེས་སུ་ལུས་པ་དང་། ལ་ལ་བང་ཁ་ཐལ་དྲགས་ཏེ་ཁ་སུག་ལོག་པ། ཡང་རྟ་འགའ་རེ་ཁ་ཤོར་ཏེ་གང་སར་རྒྱུག་པ། རེས་འགའ་ཁ་ལོ་མི་ཆུན་པར་སྐོར་བ་རྒྱག་པ། ལ་ལས་རྒྱུག་པོ་ས་སྟེང་དུ་གཡུགས་ནས་བྲོས་འགྲོ་བ་སོགས་སྣང་ཚུལ་སྣ་ཚོགས་བྱུང་སོང་།

        རྟས་མིའི་བཀའ་བཀོད་ལ་བརྟེན་ནས་ཤེད་ཤུགས་ཡོད་རྒུས་རྟ་ལམ་གཞུང་རྟར་དྲངས་ནས་ཐད་ཞུགས་ཀྱིས་མདུན་ནས་མདུན་དུ་རྒྱུན་མཐུད་དབུགས་ཐག་རིང་པོས་རྒྱུག་འགྲོ་བཞིན། མིས་རྟའི་རྩོལ་བར་བརྟེན་ནས་བློ་རྩེ་གཅིག་འགྲིམ་གྱིས་མདུན་ཕྱོགས་ལ་རྒྱང་ལྟ་བྱེད་བཞིན་རྒྱལ་ཐོབ་བརྩོན་ལེན་བྱེད། མི་རྟ་ཁྱི་གསུམ་རྣམ་ཤེས་གཅིག་ཅེས་པའི་འཇིག་རྟེན་གཏམ་དཔེ་གྲགས་པ་ལྟར། རྟ་ལ་སྨྲ་ཤེས་དོན་གོ་བའི་རིག་པ་མེད་ཀྱང་། རྟའི་རྣམ་ཤེས་མི་དང་འདྲ་ཞིང་། མི་དང་སེམས་མཐུན་ནུས་སྒྲིལ་གྱི་ཐོག་ནས་ཐེངས་འདིའི་འགྲན་བསྡུར་ནང་གཟེངས་སུ་ཐོན་པའི་གྲུབ་འབྲས་བརྩོན་ལེན་བྱེད་པ་དེ་ལས་མི་དང་སྲོག་ཆགས་གཞན་དབར་འབྲེལ་འདྲིས་དམ་ཟབ་ཡོད་པ་དང་། ཕན་ཚུན་བརྩེ་སེམས་གཅིག་ཏུ་འབྲེལ་ཞིང་འཆམ་མཐུན་མཉམ་གནས་བྱེད་པའི་རྣམ་པ་བཟང་པོ་ཞིག་འཆར།

        དེ་ལྟར་རྟ་ལམ་རིང་པོའི་དཀྱུས་སུ་རྒྱུག་རྟའི་ཤེད་ཤུགས་དབུགས་ཐག་རིང་ཐུང་དང་། རྒྱུག་པོའི་བདེ་རྩལ་ལེགས་ཞན་དབང་གིས་བཟང་ཞན་གྱི་དབྱེ་བ་རིམ་བཞིན་ཆོད་ནས་བར་ཐག་ཇི་རིང་དུ་སོང་བ་དང་། རྒྱུན་མཐུད་མཐར་སོན་གྱི་རྒྱུག་པ་རྣམས་ཐང་མདོའི་ས་མཚམས་སུ་བཅར་ཞིང་། ཡང་ཐོབ་དང་གཉིས་ཀྱི་རྒྱུག་འགྲན་ཤན་འབྱེད་ཀྱི་དུས་ལ་སྙེགས་པའི་མཚམས་འདིར་དེར་གནས་ལྟད་མོ་རྣམས་ཀྱིས་ངར་སློང་གི་ཀི་སྒྲ་སྒྲོག་པ་དང་། དགའ་འབོད་ཀྱི་འུར་སྒྲ་སྒྲོག་པ། དགའ་བསུའི་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་ཤིང་། བཀྲ་ཤིས་སྔུན་བསུའི་དཀར་གཙང་ཁ་བཏགས་ནམ་མཁར་འཕྱར་ཏེ་རྟེན་འབྲེལ་གྱི་སྔ་བལྟས་བཟང་པོ་མཚོན་པར་བྱེད་པ་ནི་ལྟད་མོ་ཆེ་ལ་འཁྲུག་ཆ་དོད་པ། མི་སེམས་རབ་ཏུ་འགུལ་ཞིང་གཡོ་འགུལ་ཚད་མེད་ཐེབས་བཞིན་ཡོད།

