བོད་ཀྱི་ན་གཞོན་གསུམ་གྱི་ལས་གཏོད་གཏམ་རྒྱུད།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
“2018ལོར་ངས་ཧུར་བརྩོན་ངང་དབྱིན་ཡིག་སློབ་སྦྱོང་བྱས་ཏེ་མི་དེ་བས་མང་བས་ཀྲུང་གོའི་མི་རབས་གསར་པའི་རི་འཛེག་པའི་ཉམས་འགྱུར་ཤེས་རྟོགས་ཐུབ་པ་བྱ་རྒྱུའི་རེ་བ་ཡོད”ཅེས་སྤེན་པ་དོན་གྲུབ་ཀྱིས་བཤད། “2018ལོར་རྒྱལ་ཁབ་ཀྱིས་མཐའ་མཚམས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད་པས་མེ་ཏོག་རྫོང་གི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད”ཅེས་ཡུས་ཞའོ་ཁུན་གྱིས་བཤད། “2018ལོར་ང་ཚོས་སྡེ་ཁུལ་གྱི་ཞབས་ཞུའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ཆེད་ནུས་ཤུགས་ཕྲན་བུ་འདོན་རྒྱུ་ཡིན”ཞེས་བདེ་ཆེན་གཡུ་སྒྲོན་གྱིས་བཤད།
ཟླ་10པའི་ཚེས་1ཉིན་གྱི་ཞོགས་པའི་ཉི་གཞོན་མཚོ་བོད་ས་མཐོར་འཕྲོ་སྐབས་ས་བབ་སྨི་8000ལྷག་ཙམ་ཟིན་པའི་གངས་རིའི་ཐོག་ལོ་26ལ་སླེབས་པའི་རི་མཐོའི་སྣེ་ཤན་པ་སྤེན་པ་དོན་གྲུབ་གཉིད་ལས་སད། རྒྱལ་སྟོན་འཆར་རིམ་བཞིན་ཁོང་ཧི་མ་ལ་ཡའི་རི་རྒྱུད་དུ་འཚོ་བ་སྐྱེལ་དགོས་ཀྱི་ཡོད། བྱང་ཤར་ཕྱོགས་སུ་སྤྱི་ལེ་600ཙམ་སྐྱོད་ཚེ་ས་བབ་སྨི་3650དམའ་རུ་འགྲོ་ཡི་ཡོད། ལྷ་སའི་གྲོང་ཁུལ་ནང“ལོ་རབས་85རྗེས་སྐྱེས་པའི”བདེ་ཆེན་གཡུ་སྒྲོན་ལ་གུང་གསེང་གཏོང་བའི་དུས་ཚོད་མེད། བོད་ཀྱི་མཐའ་མཚམས་ཀྱི་གཞོན་ནུ་ལོ་ཆུང་གི་སློབ་གསོར་རྩེ་གཅིག་ཏུ་གཞོལ་བའི་སྤྱི་ཚོགས་ཁེ་ལས་ཀྱི་གསར་གཏོད་པ་ཞིག་ཡིན་པའི་ངོས་ནས་ཁོང་ལ་མཚམས་འཇོག་མེད་པར་མདུན་སྐྱོད་བྱ་རྒྱུའི་གོམས་གཤིས་འཇགས་ཡོད། གནས་ཚད་སླར་ཡང་ཤར་ཕྱོགས་སུ་སྤྱི་ལེ་700ལྷག་ཙམ་སྤོས་ན་བོད་ཀྱི་ཤར་ལྷོའི་རི་ཁུག་ཁྲོད་ཀྱི་མེ་ཏོག་རྫོང་གི་ཆ་སྙོམས་ས་བབ་སྨི་1000ཙམ་བར་དམའ་རུ་འགྲོ་ཡི་ཡོད། ཆུ་འབྲས་བསྡུས་ཟིན་པ་དང་ལོ་38ལ་སླེབས་པའི་