མེས་རྒྱལ་མཐའ་མཚམས་བརྟན་སྲུང་གིས་ལང་ཚོ་སྐྱེས་སུ་ཕུལ་བ་། —— སྒྲོལ་དཀར་དང་གཡང་འཛོམས་ཁྱིམ་གྱི་མི་རབས་གསུམ་གྱིས་རྒྱལ་གཅེས་མཐའ་སྲུང་བྱས་པའི་སྔོན་ཐོན་བྱས་རྗེས་ལ་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ།

ཀྲང་ཁྲེན་དང་སྐལ་བཟང་དཔལ་འབྱོར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


        དུས་རབས་གོང་མའི་ལོ་རབས་ལྔ་བཅུ་ནས་བཟུང་། སྒྲོལ་དཀར་གྱི་ཨ་ཕས་བུ་མོ་འཁྲིད་དེ་བོད་ལྗོངས་ལྷོ་ཁའི་ཡུལ་སྨད་ཤང་བརྟན་སྲུང་བྱས་ནས་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱས་པ་རེད། ཡུལ་སྨད་ཤང་ནས་ཕྱིར་སྐྱོད་ན་མཐོ་ཚད་སྨི་5000ལྷག་ཟིན་པའི་གངས་རི་ཞིག་བརྒྱུད་དགོས་པས་དེ་གའི་འཚོ་བའི་དངོས་ཟོག་སྔོན་ཆད་ཁལ་ཕྱུགས་ལ་བཀལ་ནས་དབོར་དགོས་ཀྱི་ཡོད། ཕྱི་ལ་སྐྱོད་བདེ་པོ་མེད་སྟབས། མི་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་ཡུལ་སྨད་ནས་ཡུལ་གཞན་དུ་སྤོས་པ་ལས་དུས་ཡུན་རིང་པོ་ཞིག་རིང་ཤང་དེ་སྒྲོལ་དཀར་ནང་མི་གསུམ་གྱིས་བསྲུངས་པ་རེད། པ་ཕ་གྲོངས་རྗེས་མཐའ་མཚམས་བརྟན་སྲུང་གི་འགན་འཁྲི་ལྕི་པོ་དེ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་འཁུར་བ་རེད། ད་ཆ། གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་སློབ་ཆེན་ཐོན་ནས་ཡུལ་སྨད་དུ་ལོག་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་ཚེས་19ཉིན་སྤྱི་ཚོགས་ཡོངས་ལ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག ཁོང་གཅེན་གཅུང་གཉིས་ལ“དུས་རབས་ཀྱི་མིག་དཔེའི”གཟི་བརྗིད་མཚན་སྙན་ཡང་གནང་བ་རེད།

        སྒྲོལ་དཀར་དང་གཡང་འཛོམས་ཁྱིམ་གྱི་མི་རབས་གསུམ་གྱིས་རྒྱལ་གཅེས་མཐའ་སྲུང་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་སྨྱན་སྦྱོར་བརྒྱུད་ནས་འགྲེམས་སྤེལ་བྱས་རྗེས་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་དྲག་པོ་བྱུང་བ་རེད། ལས་བྱེད་པ་དང་མང་ཚོགས་ཀྱིས་སྒྲོལ་དཀར་དང་གཡང་འཛོམས་ཁྱིམ་གྱི་མི་རབས་གསུམ་གྱིས་ཁྱིམ་ཆུང་དོར་ཏེ་ཁྱིམ་ཆེན་སྐྱོང་བ་དེའི་ཐོག་ནས་རྒྱལ་གཅེས་མཐའ་སྲུང་གི་བླ་ན་མེད་པའི་བརྩེ་སེམས་མངོན་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་སྒྲོལ་དཀར་དང་གཡང་འཛོམས་ལྟ་བུའི་བློ་བརྟན་འགྱུར་མེད་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དགོས་པའི་ངོས་འཛིན་བྱས་པ་རེད། བོད་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚང་མ་སེམས་འགུལ་ཐེབས་ནས་ཁོང་ཚོ་མིག་དཔེར་བཟུང་སྟེ་རང་འཁྲིའི་ལས་གནས་སུ་གཞི་བཙུགས་ཏེ་མེས་རྒྱལ་གྱི་མཐའ་མཚམས་བརྟན་སྲུང་བྱས་ནས་ལང་ཚོ་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

        “སྒྲོལ་དཀར་དང་གཡང་འཛོམས་ནང་མི་ཚང་མས་སྔོན་ཆད་དཀའ་ཚེགས་ཧ་ཅང་ཆེ་ཡང་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་དེ་རང་ཉིད་ཀྱི་བདེ་སྐྱིད་ཀྱང་དོར་ནས་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱས་པས། ཁོང་ཚོར་གཟི་བརྗིད་མཚན་སྙན་འདི་ཐོབ་འོས་པ་ཞིག་རེད” “ང་ཚོ་ཤང་ཡོངས་ཀྱི་ལས་བྱེད་པ་ཚང་མས་ལྷག་བསམ་ཟོལ་མེད་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་དང་དཀའ་སྤྱད་དངོས་སྒྲུབ་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས། མང་ཚོགས་ཀྱི་སྣེ་འཁྲིད་དེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་ལམ་དུ་བརྟན་པོའི་ངང་སྐྱོད་ཀྱི་ཡིན”ཞེས་ཡུལ་སྨད་ཤང་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་བརྗོད།

