བོད་ལྗོངས་ལ་ལྟ་བ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
བོད་ཀྱི“ཕུགས་རེའི་འདུ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད”ཀྱིས་དཀའ་ངལ་ཡོད་པའི་སློབ་མ་ཁྲི་ལྷག་ཙམ་ལ་རོགས་སྐྱོར་བྱས་པ།
བོད་ཀྱི“ཕུགས་རེའི་འདུ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད”2006ལོ་ནས་སྤེལ་ཚུན་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་སྒོར་ཁྲི་3002.54 གྲབས་གསོག་བྱས་ཟིན་པ་དང་སློབ་མ་དབུལ་པོ་11660ལ་རོགས་སྐྱོར་བྱས་ནས་བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་འདེགས་སྐྱོར་བྱེད་པའི་གཞི་རྟེན་གལ་ཆེན་དུ་གྱུར་ཡོད་པ་རེད། གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི“ཕུགས་རེའི་འདུ་འགོད་ཀྱི་ཕུགས་འདུན་མངོན་འགྱུར་བྱ་སྤྱོད”ནི་སྤྱི་ཚོགས་ཀྱི་འགན་འཁྲི་མཉམ་འཁུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་སྤྱི་ཕན་བྱ་སྤྱོད་ཅིག་ཡིན་པ་དང་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ཁེ་ལས་དང་གཅེས་སེམས་མི་སྣའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་བྱེད་སྒོའི་ནང་ཧུར་ཐག་ཞུགས་ཡོད་པ་རེད། འདི་ལོར་བྱ་སྤྱོད་དེར་ཀྲུང་གོ་ཀུའེ་ཀྲོའུ་མའོ་ཐའེ་ཨ་རག་བཟོ་གྲྭ(ཚོགས་པ)ཚད་ཡོད་འགན་འཁྲི་ཀུང་སིའི་རྒྱབ་སྐྱོར་ཐོབ་ནས་ཞལ་འདེབས་མ་དངུལ་སྒོར་ཁྲི་225ཐོབ་པ་དང་སློབ་མ་རེར་སྒོར་5000གི་ཚད་གཞི་གཞིར་བཟུང་བོད་ཀྱི་སྤྱོད་ཡོན་གཉིས་ལྡན་དང་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་ཆེན་སློབ་མ་གསར་པ་450ལ་རོགས་སྐྱོར་བྱས་ཡོད་པ་རེད།
ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་ཐོན་རྫས་ལ་ཀུན་གྱིས་དགའ་པོ་བྱེད་པ།
ཕོ་བྲང་པོ་ཏ་ལ་ནི་རྒྱལ་ཡོངས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་དང་འཛམ་གླིང་རིག་གནས་ཀྱི་ཤུལ་གཞག་ཅིག་རེད། ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་ཐོན་རྫས་ནི་ཕྱི་ཕྱོགས་དྲིལ་བསྒྲགས་ཀྱི་སྐར་ཁུང་ཞིག་གི་ངོས་ནས་ལྷ་སའི་མིང་བྱང་ཞིག་ཏུ་གྱུར་ཡོད། ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་གཞག་གི་སྤྱི་ཚོགས་ནུས་པ་སྔར་བས་ལེགས་པའི་ངང་འདོན་སྤེལ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། ཕོ་བྲང་པོ་ཏ་ལ་དོ་དམ་ཁྲུའུ་ཡིས་ཉར་ཚགས་བྱས་པའི་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས་གསར་བཟོ་ཐེངས་གཉིས་བྱས་ཤིང་དེང་རབས་ཀྱི་དར་བཟོའི་འགྲོས་དང་བསྟུན་ནས་སྣ་ཁ་མང་བའི་རིག་གནས་བསམ་བཀོད་ཐོན་རྫས་བཟོས་ཏེ་བོད་ཀྱི་རིག་གནས་བསམ་བཀོད་ཁྲོམ་རའི་སྙན་གྲགས་སྔར་བས་ཆེ་རུ་བཏང་ཡོད། མིག་སྔར་ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཁ་300ལྷག་ཙམ་ཡོད།
བོད་ཀྱི“རིག་ལྡན་ཁྲིམས་ཁང”གིས་ཞིང་འབྲོག་པར་ཁྲིམས་ལུགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུར་སྟབས་བདེ་བསྐྲུན་པ།
གློག་རྡུལ་ཡིག་སྒྲིལ་གྱོད་གཞི་དང་མཉམ་དུ་བཟོ་བ་དང་། ཁྲིམས་སའི་འདྲི་གཅོད་ཀྱི་སྐད་བརྡ་དབྱེ་འབྱེད་བྱེད་པ། ཁྲུན་གཅོད་ཡིག་ཆ་རང་འགུལ་ངང་བོད་རྒྱ་སྐད་གཉིས་ལ་ཕབ་པ། གྲངས་གཞི་ཆེན་པོ་ལས་ཉེས་གསོག་གི་ཆེད་དམིགས་སྙན་ཞུ་གྲུབ་པ། སྐོར་སྐྱོད་རླངས་འཁོར་གྱི་ཚན་རྩལ་ཁྲིམས་ར་སོགས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས“རིག་ལྡན་ཁྲིམས་ཁང”བསྐྲུན་པའི་གྲུབ་འབྲས་ལས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་ཁྲིམས་ལུགས་ཀྱི་ཞབས་ཞུ་བསྒྲུབ་རྒྱུར་སྟབས་བདེ་བྱུང་བ་རེད། བོད་ནི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་ལམ་ཐག་རིང་བས་གྱོད་གཞི་ཐག་གཅོད་བྱེད་པར་མ་གནས་ཧ་ཅང་མཐོ་པོ་ཡོད།--“ཆ་འཕྲིན་ཅན་འཛུགས་སྐྲུན་ལས་མི་དམངས་མང་ཚོགས་ཀྱི་གཏུག་བཤེར་དུས་ཚོད་ཐུང་དུ་དང་དཔལ་འབྱོར་གྱི་མ་གནས་དམའ་རུ་སོང་ལ། ལས་དོན་པའི་གྱོད་གཞི་ཐག་གཅོད་ཀྱི་མ་གནས་ཀྱང་གྲོན་ཆུང་ཐུབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལག་བསྟར་ཁྲིམས་དཔོན་གྱི་ལས་རོགས་ཝང་ཡུང་ཀང་གིས་བརྗོད། 2018ལོའི་ཟླ་10 པར་བོད་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་ཆེས་ཆེར་སོང་ནས་ལྗོངས་ཡོངས་སུ་ཚན་རྩལ་གྱི་ཁྲིམས་ར་157བཙུགས་པ་དང་། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ས་ཁུལ(གྲོང་ཁྱེར)འབྲིང་རིམ་མི་དམངས་ཁྲིམས་ཁང་7 རྫོང(ཆུས)ཁྲིམས་ཁང་74དང་དེ་བཞིན་ཤང་དང་གྲོང་རྡལ་གྱི་ཁྲིམས་ཁང་ཁག་གཅིག་བཅས་ལ་བརྙན་ལམ་ཚོགས་འདུ་དང་ཁྲིམས་རའི་འདྲི་གཅོད་ཐད་གཏོང་སོགས་ལྟེ་བའི་ལས་སྒོ་ཕྱོགས་ཡོངས་ནས་ཁྱབ་ཡོད་པ་རེད།
“ཁྲོན་བོད་ཀྱི་ཟམ་པ་ཨང་དང་པོའི”ཟམ་ངོས་བསྐྲུན་ཟིན་ནས་རླངས་འཁོར་ཤར་བགྲོད་ཀྱི་ནུས་པ་ལྡན་པ།
