སྒྱུར་བཅོས་སྒོ་དབྱེས་བོད་ལྗོངས་ལ་གནང་བའི་ལོ་རྒྱུས་ཀྱི་འཕོ་འགྱུར་ཆེན་པོ།

ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྱི་ཀྲུང་གོའི་ལས་དབང་ཐག་གཅོད་བྱེད་པའི་འགག་རྩའི་ཇུས་བཟང་ཞིག་རེད་ལ། ‘ལོ་བརྒྱ་གཉིས’མངོན་འགྱུར་ཡོང་བ་ཐག་གཅོད་བྱེད་པའི་འབད་འཐབ་ཀྱི་དམིགས་ཚད་ཅིག་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བའི་འགག་རྩའི་ཇུས་བཟང་ཞིག་ཀྱང་རེད”ཅེས་མཛུབ་སྟོན་གནང་བ་ཇི་བཞིན། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། སྐབས་རིམ་བྱུང་གི་ཀྲུང་དབྱང་འགོ་ཁྲིད་ཚོགས་པའི་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་འོག བོད་ལྗོངས་འདི་ཉིད་གྲོང་གསེབ་སྒྱུར་བཅོས་བྱེད་པ་ནས་འགོ་ཚུགས་ཏེ“ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི”གོང་འཕེལ་གྱི་བགྲོད་ལམ་གསར་དུ་བཏོད་པ་དང་། སྒྱུར་བཅོས་སྒོ་དབྱེ་དང་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུའི་རླབས་ཆེན་གྱི་ལག་ལེན་བཏོད་པ། སྤྱི་ཚོགས་གོང་འཕེལ་གཏིང་ཟབ་བྱུང་བ་མ་ཟད། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གཉིས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ཆ་རྐྱེན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དོན་དངོས་དགོས་མཁོར་གཞིགས་ནས། བོད་ཀྱི་ལས་དོན་གྱི་འཐབ་ཇུས་ལ་རྒྱུན་ཆད་མེད་པར་བཅོས་སྒྲིག་གིས་འཐུས་ཚང་དུ་བཏང་བར་བརྟེན། རིམ་བཞིན་རྒྱལ་ཁབ་ནས་རྣམ་གྲངས་གལ་ཆེན་ལ་མ་འཇོག་བྱེད་པ་དང་། ཀྲུང་དབྱང་ནོར་སྲིད་ནས་ནོར་སྲིད་ཁ་གསབ་སྤྲོད་པ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་རོགས་སྐྱོར་བྱེད་པ་བཅས་ཀྱི་ཕྱོགས་གང་ཅིའི་ཐད་ནས་བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་རྒྱུར་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཞིག་ཆགས་ཏེ། བོད་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྒྱུར་བཅོས་གོང་འཕེལ་གྱི་བགྲོད་ལམ་ཐོག་བསྐྱོད་ཐུབ་པ་བྱུང་ཡོད་པ་རེད།

        ལོ་ངོ་40ཚུན། བོད་ཀྱི་རྒྱལ་དམངས་དཔལ་འབྱོར་སྐྱོན་བྲལ་ངང་རྒྱུན་མཐུད་གོང་འཕེལ་ཐུབ་པ། དཔལ་འབྱོར་གྱི་བསྡོམས་འབོར་ཚད་ལས་བརྒལ་བ་མངོན་འགྱུར་བྱུང་ཞིང་། དཔལ་འབྱོར་གྱི་གྲུབ་ཆ་རྒྱུན་ཆད་མེད་པ་ལེགས་སུ་བཏང་ཐུབ་པ་དང་། ཐོན་ལས་གསུམ་པའི་གྲུབ་ཆ་ཉིན་རེ་བཞིན་ལུགས་མཐུན་དུ་གྱུར་བ། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྔར་མེད་བཅིངས་འགྲོལ་ཐོབ་པ། ཕྱོགས་བསྡུས་ནུས་ཤུགས་