        མངའ་རིས་ས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཡན་ཟིན་པས་མཐོ་ཞིང་གྲང་ལ་གསོ་རླུང་ཡང་དཀོན། སྒར་རྫོང་བཀྲ་ཤིས་སྒང་ཤང་གི་ཏང་ཨུད་ཧྲུའུ་ཅི་དབྱང་ཨའེ་མིང་གིས་མངའ་རིས་སུ་ལོ་20ལྷག་ཙམ་ལས་ཀ་བྱས་ཤིང་། ཁོང་གིས“སྒྲོལ་དཀར་དང་གཡང་འཛོམས་ནང་མི་ཚང་མ་ནི་ངས་སློབ་སྦྱོང་བྱེད་པའི་མིག་དཔེ་རེད། ངས་ཁོང་གཅེན་གཅུང་གཉིས་མིག་དཔེར་བཟུང་ནས་རང་ཉིད་ལ་ལྕག་སྐུལ་བྱས་ཏེ་རང་འཁྲིའི་ལས་འགན་ནུས་ཤུགས་ཡོད་རྒུས་སྒྲུབ་ཀྱི་ཡོད” “ཤང་ནང་དུ་ཆ་རྐྱེན་ཞན་ཡང་། གོང་རིམ་སྡེ་ཚན་གྱི་མཛུབ་ཁྲིད་དང་དོ་ཁུར་འོག ཉེ་བའི་ལོ་ཤས་རིང་ཤང་ལ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ང་ཚོར་འདི་གར་འཛུགས་སྐྲུན་སྔར་བས་ཡག་པོ་ཐུབ་པའི་ཡིད་ཆེས་ཡོད”ཅེས་བརྗོད།

        ཉིན་ཤས་བསྟུད་མར། བོད་ལྗོངས་ཡར་ཀླུང་གཙང་པོའི་འཁྱིལ་མཚོའི་ཉེན་སེལ་ཁུལ་དུ། ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་རོགས་སྐྱོབ་མི་སྣས་འཐབ་ས་དང་པོར་འབད་འཐབ་བྱས་ནས་མང་ཚོགས་ཀྱི་འཚོ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ་དང་། “ང་ཚོས་གསར་འགྱུར་བརྒྱུད་དེ་སྒྲོལ་དཀར་དང་གཡང་འཛོམས་ནང་མི་ཚང་མས་ལོ་བཅུ་ཕྲག་ཁ་ཤས་རིང་མཐའ་མཚམས་བརྟན་སྲུང་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་ཤེས་བྱུང་བས་རུ་ཁག་གི་རུ་མི་མང་པོས་དེའི་སྐོར་གླེང་གི་འདུག” “ཁོང་ཚོའི་སྒེར་སེམས་མེད་པའི་བྱས་རྗེས་ཀྱིས་མི་རྣམས་ལ་སེམས་འགུལ་ཐེབས་པ་མ་ཟད། ད་དུང་ང་ཚོར་ཉེན་སེལ་གེགས་སེལ་བྱེད་རིང‘དཀའ་སྡུག་དང་འཆི་བར་མི་སྐྲག་པའི’སྙིང་སྟོབས་ཆེན་པོ་དར་སྤེལ་གང་ལེགས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པའི་ལྕག་སྐུལ་ཡང་ཐེབས་བྱུང”ཞེས་ཉིང་ཁྲི་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཤུས་ཤན་ཧའེ་ཡིས་བརྗོད།

        ཀུའེ་ཀྲོའུ་ཞིང་ཆེན་ཁའེ་ལི་སློབ་གླིང་གི་སློབ་མའི་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀྲང་ཅན་མིང་2016ལོར་མ་སྐུལ་དང་བླངས་ངང་བོད་དུ་བསྐྱོད་ནས་ཆ་སྙོམས་མཐོ་ཚད་སྨི་4700ཡན་ཟིན་པའི་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་ལས་ཀ་བྱས་ཤིང་། ཁོང་གིས“སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱི་བྱས་རྗེས་ལས་ང་བོད་དུ་གཞི་ཚུགས་རྒྱུའི་ཆོད་སེམས་བརྟན་དུ་ཕྱིན་སོང” “ཏང་གི་གཟིགས་སྐྱོང་འོག དཔལ་མགོན་རྫོང་དུ་ཉེ་བའི་ལོ་ཤས་རིང་གསོ་རླུང་དང་དྲོད་རླངས་མཁོ་འདོན་ཐུབ་པས་འཚོ་བ་དང་ལས་ཀའི་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ཡོད། ང་ཚོས་ངེས་པར་དུ‘བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས’མུ་མཐུད་དར་སྤེལ་བཏང་ནས་དཀའ་སྤྱད་འབད་བརྩོན་གྱིས་མེས་རྒྱལ་གྱི་ཆེས་དགོས་མཁོ་ཆེ་སར་རང་ཉིད་ཀྱི་ལང་ཚོ་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བརྗོད།

        ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་སྤྱི་བདེ་ཅུས་ཀྱིས་ཏང་ཨུད་ཚན་ཁག་དང་། ཏང་ཀྲི་པུའུ་ཁག མི་དམངས་ཉེན་རྟོག་པ་ཚང་མ་སྒྲིག་འཛུགས་བྱས་ནས་སྒྲོལ་དཀར་དང་གཡང་འཛོམས་ནང་མི་ཚང་མས་རྒྱལ་གཅེས་མཐའ་སྲུང་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་སློབ་སྦྱོང་བྱས་རྗེས་མི་དམངས་ཉེན་རྟོག་ཚང་མས་སོ་སོའི་མྱོང་ཚོར་ཡང་བྲིས་པ་རེད། “ང་ཚོས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཡག་པོ་བཏང་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱས་ཏེ། མི་དམངས་མང་ཚོགས་ལ་དུས་བདེ་སྤྲོ་སྐྱིད་ལྡན་པའི་བདེ་སྐྱིད་འཚོ་བ་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན”ཞེས་སྨན་གླིང་རྫོང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཉི་མས་བརྗོད།

དམ་ཆོས་མི་ཕམ་གྱིས་བསྒྱུར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1