འཕྲུལ་ཆས་ཆེ་གྲས་འགའ་ཤས་ཀྱིས་མཉམ་དུ་ལས་ཀ་བྱས་པ་བརྒྱུད།“ཁྲོན་བོད་ཀྱི་ཟམ་པ་ཨང་དང་པོ”ཞེས་བརྗོད་པའི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ལྕགས་ཟམ་ཁའི་རྒྱལ་མོ་རྔུལ་ཆུའི་ཞིང་ཁང་ཟམ་ཆེན་གྱི་ལམ་ངོས་རྒྱལ་སྟོན་རིང་བདེ་བླག་ངང་བསྐྲུན་ཟིན་ནས་རླངས་འཁོར་ཤར་བགྲོད་ཀྱི་ནུས་པ་ལྡན་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཟམ་པ་དེ་ནི་སྤྱིའི་རིང་ཚད་ལ་སྨི་1411ཟིན་པའི་ཁ་ཞེང་ཆེ་བའི་ལྕགས་གདུང་གི་འབྲེང་ཟམ་ཡིན་པ་དང་། དེ་ནི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འགག་རྩའི་ལས་གྲྭའི་གྲས་ཤིག་ཡིན་པ་དང་། “ཁྲོན་བོད་ཀྱི་ཟམ་པ་ཨང་དང་པོ” ཞེས་བརྗོད་ཀྱི་ཡོད། སི་ཁྲོན་འགྲིམ་འགྲུལ་མ་འཇོག་ཚོགས་པས་མ་རྩ་བཏང་ནས་བསྐྲུན་པའི་གཡག་རྔ་ནས་དར་རྩེ་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་135ཡོད་པ་དང་། ལུའུ་ཧྲན་ནས་དར་རྩེ་མདོ་བར་གྱི་ས་ཡོམ་གྱི་གེགས་བར་བྱུང་ཁུལ་གྱི་ཚེ་སྲོག་གི་བགྲོད་ལམ་གལ་ཆེན་ཞིག་དང་ནང་ས་ནས་བོད་རིགས་ས་ཁུལ་དུ་ཡོང་བའི་བགྲོད་ལམ་འགངས་ཆེན་ཞིག་ཀྱང་རེད། 2017ལོའི་ལོ་མཇུག་ཏུ་རྣམ་གྲངས་དེའི་གཡག་རྔ་ནས་ལྕགས་ཟམ་ཁ་བར་གྱི་སྤྱི་ལེ་95སྔ་སྣུར་དུ་བསྐྲུན་ཟིན་ནས་རླངས་འཁོར་ཚོད་གཏོང་བྱས་པ་དང་། ཚོད་རྩིས་བྱས་ན། 2018 ལོའི་ལོ་མཇུག་ཏུ་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས་དཀར་མཛེས་ཀྲོའུ་རུ་མྱུར་བགྲོད་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་རྒྱུ་རེད།
བོད་དུ་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་གི་སྤེལ་རེས་ཚོགས་ཆེན་ཐོག་མར་གཉེར་བ།
ཟླ་10ཚེས་5ཉིན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་གྱི་ནོར་སྟོད་ལར་བོད་ལྗོངས་ནོར་སྟོད་ལའི་རྒྱལ་ཡོངས་གངས་ཤུད་རི་འཛེག་གི་སྤེལ་རེས་ཚོགས་ཆེན་སྐབས་ཐོག་མ་གྲོལ་བ་རེད། ད་རེས་ཀྱི་སྤེལ་རེས་ཚོགས་ཆེན་ནི་བོད་ཀྱི་རི་འཛེག་ཚོགས་ཆེན་སྐབས་བཅུ་དྲུག་པའི་གྲས་ཤིག་ཡིན། རི་འཛེག་ཚོགས་ཆེན་གྱིས་2016ལོར་གངས་ཤུད་རི་འཛེག་བྱེད་སྒོ་སྤེལ་བ་དང་། ལོ་སྔོན་མ་དག་ལ་ལྗོངས་ནང་ཁུལ་གྱི་ལུས་རྩལ་པ་དང་དགའ་ཞེན་པ་ཞུགས་མཁན་གཙོ་བོ་ཡིན་ནའང་། ད་ལོར་བྱེད་སྒོ་དེ་རྒྱལ་ཡོངས་རང་བཞིན་གྱི་ཁྱབ་གདལ་དང་འགྲན་བསྡུར་རྣམ་གྲངས་སུ་ཐོག་མར་གྱུར་པ་རེད། རྒྱལ་ཁབ་ཕྱི་ནང་གི་ལས་ཞོར་གྱི་གངས་ཤུད་དགའ་ཞེན་པ་30སྤེལ་རེས་ཚོགས་ཆེན་ལ་ཞུགས་པ་དང་། མི་ཁག་གཅིག་དེ་གོང་འགྲན་ལམ་ཐོག་གངས་ཤུད་གློད་མྱོང་བ་ལས་རི་འཛེག་དང་རི་སྟེང་ནས་གངས་ཤུད་གློད་པའི་ཉམས་མྱོང་མེད། སྒྲིག་འཛུགས་ཚན་པས་ཀྲུང་གོའི་རི་འཛེག་མཐུན་ཚོགས