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། དཔལ་འབྱོར་དུས་བབ་བཟང་ལ་འཕེལ་ཤུགས་ལྡན་པ་བཅས་བྱུང་ཡོད།--2017ལོའི་རྒྱལ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1310.6ཟིན་པས་དུས་མཚུངས་དང་བསྡུར་ན་10%ཟིན་པ་དང་། ལོ་25བསྟུད་མར་འཕར་གྲངས་གནས་གཉིས་སུ་རྒྱུན་གནས་ཐུབ་པ་དེ་1978ལོའི་རྒྱལ་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་གི་ལྡབ་197ཡིན་ཞིང་།--2017ལོའི་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་སྒོར་དུང་ཕྱུར་2051ལེགས་གྲུབ་ཟིན་པ་དེ་1978ལོའི་ལྡབ་1108.6ཡིན་པ་དང་།--2017ལོའི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཀྱི་སིལ་འཚོང་བསྡོམས་གྲངས་སྒོར་དུང་ཕྱུར་523.3ཟིན་པ་དེ་1978ལོའི་ལྡབ་213.6ཡིན།--2017ལོའི་ས་གནས་ནོར་སྲིད་ཀྱི་ཡོང་འབབ་སྒོར་དུང་ཕྱུར་259ཟིན་པ་དང་།--1978ལོར་སྒོར་དུང་ཕྱུར་-0.16ཡིན་ཞིང་། 2017ལོའི་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོད་སྤྱོད་ཆོག་པའི་ཡོང་འབབ་སྒོར་10330ཟིན་པ་དེ་1978ལོའི་ལྡབ་58བཅས་ཡིན།

        ལོ་ངོ་40ཚུན། བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པ་འཐུས་ཚང་དུ་བཏང་བ། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་གནང་བའི་འོག རྣམ་གྲངས“43”དང་“62”“117”“118”“226”སོགས་ཀྱི་རྣམ་གྲངས་གལ་ཆེན་རིགས་སྔ་ཕྱིར་ལག་བསྟར་བྱས་པས་བོད་ཀྱི་དཔལ་འབྱོར་གོང་འཕེལ་ལ་ཚོད་འཛིན་བྱེད་པའི་འགག་གནད་ཇེ་ལྷོད་དུ་འགྲོ་རྒྱུར་ནུས་པ་ཐོན་ཡོད། མཚོ་བོད་ལྕགས་ལམ་སྐྲུན་ཞིང་ཤར་གཏོང་ཐུབ་པ་དང་སྦྲགས་ལྷ་གཞིས་ལྕགས་ལམ་སྐྲུན་བསྲིང་བྱས་པ་དང་། རིམ་པ་མཐོ་བའི་ལྷ་ཉིང་གཞུང་ལམ་རྩ་བའི་ཆ་ནས་སྐྲུན་ཟིན་ལ་ཤར་གཏོང་ཐུབ་པ། བོད་ལྗོངས་མཁའ་འགྲུལ་དངོས་སུ་འགོ་ཚུགས་ཏེ་ལས་གཉེར་ཐུབ་པ། གཞུང་ལམ་དང་ལྕགས་ལམ། མཁའ་འགྲུལ་བཅས་གཙོ་བོ་བྱས་པའི་ཕྱོགས་བསྡུས་སྐྱེལ་འདྲེན་མ་ལག་གྲུབ་ཟིན་པ་སྟེ། 2017ལོའི་ལོ་མཇུག་བར། ལྗོངས་ཡོངས་ཀྱི་སྒྲིག་ཚུད་གྲོང་ཚོ་99%ལ་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ལྗོངས་ཡོངས་ཀྱི་གཞུང་ལམ་ལམ་ཐག་སྤྱི་ལེ་ཁྲི་9ཟིན་ཞིང་། རིམ་པ་མཐོ་བའི་གཞུང་ལམ་གྱི་ལམ་ཐག་སྤྱི་ལེ་660ཟིན་ཡོད། ལྗོངས་ནང་ཁུལ་དུ་ལས་གཉེར་བྱེད་པའི་གནམ་གྲུ་འབབ་ཐང་5ཡོད་པ་དང་། མཁའ་སྐྱོད་བྱེད་ཆོག་པའི་མཁའ་འགྲུལ་ཀུང་སི་9ཡོད་པ། མཁའ་སྐྱོད་བྱེད་ཆོག་པའི་མཁའ་ལམ་79ཡོད་པ་བཅས་ཡིན། ཡར་འབྲོག་གློག་ཁང་དང་། འབྲི་གུང་གློག་ཁང་། ཞོ་ཀ་གློག་ཁང་། རྫམ་གློག་ཁང་སོགས་གཙོ་རྐང་གློག་ཁང་ཆེ་རིགས་ཁག་གཅིག་གསར་དུ་བཙུགས་པ་དང་། མཚོ་བོད་དང་ཁྲོན་བོད་ཀྱི་གློག་ཤུགས་དྲ་སྦྲེལ་ལས་གཞིར་གློག་ཤུགས“མཁའ་ལམ”བཙུགས་ཐུབ་པས་གློག་འདོན་ཤུགས་བསྡོམས་གྲངས་ཆན་ཝ་ཁྲི་309ཟིན་ཞིང་། གློག་དྲ་གཙོ་བོ་ལྗོངས་ཡོངས་ཀྱི་རྫོང་(ཆུས)62ལ་ཁྱབ་པ་དང་། སྒྲིག་ཚུད་གྲོང་ཚོའི་སྒུལ་འཕྲིན་བརྡ་རྟགས་ཁྱོན་ཡོངས་ལ་ཁྱབ་པ། དྲ་ཆེན་བརྒྱུད་གཏོང་ཐུབ་ཚད་85%བཅས་ཟིན་ཡོད། རྫོང་(ཆུས)68ལ་རྫོང་རིམ་པའི་ཀུན་ཁྱབ་རླུང་འཕྲིན་ཁང་འཛུགས་གཉེར་ཐུབ་པ་དང་།--རླུང་འཕྲིན་དང་བརྙན་འཕྲིན་གྱི་མི་འབོར་ཕྱོགས་བསྡུས་ཁྱབ་ཚད་ཁག་སོ་སོར་96.2%དང་93.7%ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གད་སྙིགས་དང་། ཆུ་རྙོག་གཙང་སེལ། བཙོག་ཆུ་འདྲེན་འབུད་སོགས་གྲོང་སྲིད་དོ་དམ་ལས་དོན་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་ནས་ལེགས་བཅོས་ཐུབ་ཅིང་། གྲོང་ཁྱེར་དང་གྲོང་རྡལ་གལ་འགངས་ཆེ་ས་དང་ས་བབ་མཐོ་བའི་རྫོང་ཆུས་ཀྱི་དྲོད་གཏོང་ལས་གཞིར་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་ཡོད། ས་ཡོམ་དང་གནམ་གཤིས་སོགས་ཕྱོགས་བསྡུས་གནོད་འགོག་གནོད་སེལ་གྱི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད།

        ལོ་ངོ་40ཚུན།--བོད་ཀྱི་སྤྱི་ཚོགས་ལས་རིགས་ཁག་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། གཅིག་ནས་སློབ་གསོའི་བྱ་གཞག་རྒྱུན་མཐུད་ནས་ཡར་རྒྱས་བྱུང་བ། བོད་འདི་ཉིད་རྒྱལ་ཡོངས་སུ་སློབ་ན་མ་སོན་གོང་གི་སློབ་གསོ་ནས་མཐོ་འབྲིང་སློབ་གསོ་བར་གྱི་ལོ་15ཡི་རིན་མེད་སློབ་གསོའི་སྲིད་ཇུས་ཡོངས་ཁྱབ་ཐུབ་ཅིང་། ཕྱོགས་ཡོངས་ནས་ཞིང་འབྲོག་ཁུལ་དུ་ལོ་གཉིས་དང་། གྲོང་ཁྱེར་དང་གྲོང་རྡལ་དུ་ལོ་གསུམ་གྱི་སློབ་ན་མ་སོན་པའི་སྐད་གཉིས་སློབ་གསོའི་ལས་གཞི་ལག་བསྟར་བྱེད་ཐུབ་པས་གཞུང་གཉེར་གཙོ་རྐང་བྱེད་པའི་ཀུན་ཕན་རང་བཞིན་གྱི་སློབ་ན་མ་སོན་པའི་སློབ་གསོའི་དྲ་རྒྱ་གཏོང་བཙུགས་ཐུབ་པ་དང་། ནང་སའི་བོད་ལྗོངས་འཛིན་གྲྭ་དེ་བོད་ཀྱི་སློབ་གསོའི་ཁ་གསབ་བྱེད་ཐབས་གལ་ཆེན་ཞིག་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སའི་རྟེན་གནས་གལ་ཆེན་ཞིག་ལ་བརྩིས་ནས་སྔ་རྗེས་སུ་བོད་ནས་ཤེས་ལྡན་མི་སྣ་རིགས་མི་འདྲ་བ་སྐྱེད་སྲིང་སྐྱེལ་གཏོང་བྱེད་ཚད་མི་གྲངས་ཁྲི་4ལ་ཉེ་བ་ཟིན་པ། བོད་ལྗོངས་སློབ་ཆེན་གྱི་སྐྱེ་ཁམས་རིག་པ་དེ་རྒྱལ་ཁབ་རིམ་པ་དང་པོའི་རིག་ཚན་འཛུགས་སྐྱོང་ནང་ཚུད་པ། བོད་ལྗོངས་སློབ་ཆེན་དང་བོད་ལྗོངས་གསོ་རིག་སློབ་གླིང་སོགས་མཐོ་སློབ་ཁག་ཏུ་འབུམ་རམས་པའི་སློབ་གནས་སྤྲོད་ཆོག་པའི་ཚན་པར་འཁྲོལ་འཛིན་བྱུང་བ། “ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ལས་ཀ་རྒྱུན་ཆད་མེད་པར་གཏིང་ཟབ་སྤེལ་བ། སློབ་ཆུང་དང་སློབ་འབྲིང་ལ་སློབ་ཞུགས་བྱེད་ཚད་ཁག་སོ་སོར་99.5%དང་99.3%ཟིན་ཞིང་། ཞིང་འབྲོག་པའི་བུ་ཕྲུག་གི་མཐོ་རྒྱུགས་བསྡུ་ལེན་བྱེད་ཚད་75.4%ཟིན་ཡོད། གཉིས་ནས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། 2017ལོའི་ལོ་མཇུག་བར། རྒྱལ་ཡོངས་སུ་རིམ་ཁག་དང་རིགས་ཁག་གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1476ཡོད་པ་དང་། སྦྲུམ་མ་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད་ཁག་སོ་སོར་10.9/10ཁྲི་དང་13.89%མར་ཆག་ཡོད། “ནད་གཞི་ཆེ་རིགས”286གི་སྨན་བཅོས་བོད་ནང་ཁུལ་དུ་བྱེད་ཐུབ་པ་དང་། “ནད་གཞི་འབྲིང་རིགས”1824གྲོང་ཁྱེར་ས་གནས་རང་དུ་སྨན་བཅོས་ཐུབ་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དེ་རྫོང་དང་ཤང་དུ་ཁྱབ་ཚད་100%ཟིན་པ། རིམ་དབྱེའི་ནད་བརྟག་སྨན་བཅོས་དང་སྨན་རྫས་རིམ་སྤར་མེད་པ་བཟོས་པ། སྨན་བཅོས་མཉམ་སྡེབ་སྒྲིག་གཞི་བཙུགས་པ་སོགས་ཀྱི་ལས་དོན་གལ་ཆེན་རྣམས་ལ་སྐུལ་འདེད་གོ་རིམ་ལྡན་པ་བྱུང་བ། གསོ་རིག་སྨན་བཅོས་ཀྱི་ཤུལ་བཞག་རྒྱུ་དངོས་རེ་ཞུའི་ལས་ཀར་འཕེལ་རྒྱས་ཆེན་པོ་བྱུང་བ། “ལོ་ལྔ་ཚན་བཅུ་གསུམ”གྱི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་འཆར་འགོད་གཞིར་བཟུང་། བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་གསུམ”གྱི་མཇུག་ཏུ་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་70ལ་སླེབས་ཐུབ་པ་བྱས་ཡོད། གསུམ་ནས་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་བྱུང་བ། མང་ཚོགས་ཀྱི་རིག་གནས་དང་འཚོ་བ་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་པས། 2017ལོའི་ལོ་མཇུག་བར། ཞིང་དུད་ཀྱི་དཔེ་ཁང་5464དང་དགོན་སྡེའི་དཔེ་ཁང་1787བཙུགས་ཤིང་། སྲུང་སྐར་གྲངས་འཛིན་དཔེ་ཁང་1000ཙམ་ཞིང་པའི་དུད་ཚང་ལ་དོན་འཁྱོལ་ཐུབ་པ་དང་། བོད་ཀྱི་ལྷ་མོ་དང་གེ་སར།--སྲོལ་རྒྱུན་དུས་ཆེན་སོགས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་སྲུང་སྐྱོབ་ལེགས་པོ་ཐུབ་པ། སྤྱིའི་མ་འཇོག་སྒོར་དུང་ཕྱུར་6.4བཏང་སྟེ་བོད་ལྗོངས་དངོས་མང་བཤམས་སྟོན་ཁང་བསྐྱར་བཟོ་རྒྱ་སྐྱེད་ཀྱི་ལས་གཞི་ལག་བསྟར་ཧུར་ཐག་བྱེད་བཞིན་ཡོད། 