        ཤ་བའི་འཕག་མཆོང་གི་གོམ་ཞེང་ཆེན་པོས་ཐག་འདོམ་འཇལ་བ་ལྟར་རྒྱུག་ནས་རྒྱུག་མཐའ་ཐང་མདོ་ཞེས་པ་དེར་འབྱོར་སྐབས་རྟ་བཟང་གསེར་བྱ་ངང་པ་དེར་ཨང་དང་པོ་ཐོབ་ཅིང་། དེ་ནི་ལོ་ཤས་རྟ་རྒྱུག་འགྲན་བསྡུར་ཁག་ནང་ཞུགས་ཏེ་ཨང་དང་པོ་ལེན་མྱོང་བའི་རྟ་གསར་དེ་ཡིན། དེར་རིག་གནས་ཚན་པའི་འགོ་ཁྲིད་དང་། ཤང་དང་གྲོང་ཚོའི་འགོ་ཁྲིད། མང་ཚོགས་དང་། རྒྱུག་པོའི་གཉེན་ཉེ་ལ་སོགས་པས་གྲུབ་འབྲས་གཟེངས་བསྟོད་ཀྱི་བཀྲ་ཤིས་ཕྱེ་མར་དང་། མགུལ་དར་སྒྲོན་པ། དྲན་རྟེན་གྱི་པར་རྒྱག་པ། མི་རྟ་གཉིས་ཀྱི་རྩོལ་ནུས་ལ་བསྟོད་པའི་དགའ་ཅི་དགར་མོལ་བ་སོགས་ཀྱི་དགའ་སྤྲོའི་རྣམ་པས་ཁེངས། རྒྱུག་རྟའི་སྦྱིན་བདག་ཕ་རྒན་ཞིག་གིས་དགའ་སྤྲོའི་འཛུམ་མདངས་སྟོན་བཞིན་གསེར་བྱ་ངང་པ་དེར་བྱིལ་བྱིལ་བྱས་ཏེ། རྟ་བཟང་རླུང་གི་གཤོག་པ། མི་བཟང་ཐང་གི་ལེགས་བྲིས། རླུང་གི་རྟ་ལ་བཞོན་ནས། ཐང་མདོའི་མཚམས་ལ་སྙེགས་བྱུང་། ཞེས་བསྔགས་བརྗོད་ཀྱི་མེ་ཏོག་ཕྱོགས་བཞིར་གཏོར་ཏེ་དགའ་སེམས་མཚོན་པར་བྱེད་པ་དང་། དེ་ནས་ཡང་ལག་ཏུ་རྣམ་དཀར་སེམས་ཀྱི་མཚོན་བྱེད་ཁ་བཏགས་དཀར་གཙང་ཞིག་བཟུང་སྟེ། དེ་རིང་གནམ་ལ་སྐར་མ་བཟང་། དེ་རིང་ས་ལ་དཀར་ཆུ་འཕེལ། རྒྱུག་རྟ་ཐང་ལ་རྒྱུག་པ་བཟང་། རྒྱུག་པོ་གཟེངས་སུ་ཐོན་པ་ལེགས། ཟེར་བ་ལྟར་བྱས་ཏེ་རྒྱུག་པ་ལོ་ཆུང་དོན་གྲུབ་ཀྱི་སྐེ་ལ་བཀྲ་ཤིས་རྟེན་འབྲེལ་གྱི་མགུལ་དར་སྒྲོན། རྟ་མི་དང་རྟའི་སྦྱིན་བདག་བཅས་པ་དྲན་རྟེན་གྱི་སྐུ་པར་སྒྲོན་པས་ཚོགས་རྭ་ཐམས་ཅད་དགའ་སྤྲོའི་རྣམ་པས་ཁེངས་ནས་རེ་ཞིག་ཟང་ཟིང་དང་། འཁྲུགས་ཆ་ཆེ་བར་འགྱུར། གསོན་ཉམས་ལྡན་པ། དགའ་སྐྱིད་དཔལ་ལ་རོལ་བ་ཞིག་ཏུ་གྱུར། ཚོགས་ར་དེ་རང་དུ་འབྲོག་པ་ཕྱུག་པོ་ཞིག་གིས་ཨང་དང་པོ་ལེན་མཁན་གྱི་རྒྱུག་རྟ་དེར་སྒོར་ཁྲི་བཅུ་སྤྲད་འོང་། འདི་ང་ལ་འཚོང་རོགས་ཟེར་ཡང་འཚོང་མེད། དེ་ལས་འབྲོག་པ་ཚོས་རྟ་ལ་དང་ཞེན་བྱེད་པ་དང་། རྟ་རྒྱུག་ལ་དགའ་ཞེན་བྱེད་པ་ནི་བོད་བྱང་ཐང་འབྲོག་པ་ཚོའི་ཐུན་མོང་མིན་པའི་བསམ་པའི་མཚོན་ཚུལ་ཞིག་རེད་འདུག ཉིན་དང་པོའི་རྟ་རྒྱུག་རྣམ་གྲངས་ཁག་ཚར་རྗེས་འབྲེལ་ཡོད་གོང་རིམ་ནས་རིམ་པ་ལྟར་ཆགས་བཞིན་རྒྱུག་རྟ་ཨང་དང་པོ་དང་གཉིས་པ།--ཨང་གསུམ་པ་བཅས་ཀྱི་གཟེངས་སྟོད་བྱ་དགའ་སྤྲོད་ཅིང་། དེ་བྱིངས་ཨང་ཉི་ཤུ་ཡན་ལ་ཕུལ་བྱུང་གི་བྱ་དགའ་དང་། འགྲན་བསྡུར་དུ་ཞུགས་པ་ཡོངས་ལ་སླད་མུ་མཐུད་རྟ་རྒྱུག་འགྲན་བསྡུར་ནང་ཞུག་རྒྱུ་དང་། རྟ་ལ་གསོ་ཚགས་གང་ལེགས་དང་། རྟ་རྩལ་བྱང་ཆུབ་པ་སྦྱོང་བ་སོགས་ཀྱི་སྐོར་བཀའ་སློབ་གནང་།