་ཀྱི་གངས་ཤུད་རི་འཛེག་རྩལ་འཁྲིད་པ་ཁང་ཧྭ་སོགས་ཚུད་པའི་རྩལ་འཁྲིད་པ་6གདན་ཞུ་བྱས་པ་དང་། ཁོང་ཚོས་བདམས་ཐོན་པ་རྣམས་ས་བབ་མཐོ་པོར་འཕྲོད་རྒྱུར་སྣེ་ཁྲིད་བྱས་པ་མ་ཟད། ATཡར་འཛེག་སོགས་གངས་ཤུད་ཀྱི་ཆེད་ལས་ལག་རྩལ་ལ་ཡང་སྦྱོང་བརྡར་བྱས་པ་རེད། བོད་ལྗོངས་གངས་ཤུད་རུ་ཁག་གི་རུ་མི་6བྱེད་སྒོར་ཞུགས་ནས་སྤྱིར་བཏང་གི་གངས་ཤུད་དགའ་ཞེན་པར་མཛུབ་ཁྲིད་བྱས་པ་རེད།
གསུམ་ལྡན་གྲོང་ཚོར་དཔྱིད་གསར་ཆ་ཡིག་བསྐྱལ་བ།
ཉེ་ཆར། བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་ནང་གི་ཡིག་གཟུགས་ལ་དགའ་མཁན་20ལྷག་ཙམ་དང་བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི་འགས་སྐྱིད་ཆུའི་ངོགས་སུ་ཆགས་པའི་ཆུ་ཤུར་རྫོང་གསུམ་ལྡན་གྲོང་ཚོར་བསྐྱོད་དེ་གྲོང་ཚོ་དེ་གའི་དུད་ཚང་184ཡི་བོད་རིགས་དང་རྒྱ་རིགས་མང་ཚོགས་ལ་དཔྱིད་གསར་གྱི་སྨོན་ཚིག་གི་ཆ་ཡིག་བྲིས་པ་རེད། ད་ཕན་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་དང་འབྱོར་འབྲིང་གི་བདེ་སྡོད་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས་པ་དང་། ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱ་ཡུལ་ཐོག་མ་ཡིན་པའི་གསུམ་ལྡན་གྲོང་ཚོ་2016ལོའི་ཟླ་3པར་སྐྲུན་འགོ་ཚུགས་པ་དང་། 2016ལོའི་ཟླ་7ཚེས་5ཉིན་སྐྲུན་མཇུག་འགྲིལ་ནས་གྲོང་མི་ཚང་མ་དེ་གར་སྤོས། “གྲོང་ཚོར་བ་ཕྱུགས་གསོ་ཚགས་མཉམ་ལས་ཁང་དང་། ཁྱིམ་བྱ་གསོ་ཚགས་མཉམ་ལས་ཁང་། ཁྱད་ལྡན་འདེབས་འཛུགས་མཉམ་ལས་ཁང་སོགས་ས་གནས་དེ་གའི་དོན་དངོས་དང་མཐུན་པའི་ཐོན་ལས་འཕེལ་རྒྱས་བཏང་བ་བརྒྱུད། འཚོ་བའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་སོང་ལ་མང་ཚོགས་ཕྱུག་འགྱུར་གྱི་ཐབས་ལམ་ཡང་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་སོང”ཞེས་རུ་སྐྱིད་ཀྱིས་བཤད། ཁག་བརྒྱད་པའི་བོད་སྐྱོར་ལས་བྱེད་པ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་སྤྱི་གཞོན་པ་སུན་ཤང་ཅུན་གྱིས་2018ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་མཉམ་དུ་འཁེལ་བ་དང་། གསུམ་ལྡན་གྲོང་ཚོར་དཔྱིད་གསར་ཆ་ཡིག་བྲིས་ནས་བསྐྱལ་ཏེ་ཡུལ་མི་རྣམས་ལ་དུས་ཆེན་གྱི་སྨོན་འདུན་མཚོན་པར་བྱས་པས་དུས་ཆེན་གྱི་རྣམ་པ་ཟབ་ཏུ་ཕྱིན་ཡོད་ཅེས་བཤད། བྱེད་སྒོ་སྤེལ་རིང་། བོད་སྐྱོར་ལས་བྱེད་པ་ཁག་བརྒྱད་པའི་ནང་གི་ཡིག་གཟུགས་ལ་དགའ་ཞེན་ཡོད་མཁན་དང་བོད་ལྗོངས་ཡིག་གཟུགས་མཁས་ཅན་