2017ལོའི་རྒྱལ་ཡོངས་རིག་གནས་ཐོན་ལས་ཀྱི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་30ལས་བརྒལ་ཐུབ་པ་བཅས་བྱུང་ཡོད། བཞི་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བ། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། སྐྱེ་ཁམས་སྤྱི་ཕན་གླིང་། བྱེ་བཅོས་ཚོད་ལྟའི་དཔེ་སྟོན་ཁུལ། ནགས་བཙུགས་སྔོ་འགྱུར། “ཆུ་དཔོན་ལམ་ལུགས”“མཚེའུ་དཔོན་ལམ་ལུགས”སོགས་ཀྱི་ལས་གཞི་རབ་དང་རིམ་པ་ལག་བསྟར་ཤུགས་ཆེན་བྱས་པ་བརྒྱུད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པས་མིག་སྔར་རང་བྱུང་སྲུང་སྐྱོང་ཁུལ་61བཙུགས་ཡོད་ཅིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་41ཟིན་པས་རྒྱ་ཁྱོན་དེ་རྒྱལ་ཡོངས་ཀྱི་ཨང་དང་པོའི་གྲས་སུ་སླེབས་ཡོད། ལྗོངས་ཡོངས་སུ་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་4ཡོད་པ་དང་། ནགས་ཚལ་སྤྱི་གླིང་9ཡོད་པ། འདམ་ར་སྤྱི་གླིང་22ཡོད་པ། ས་གཤིས་སྤྱི་གླིང་3ཡོད་པ་བཅས་རིགས་མི་འདྲ་བའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་ཞིང་། ནགས་ཚལ་གྱི་ཁྱབ་ཚད་12.4%ཟིན་ཡོད་པ་དང་། ཀེར་གནས་ཅན་གྱི་གསོན་ཤིང་གསོག་ཉར་བྱེད་ཚད་སྨི་ཤོ་གཟུགས་མ་དུང་ཕྱུར་23.05ཟིན་པ། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་བྱེད་སའི་རི་སྐྱེས་སྲོག་ཆགས་རིགས་125དང་རི་སྐྱེས་རྩི་ཤིང་རིགས་38ལ་སྲུང་སྐྱོང་ནུས་ལྡན་བྱུང་ཡོད། སྐྱེ་ཁམས་མ་ལག་སྐྱོན་མེད་འཐུས་ཚང་ངང་རྒྱུན་གནས་ཐུབ་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད། ལྔ་ནས་དབུལ་སྐྱོར་གསར་སྤེལ་ལས་ཀར་ཕན་འབྲས་མངོན་གསལ་དོད་པ། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། བོད་ལྗོངས་འདི་ཉིད་ཀྲུང་དབྱང་གིས་ཐུགས་ཁུར་དང་རྒྱལ་ཡོངས་ཀྱིས་རོགས་སྐྱོར་གནང་བའི་འོག་རིམ་པ་མང་ལ་ཕྱོགས་གང་ཅིའི་ཐད་ནས་རྒྱུན་མཐུད་རང་བཞིན་གྱི་དབུལ་སྐྱོར་དབུལ་སྒྲོལ་གྱི་ལས་དོན་ཇི་སྙེད་སྤེལ་ཡོད།--2012ལོ་ནས་2017ལོའི་ལོ་མཇུག་བར་ཁོ་ནར་མཚོན་ན། བོད་ཀྱི་དབུལ་ཕོངས་མི་འབོར་ཁྲི་86ནས་ཁྲི་33ལ་མར་ཆག་ཅིང་། དབུལ་ཕོངས་ཐོན་ཁུངས་གྲངས་ཚད་32.33%ནས་12.4%ལ་མར་ཆག་ཡོད།--2017ལོ་ཁོ་ནར་བོད་ཀྱི་ཞིང་འབྲོག་པ་དབུལ་ཕོངས་མི་རེའི་ཆ་སྙོམས་ཀྱི་བཀོད་སྤྱོད་ཆོག་པའི་ཡོང་འབབ་16%ལ་འཕར་སྣོན་བྱུང་ཡོད།