རྟ་རྒྱུག་འགྲན་བསྡུར་ཉིན་གཉིས་པའི་རྣམ་གྲངས་ལེ་ཚན་རྒྱུག་ཆུང་ཟེར་བ་དེ་ནི། རྟ་ལམ་རིང་ཚད་ཐུང་བའི་དོན་ཡིན་ཏེ། རྒྱུག་ཆེན་གྱི་རྟ་ལམ་རིང་ཚད་ཧྲིལ་པོའི་ལམ་ཕྱེད་ཀ་ནས་རྒྱུག་རྒྱུ་རེད་འདུག ཕྱེད་ཀ་རྟ་མ་རྒྱུག་གོང་གི་སྟ་གོན་གྱི་མཛད་སྒོ་དང་བར་གྱི་ངོ་མཚར་ཆེ་བའི་འགྲན་བསྡུར་དངོས་དང་གཟེངས་བསྟོད་བྱ་དགའ་སྤྲོད་པ་སོགས་རྒྱུག་ཆེན་དང་གཅིག་པར་སྣང་།

རྟ་རྒྱུག་དུས་ཆེན་རིང་ཞིང་འབྲོག་མི་དམངས་ཀྱིས་གླུ་ལེན་པ་དང་བྲོ་གར་འཁྲབ་པ། གླིང་གེ་སར་རྒྱལ་པོའི་སྒྲུང་ཉན་པ། སྐྱེས་པས་ཤེད་ཤུགས་འགྲན་པ།--གཞོན་ནུ་མས་བཞིན་གྱི་མཛེས་པ་ངོམས་པ། མཚན་མོ་སྒོར་གཞས་རྒྱག་པ་སོགས་ལས་བོད་ལྗོངས་གསར་པའི་བོད་བྱང་ཐང་འབྲོག་ཁུལ་གྱི་བདེ་སྐྱིད་འཚོ་བའི་རྣམ་པ་དེ་ནི། ངའི་མིང་ལ་ཨུ་ཁུ་འབྲོག་པ་ཟེར། ངའི་བློ་རྒྱ་བྱང་གི་རྩྭ་ཐང་ཡིན། ངའི་སེམས་པ་གངས་རི་དཀར་པོ་ཡིན། ངའི་འདུག་ས་སྦྲ་ནག་གྲུ་བཞི་ཡིན། ངའི་བཟའ་རྒྱུ་ཤ་མར་ཐུད་གསུམ་ཡིན། ངའི་འཐུང་རྒྱུ་ཞོ་དང་འོ་མ་ཡིན། ངའི་འཚོ་རྒྱུ་རྟ་ནོར་ལུག་གསུམ་ཡིན། ངའི་མིང་ལ་ཨ་ཁུ་འབྲོག་པ་ཟེར། ཞེས་པའི་འབྲོག་གླུ་དེ་ལས་མངོན་ཡོང་ངོ་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1