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་མཛུབ་སྨྱོན·ལྷག་པ་ཚེ་རིང་དང་སྤེན་ནོར་སོགས་བོད་ཡིག་ཡིག་གཟུགས་མཁས་ཅན་གྱིས《བཀྲ་ཤིས་བདེ་ལེགས། བསམ་དོན་ལྷུན་གྲུབ》དང་《བོད་རྒྱ་ཁྱིམ་ཚང་གཅིག》སོགས་ཀྱི་ཡིག་གཟུགས་བརྩམས་ཆོས་མཉམ་དུ་བྲིས་ནས་གསུམ་ལྡན་གྲོང་ཚོའི་ཏང་ཀྲི་པུའུ་དང་བྱེད་སྒོར་ཞུགས་མཁན་གྲོང་མིར་སྤྲད་པ་རེད།
བོད་དུ་སྟོབས་ལེགས་གནམ་གཤིས་ལེ་ཏ་གཉིས་བསྐྲུན་པ།
ཉེ་ཆར་ཅུས་དེས་བསྐྲུན་འགན་འཁུར་བའི་སྲ་གཟུགས་ཧྲིལ་པོའི་Xསྒྲ་རླབས་ཀྱི་སྟོབས་ལེགས་གནམ་གཤིས་ལེ་ཏ་བསྐྲུན་ནས་ལས་སྒོའི་ནང་དངོས་སུ་སྤྱོད་འགོ་ཚུགས་པ་དེས་ད་ཆ་ལྷ་སའི་མཐའ་འཁོར་ས་ཆ་མང་ཆེ་བར་གནམ་གཤིས་ལེ་ཏས་ལྟ་ཞིབ་ཚད་ལེན་བྱེད་མི་ཐུབ་པའི་སྟོང་ཆ་གསབ་པ་མ་ཟད། གནམ་གཤིས་གནོད་འཚེའི་སྔོན་བརྡ་གཏོང་བའི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་མཚོན་ཡོད། ལེ་ཏ་མ་ལག་དེས་ཚངས་ཕྱེད་སྤྱི་ལེ་75བརྒལ་སར་ནུས་ལྡན་ཞིབ་དཔྱད་ཐུབ་ནས་ཐིག་པ་དང་། བརྟན་པ། བེད་སྤྱོད་དང་ཉམས་གསོ་བྱེད་བདེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད་ལ། ད་དུང་ཆུ་ཚོད་24བསྟུད་མར་སྤྱོད་ཆོག་པ་དང་མིས་སྲུང་དགོས་ཀྱི་མེད་པ་རེད། གསར་འགོད་པས་ཤེས་རྟོགས་བྱས་པར། བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་དེ་སྔ་ལྷ་སར་Cསྒྲ་རླབས་ཀྱིས་སྟོབས་ལེགས་གནམ་གཤིས་ལེ་ཏ་གཅིག་བསྐྲུན་མོད། འོན་ཀྱང་རི་མང་བ་དང་མཐོ་བ་སོགས་ཀྱི་དམིགས་བསལ་ས་གཤིས་ཀྱི་ཤུགས་རྐྱེན་དབང་གིས་ལྟ་ཞིབ་ཚད་ལེན་ལ་ཤུགས་རྐྱེན་ཕོག་ཡོད། དེར་བརྟེན་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་དང་། རྩད་ཞིབ། རིགས་པས་ཁུངས་སྐྱེལ་སོགས་ཀྱི་ལས་དོན་ཐེངས་མང་བསྒྲུབས་རྗེས་མཐར་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་5474ཡོད་པའི་མལ་གྲོ་གུང་དཀར་རྫོང་གི་རྒྱ་མའི་རི་རྩེ་དང་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4973ཡོད་པའི་གོང་དཀར་རྫོང་གི་སྐྱ་རོག་ལའི་རི་རྩེར་སྲ་གཟུགས་ཧྲིལ་པོའི་Xསྒྲ་རླབས་ཀྱི་སྟོབས་ལེགས་གནམ་གཤིས་ལེ་ཏ་གཅིག་བཙུགས་པ་རེད།
རྒྱལ་སྟོན་རིང་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་136ལྷག་ཙམ་ལ་སྣེ་ལེན་ཞུས་པ།