        ལོ་ངོ་40ཚུན།--བོད་ཀྱི་སྤྱི་ཚོགས་རྒྱུན་ཆད་མེད་པར་ཡུན་རིང་བདེ་འཁོད་ཀྱི་ཕྱོགས་སུ་བསྐྱོད་པ།--སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་བ་དང་བསྟུན་རྒྱལ་སྤྱི་རྒྱལ་ནང་གི་དུས་བབ་སྔར་བས་རྙོག་འཛིང་ཆེ་ཞིང་འགྱུར་ལྡོག་མང་བའི་རྣམ་པ་ཞིག་ཏུ་འགྱུར་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ལྷག་པར“རྒྱལ་ཁབ་སྐྱོང་བར་སྔོན་ལ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་དགོས་པའི”གལ་ཆེའི་རྒྱས་བཤད་དང་“ཧུར་བརྩོན་ངང་བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་མངོན་འགྱུར་ཡོང་བ་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་བཅས་ལག་བསྟར་དོན་འཁྱོལ་བྱེད་དགོས་ཤིང་། ཁྲིམས་སྐྱོང་གི་བསམ་གཞིས་བརྟན་ལྷིང་ལས་དོན་ལ་ཡོངས་སུ་ཁྱབ་པ་བྱེད་པ་དང་། དམངས་ཕན་ཉེན་རྟོག་ས་ཚིགས་དང་གྲོང་ཚོའི་བཅའ་སྡོད་ལས་བྱེད་པ། གྲོང་ཁྱེར་དང་གྲོང་རྡལ་དྲ་མིག་ཅན་གྱི་དོ་དམ་བྱེད་པ། “གཉིས་ལྡན་དུད་སྦྲེལ”གསར་བཏོད་དཔྱད་འདེམས་བཅས་བཙུགས་པ་སོགས་ཀྱི་ལས་དོན་སྤེལ་བ་བརྒྱུད། སྤྱི་ཚོགས་ཀྱི་དོ་དམ་སྒྲིག་གཞི་རྒྱུན་ཆད་མེད་པར་གསར་བཙུགས་བྱས་པ་དང་། འདུ་ཤེས་ཁྱབ་ཁོངས་ཀྱི་ལས་ཀའི་བྱེད་སྟངས་བྱེད་ཐབས་རྒྱུན་ཆད་མེད་པར་སྒྱུར་བཅོས་བཏང་བ། བརྟན་ལྷིང་ལ་གནོད་པའི་རྐྱེན་རྩ་གང་ཐུབ་ཅི་ཐུབ་ཀྱིས་མེད་པ་བཟོས་ནས་འཆམ་མཐུན་གྱི་མཐུན་རྐྱེན་གསར་སྣོན་དང་། ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རང་དབང་ནུས་པ་ཁོང་དུ་ཆུད་པ་དང་དམ་འཛིན་ཐུབ་པ་བཅས་བྱས་པས་རྒྱལ་ཁབ་ཀྱི་བདེ་འཇགས་དང་བོད་ཀྱི་བརྟན་ལྷིང་ལ་འགན་སྲུང་ཐུབ་ཡོད།

        མདོར་ན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་གྱི་ལོ་ངོ་40ནི་སྐབས་རིམ་བྱུང་གི་ཀྲུང་དབྱང་དབུ་ཁྲིད་ཚོགས་པས་བོད་ལ་དམིགས་བསལ་གཟིགས་སྐྱོང་གནང་བ་གང་ལེགས་མངོན་པའི་ལོ་40དང་། ཏང་གི་བོད་སྐྱོང་མཛད་ཇུས་རིམ་པས་གྲུབ་པ་དང་འཐུས་ཚང་དུ་གཏོང་བའི་ལོ་40 བོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་ཆད་མེད་པར་ཞི་མཐུན་དང་བརྟན་ལྷིང་གི་ཕྱོགས་སུ་འགྲོ་བའི་ལོ་40 བོད་ཀྱི་དཔལ་འབྱོར་གྱི་སྒྲིག་གཞི་དང་དཔལ་འབྱོར་གྱི་སྤྱི་འབོར་ཚད་ལས་བརྒལ་བ་མངོན་འགྱུར་ཐུབ་པའི་ལོ་40 བོད་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ལ་བདེ་སྐྱིད་ཀྱི་ཚོར་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བའི་ལོ་40བཅས་ཡིན། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རྒྱལ་ཡོངས་ཀྱི་སྒྱུར་བཅོས་སྒོ་དབྱེའི་གྲུབ་ཆ་གལ་ཆེན་ཞིག་ལ་གྱུར་བའི་བོད་ཀྱི་དཔལ་འབྱོར་སྤྱི་ཚོགས་དེ་ཉིད་གོང་འཕེལ་མྱུར་ཞིང་། སྤྱི་ཚོགས་འཕོ་འགྱུར་གྱི་གནས་ཚད་གཏིང་ཟབ་ཅིག་ཡིན་པར་བརྟེན་རྒྱལ་ཡོངས་ཀྱི་ངོ་མཚར་ཆེ་བའི་གཏམ་དུ་བགྲངས་ནུས་སོ།

བསྟན་འཛིན་ནོར་བུས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1