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་ཡུས་ཞའོ་ཁུན་གྱིས་དགུན་འདེབས་སྔོ་ཚལ་གྱི་ལས་དོན་ལ་འཆར་འགོད་བྱེད་འགོ་བཙུགས་པ་རེད། བོད་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་120ཡི་ས་ཆའི་ཐོག་ཐོན་འབབ་ཀྱི་དུས་ཚིགས་མཇུག་འགྲིལ་ཉེར་ཡོད། འོན་ཀྱང་འབད་འཐབ་ཀྱི་གོམ་སྒྲ་ནི་སྔར་བཞིན་མཚམས་འཇོག་མེད། ཡར་ཀླུང་གཙང་པོའི་རོང་གཞུང་ནས་འཛམ་གླིང་ཡང་རྩེ་བར་ཕུགས་འདུན་དོན་གཉེར་བྱེད་མཁན་གྱི་ན་གཞོན་ཚོས་སྔར་བཞིན་ཉིན་མཚན་དབྱེར་མེད་ངང་མདུན་སྐྱོད་བྱེད་བཞིན་ཡོད། སྡེ་ཁུལ་སློབ་གསོ་དང་། བུད་མེད་ཀྱི་སློབ་གསོ། བཀག་སྐྱིལ་བྱས་པའི་གཞོན་ནུ་ལོ་ཆུང་འཚར་ལོངས་ཡོང་རོགས་བྱེད་པ་སོགས། བདེ་ཆེན་གཡུ་སྒྲོན་གྱིས་འདི་ལོ་སྤེལ་བའི་རྣམ་གྲངས་སྐོར་གླེང་སྐབས་སྐད་ཆ་མང་པོ་ཞིག་བཤད། ཉིའུ་གཡོད་སློབ་ཆེན་གྱི་སློབ་གསོ་དང་སྤྱི་ཚོགས་སྲིད་ཇུས་ཆེད་ལས་ཀྱི་རབ་འབྱམས་པ་ཐོན་པའི་ཁོང་2015ལོར་རང་རྒྱལ་དུ་ལོག་ནས་ལས་གཏོད་བྱས། སྐབས་དེར“སྤྱི་ཚོགས་ཁེ་ལས”དང“སྤྱི་ཕན་ལས་གཏོད”དེ་བོད་དུ་ད་བརྒལ་གྱི་ཐ་སྙད་ཅིག་ཡིན་པ་དང་ཁེ་ལས་ལའང་སྐབས་ཤིག་རིང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་པ་རེད། “འོན་ཀྱང་ང་ཚོས་བོད་ཀྱི་མཐའ་མཚམས་ཀྱི་གཞོན་ནུ་ལོ་ཆུང་འགྱུར་ལྡོག་གཏོང་ཐུབ་རྒྱུའི་ཡིད་ཆེས་བརྟན་པོ་ཡོད”ཅེས་བདེ་ཆེན་གཡུ་སྒྲོན་གྱིས་བཤད། ཐེངས་ཤིག་ཁོང་གིས་གསོ་སྦྱོང་བྱེད་སྐབས་རང་གི་དེ་སྔའི་ཕུགས་འདུན་ནི་ཀོག་ཧྥེ་བཟོ་མཁན་གྱི་དགེ་རྒན་ཆེ་མོ་བ་ཞིག་བྱ་རྒྱུ་དེ་ཡིན་ཞེས་གང་འདོད་ལྟར་བཤད། བཀག་སྐྱིལ་བྱས་པའི་ལོ་ཆུང་ཞིག་གིས་སྐད་ཆ་དེ་སེམས་ལ་ངེས་ནས་ཆེད་མངགས་ཁོང་བཙལ་ཏེ་སྤྱི་ཚོགས་ཐོག་སླར་ཡང་ལོག་རྗེས་ཁོང་གི་འཁྲིས་ནས་ཀོག་ཧྥེ་བཟོ་སྟངས་སློབ་སྦྱོང་བྱེད་ཀྱི་ཡིན་ཞེས་བཤད། “དེར་བརྟེན་ང་ཚོས་འདི་ལོ་ཀོག་ཧྥེ་ཁང་གི་རྣམ་གྲངས་ཤིག་འཛུགས་པ་དེ་གསོ་སྦྱོང་ར་བ་ཡིན་ལ་སྤྱི་ཚོགས་ཐོག་སླར་ཡང་ལོག་པའི་གཞོན་ནུ་ལོ་ཆུང་ཚོར་ལས་ཞུགས་མཁོ་འདོན་བྱ་ཡུལ་ཞིག་ཡིན་པ་དེ་ནི་ངས་སེམས་གཏིང་ནས་ཕྲུ་གུ་དེར་ཁས་ལེན་ཆུང་ཆུང་བྱས་པ་ཞིག་ཡིན”ཐོག་མའི་བསམ་འདུན་མ་བསྒྱུར་བས་བདེ་ཆེན་གཡུ་སྒྲོན་གྱིས་འགྱུར་ལྡོག་མཐོང་ཐུབ་པ་བྱུང་ལ་སེམས་འགུལ་ཡང་ཐེབས་པ་རེད། ཐོག་མའི་བསམ་འདུན་འཆང་བཞིན་འབྲས་བུ་བཟང་པོ་ཐོབ་མཁན་གྱི་གྲས་སུ་ད་དུང་ཡུས་ཞའོ་ཁུན་རེད། ཁོང་གིས་2013ལོར་བོད་སྐྱོར་བྱེད་པར་ཡོང་རྒྱུའི་རེ་ཞུ་བྱས་པ་དང་2016ལོར་གཞི་ནས་མངོན་འགྱུར་ཐུབ་པ་རེད། “རང་ཉིད་ཆུང་དུས་དམག་མི་བྱ་རྒྱུའི་ཕུགས་བསམ་ཡོད། བུ་ཞིག་ཡིན་ན་མེས་རྒྱལ་གྱི་ཐག་རིང་ཤོས་ཀྱི་ས་ཆར་སྦྱོང་བརྡར་བྱེད་པར་སྐྱོད་དགོས”ཞེས་ཡུས་ཞའོ་ཁུན་གྱིས་བཤད་པ་དང་། ཁོང་གིས་མེ་ཏོག་རྫོང་དུ་2013ལོར་གཞི་ནས་གཞུང་ལམ་ཤར་གཏོང་ཐུབ་པ་རེད་ཅེས་ཐོས་ཞིང་། རང་ཉིད་ཀྱི་སེམས་ནང་གྲ་སྒྲིག་ཨང་བསར་བྱས་ཟིན། འོན་ཀྱང་བོད་ཀྱི་རི་མཐོ་བ་དང་ལམ་གཟར་པོ་ཡོད་པས་རང་ཉིད་དངངས་སྐྲག་ཅུང་སྐྱེས་བྱུང་། དེ་ལྟར་ཡིན་ནའང་ཁོང་གིས་སྔར་བཞིན་རྐང་ཐང་མར་མེ་ཏོག་རྫོང་གི་སྲིད་འཛིན་གྲོང་ཚོ་46ལ་སྐྱོད་ཡོད། བྱ་ར་ས་ཤང་གི་ཐག་རིང་ལུང་ཁུག་གྲོང་ཚོ་ཞིག་ཏུ་འཚམས་འདྲི་བྱེད་པར་སྐྱོད་སྐབས་གྲོང་མི་ཚོས་ཆུ་ཚོད་གཅིག་ཙམ་གྱི་སར་ཁོང་ཚོ་བསུ་བར་ཡོང་བ་དང་ཁ་གྱེས་སྐབས་ལམ་ཐག་རིང་པོའི་བར་སྐྱེལ་མ་བྱས། “རྟག་ཏུ་ཕྱི་ལ་གཞུང་དོན་སྒྲུབ་པ་དང་ཚོགས་འདུ་འཚོགས་པར་སྐྱོད་ནས་མེ་ཏོག་རྫོང་དུ་སླེབས་རྗེས་ཁྱིམ་དུ་སླེབས་པའི་སྣང་བ་ཞིག་ཡོང་གི་འདུག མེ་ཏོག་རྫོང་འཛུགས་སྐྲུན་བྱ་རྒྱུ་ནི་ཕ་ཡུལ་འཛུགས་སྐྲུན་བྱེད་པ་ཞིག་རེད”ཅེས་ཡུས་ཞའོ་ཁུན་གྱིས་བཤད། རི་གཤམ་དུ་འཚར་ལོངས་བྱུང་བའི་རི་མཐོའི་སྣེ་ཤན་པ་སྤེན་པ་དོན་གྲུབ་ཀྱིས་ཀྱང་ཕ་ཡུལ་ཆེད་དུ་འབད་འཐབ་བྱེད་བཞིན་ཡོད་པ་རེད། ཁོང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མདུན་དུ་གནས་པའི་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་དུ་སྐྱེས་པ་དང་། འདི་ལོ་ཁོང་གིས་པེ་ཅིང་སློབ་ཆེན་རི་འཛེག་རུ་ཁག་གི་རུ་མི་ཞིག་འཁྲིད་ནས་ཇོ་མོ་གླང་མའི་རྩེ་མོར་འཛེགས་པ་རེད། སྟོན་དུས་སུ། ཁོང་གིས་སླར་ཡང་འཛམ་གླིང་གི་རི་མཐོ་ཨང་དྲུག་པ་ཇོ་བོ་དབུ་ཡག་ཐོག་དམངས་ཁྲོད་དུ་རི་འཛེག་ལ་དགའ་པོ་ཡོད་མཁན་ཚོར་གཡས་སྲུང་གཡོན་སྐྱོར་བྱས་ཡོད། མིག་སྔར། རི་འཛེག་ཐོན་ལས་དེ་ཧི་མ་ལ་ཡའི་རི་ཁུལ་གྱི་རྫོང་འགའ་ཤས་ཀྱི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ལ་གྱུར་ཡོད། བོད་ལྗོངས་རི་འཛེག་སློབ་གྲྭ་དང་ས་གནས་དེ་གའི་རི་འཛེག་མྱུལ་དཔྱད་ཀུང་སིས་སློབ་གྲྭ་དང་ཁེ་ལས་མཉམ་འབྲེལ་བྱས་ཏེ། སྤེན་པ་དོན་གྲུབ་དང་འདྲ་བའི་ན་གཞོན་མང་པོ་ཞིག་ལ་ལས་ཞུགས་མངོན་འགྱུར་ཐུབ་པ་བྱས་ཡོད། ཐ་ན་ཕྱི་རྒྱལ་གྱི་རི་འཛེག་རྣམ་གྲངས་བརྒྱུད་འཛམ་གླིང་གི་རི་འཛེག་གར་སྟེགས་ཐོག་སྐྱོད་ཡོད་པ་རེད། “2018ལོར་ངས་ཧུར་བརྩོན་ངང་དབྱིན་ཡིག་སློབ་སྦྱོང་བྱས་ཏེ་མི་དེ་བས་མང་བས་ཀྲུང་གོའི་མི་རབས་གསར་པའི་རི་འཛེག་པའི་ཉམས་འགྱུར་ཤེས་རྟོགས་ཐུབ་པ་བྱ་རྒྱུའི་རེ་བ་ཡོད”ཅེས་སྤེན་པ་དོན་གྲུབ་ཀྱིས་བཤད། “2018ལོར་རྒྱལ་ཁབ་ཀྱིས་མཐའ་མཚམས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད་པས་མེ་ཏོག་རྫོང་གི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པར་འགྱུར་ངེས་རེད”ཅེས་ཡུས་ཞའོ་ཁུན་གྱིས་བཤད། “2018ལོར་ང་ཚོས་སྡེ་ཁུལ་གྱི་ཞབས་ཞུའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་བོད་ཀྱི་འཕེལ་རྒྱས་དང་ཡར་རྒྱས་ཆེད་ནུས་ཤུགས་ཕྲན་བུ་འདོན་རྒྱུ་ཡིན”ཞེས་བདེ་ཆེན་གཡུ་སྒྲོན་གྱིས་བཤད།
《བོད་ལྗོངས་ཉིན་རེའི་ཚགས་པར》ལས་བཏུས།