2018ལོའི་རྒྱལ་སྟོན་གུང་གསེང་རིང་། བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་136.3ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་20.5%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་6.9ཟིན་པ་དེ་དུས་མཚུངས་ལས་25.1%འཕར་ནས་གྲངས་གཞི་ཁག་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། གུང་གསེང་རིང་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་ཧུར་ཐག་བྱས་ཏེ་གྲོང་གསེབ་ཡུལ་སྐོར་དང་། རིག་གནས་ཡུལ་སྐོར། དམངས་སྲོལ་ཡུལ་སྐོར་སོགས་ཀྱི་ཁྱད་ལྡན་ཡུལ་སྐོར་བྱེད་སྒོ་ཁྱབ་གདལ་དང་གུང་གསེང་གི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་སྟེ“ས་གོ་ལའི་སྣེ་གསུམ་པའི”ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ཡོད། དེ་དང་ཆབས་ཅིག ཉེ་བའི་ལོ་ཤས་རིང་། བོད་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་བཏོད་པ་བརྒྱུད་ཡུལ་སྐོར་བ་བོད་དུ་ཕར་འགྲོ་ཚུར་འོང་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། གྲངས་གཞི་ལས་མངོན་གསལ། ཟླ་9ཚེས་30ཉིན་ནས་ཟླ་10 ཚེས་6ཉིན་བར། དུས་གཏན་གནམ་གྲུ་ཐེངས་980བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་11.4དབོར་འདྲེན་བྱས་པ་དང་མེ་འཁོར་ཐེངས་126བཏང་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་11.4དབོར་འདྲེན་བྱས་ཡོད། “ང་ཚོས་བྱེད་ཐབས་སྣ་མང་སྤྱད་དེ་བོད་དུ་ཡོང་མཁན་ཡུལ་སྐོར་བར‘བདེ་འཇགས་དང་། སྐྱིད་སྣང་དོད་པ། འཆམ་མཐུན། དགའ་སྤྲོ’བཅས་ཀྱི་ཡུལ་སྐོར་གྱི་མྱོང་ཚོར་ཞིག་གཏོད་རྒྱུའི་འགན་ལེན་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་དེ་ལྟར་བཤད།
བོད་ཀྱི་མང་ཚོགས་ཚོས་བློ་བདེའི་གློག་སྔ་ཙམ་སྤྱོད་ཐུབ་པར་བྱེད་པ།
ཟླ་10ཚེས་5ཉིན་གྱི་ཞོགས་པའི་ཆུ་ཚོད་7པར། བོད་རིགས་ས་ཁུལ་གྱི་ཤར་ངོས་སུ་གནས་པའི་སྤོ་མེས་རྫོང་དུ་སྤྲིན་ནག་རབ་ཏུ་འཁྲིགས་ནས་གྲང་རླུང་འུར་འུར་དུ་ལྡང་ཞིང་། དྲོད་ཚད་ཧྲེ་ཧྲི་ཏུའུ་10ཡང་ཟིན་གྱི་མེད། སྐབས་དེར་བོད་དབུས་དང་ཆབ་མདོའི་གློག་དྲ་དྲ་སྦྲེལ་འགན་གཙང་ལས་གྲྭའི་ལམ་དུམ་14པའི་ལས་ཡུལ་དངོས་ཀྱི་འགན་ཁུར་བ་ཀའོ་མིང་དང་། བདེ་འཇགས་འགན་ཁུར་བ་ཀེང་དབན་ལེང་། སྤུས་ཚད་ལྟ་ཞིབ་པ་ཝང་ཅུན་ཧྥུང་དང་ཝུའེ་ཞུས་བཅས་རྣམ་གྲངས་པུའུ་ནས་ཐོན་ཏེ་ལས་གྲྭ་གང་མགྱོགས་མཇུག་འགྲིལ་ནས་གློག་སྔ་ཙམ་གཏོང་ཐུབ་ཆེད་གློག་སྐུད་འཁྲིད་ཚུལ་ལ་སྐོར་ཞིབ་བྱེད་བཞིན་ཡོད། ལམ་དུམ་ལས་གྲྭ་དེའི་གློག་སྒྲོམ་མང་ཆེ་བ་གདོད་མའི་ནགས་ཚལ་ཁྲོད་དུ་གནས་ཤིང་། སྐོར་ཞིབ་པ་གཡང་གཟར་བའི་རི་ཁུག་ཏུ་རྐང་ཐང་མར་ཆུ་ཚོད་འགའ་བསྐྱོད་ཚེ། གཞི་ནས་གློག་སྒྲོམ་གནས་སར་འབྱོར་གྱི་ཡོད། དེས་ན། ཁོང་ཚོས་ལུས་ལ་ལམ་རྒྱགས་དང་ཆུ་འཁྱེར་ནས་དགུང་ཟས་ཀྱི་ཚབ་བྱེད་ཀྱི་ཡོད། ཆན་ཧྥུའུ་500ཟིན་པའི་བོད་དབུས་གློག་དྲ་དྲ་སྦྲེལ་ལས་གྲྭ་ནི་རྒྱལ་ཁབ་གློག་ཤུགས་ཀུང་སིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། བོད་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”རིང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་དམངས་ཕྱུག་བོད་དར་གྱི་སྤྱི་ཡོངས་དང་འབྲེལ་བའི་འཐབ་ཇུས་དང་དམངས་སེམས་ཀྱི་འདུ་འགོད་ཅིག དཀའ་ཚེགས་ཆེ་བའི་ཁུལ་ལས་ཚད་བརྒལ་དང་། འཚོ་གནས་ཀྱི་མཐའ་ཚད་ལ་འགྲན་སློང་། ས་བབ་ཧ་ཅང་མཐོ་བ་དང་། མཐོ་ཚད་ཧེ་བག་ཆེ་བ། རང་བྱུང་ཆ་རྐྱེན་རྙོག་དྲ་ཆེ་ཤོས། འཛུགས་སྐྲུན་དཀའ་ཚེགས་སྔར་ན་མེད་པ་བཅས་ཀྱི“རིམ་འདས”གློག་སྐྱེལ་གློག་སྒྱུར་ལས་གྲྭ་ཞིག་རེད། ལས་གྲྭ་དེ་བོད་ལྗོངས་ཀྱི་དབུས་དང་ཆབ་མདོ་གློག་དྲ་དྲ་སྦྲེལ་ལས་གྲྭ་དང་། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་གློག་མཁོ་འདོན་ལས་གྲྭ་གཉིས་ལས་གྲུབ་པ་རེད། མིག་སྔར། ཧོ་ནན་གློག་སྐྱེལ་གློག་སྒྱུར་འཛུགས་སྐྲུན་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་བོད་དབུས་གློག་དྲ་དྲ་སྦྲེལ་གྱི་འགན་གཙང་ལས་གྲྭ་14དང་15ཡི་ལམ་དུམ་གཉིས་ཀྱི་ཨར་སྐྲུན་ལས་འགན་ཡོངས་སུ་ལེགས་གྲུབ་ཟིན་ནས་འཁོར་སྐྱོད་མ་བྱས་གོང་གི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད། དེའི་རིང་། རྣམ་གྲངས་པུའི་ལས་མིས་ངེས་པར་དུ་རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་ལེགས་པར་སྒྲུབ་དགོས་པ་དང་འབྲེལ། རང་བྱུང་གནོད་འཚེ་སོགས་ཀྱིས་བསྐྲུན་ཟིན་པའི་ལས་གྲྭར་གཏོར་སྐྱོན་མི་ཕོག་པའི་སྔོན་འགོག་བྱེད་དགོས་པ་དང་། ལྷག་དོན་དུ་ནགས་ཚལ་མེ་ཟོན་ལས་དོན་ལེཌ་པར་སྒྲུབ་དགོས་ཀྱི་ཡོད།
བོད་དུ་རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་བསྟན་པ།
ཟླ་10ཚེས་10ཉིན་གྱི་ཕྱི་དྲོ། “སྲོག་ཆགས་དང་རང་བྱུང”གིས་བརྗོད་དོན་གཙོ་བོ་བྱས་པའི་གློག་བརྙན་འགྲེམས་སྟོན་དཔྱད་བསྡུར་གྱི་ཚོགས་འདུ་གཟབ་རྒྱས་ཏེ། ལྷ་ས་རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་གཟའ་འཁོར་དེ་ཨ་ནོ·ཧྲི་ཝ་ཆིན་ཀོ་ཡིས་འགྲེལ་བཤད་བརྒྱབ་པའི་གློག་བརྙན་ཁྲོད་འགོ་ཚུགས་པ་རེད། འདི་ནི་རྒྱལ་སྤྱིའི་ལྗང་མདོག་གློག་བརྙན་གཟའ་འཁོར་བོད་དུ་སྤེལ་ཐེངས་དང་པོ་ཡིན་ཞིང་། གློག་བརྙན་གཟའ་འཁོར་ཟླ་འདིའི་ཚེས་14ཉིན་བར་རྒྱུན་མཐུད་བྱ་རྒྱུ་དང་ལྟད་མོ་བ་ཚོར་མིག་གི་གསོལ་སྟོན་གཟབ་རྒྱས་ཤིག་གཤོམ་རྒྱུ་རེད། “འདི་ནི་ངས་མི་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་པའི་གློག་བརྙན་ལྟ་ཐེངས་དང་པོ་ཡིན།《ངོ་མཚར་ཆེ་བའི་རྒྱ་ མཚོ》མ་བལྟས་གོང་ངས་རྒྱ་མཚོ་མཐོང་མྱོང་མེད། གློག་བརྙན་འདི་བལྟས་རྗེས་རང་བྱུང་ཁམས་ཀྱི་ངོ་མཚར་ཟབ་མོ་ཚོར་བྱུང་། གློག་བརྙན་གཞན་དག་ལ་རེ་སྒུག་ཆེན་པོ་ཡོད”ཅེས་འགོ་ཚུགས་གློག་བརྙན་བལྟས་པའི་ལྷ་སའི་གྲོང་མི་ལྷ་འཛོམས་ཀྱིས་བཤད།
བོད་ཀྱི་དངོས་བྲིས་ལུཌ་ཀྱི་ཐང་ག་གཞི་ཁྱོན་ཆེན་པོས་འགྲེམས་སྟོན་ཐེངས་དང་པོ་བྱས་པ།
ཟླ་10ཚེས་11ཉིན། དངོས་བྲིས་ལུགས་ཀྱི་ཐང་ག་60ལྷ་སར་གཅིག་སྡུད་འགྲེམས་སྟོན་བྱས་པ་དང་། འདི་ནི་དངོས་བྲིས་ལུགས་ཀྱི་ཐང་ག་གཞི་ཁྱོན་ཆེན་པོས་འགྲེམས་སྟོན་བྱེད་ཐེངས་དང་པོ་རེད། དངོས་བྲིས་ལུགས་ཀྱི་ཐང་ག་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པ་དང་། སློབ་དཔོན་ཆེན་པོ་ཨ་མདོ་བྱམས་པས་སྲོལ་གཏོད་གནང་བ་རེད། སྨན་ཐང་སོགས་སྲོལ་རྒྱུན་གྱི་ཐང་གའི་འབྲི་ལུགས་དང་མི་འདྲ་བ་ནི་དངོས་བྲིས་ལུགས་ཀྱི་ཐང་གས་བོད་ཀྱི་སྲོལ་རྒྱུན་ཐང་གའི་འབྲི་སྟངས་རྒྱུན་འཛིན་བྱས་པའི་རྨང་གཞིའི་ཐོག་དངོས་བྲིས་རི་མོའི་ཁྱད་ཆོས་མཉམ་འདྲེས་བྱས་ཡོད་པ་རེད། འགྲེམས་སྟོན་བྱས་པའི་ཐང་ག《གཉའ་ཁྲི་བཙན་པོ》ལ་མི་མང་པོ་ཞིག་གིས་དོ་ཁུར་བྱེད་ཅིང་། ཐང་ག་དེར་བོད་ཀྱི་རྗེ་ལ་སྔ་བ་གཉའ་ཁྲི་བཙན་པོ་རྒྱལ་སར་འཁོད་པའི་བརྒྱུད་རིམ་དང་ཕོ་བྲང་ཡུམ་བུ་བརླ་སྒང་བཞེངས་པའི་རྣམ་པ་བཀོད་ཡོད། གཞན་ཡང་། བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་སྲོལ་གཏོད་པ་ཙོང་ཁ་པས་ཆོས་འཁོར་བསྐོར་བའི་བརྩམས་ཆོས《ཙོང་ཁ་པ》དང་བོད་སྨན་བཟོ་ལུགས་ཀྱི་བརྒྱུད་རིམ་སྟོན་པའི་བརྩམས་ཆོས《གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ》ལ་ཡང་དོ་ཁུར་ཆེན་པོ་ཐོབ་ཡོད་པ་རེད།
རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་གིས་བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་པ་1000ཙམ་གསོ་སྦྱོང་བྱས་པ།
ཉེ་ཆར་བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་བོད་ལྗོངས་ཡན་ལག་སློབ་གླིང་གིས་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་དང་། ཁྲིམས་རའི་ཟིན་བཀོད་བ། མི་དམངས་ཀྱི་འདྲི་གཅོད་ལས་རོགས་པ། སྐད་གཉིས་ཁྲིམས་གཅོད་ཡིག་རིགས་བཟོ་མཁན་སོགས་ཁྱོན་མི་1000ཙམ་གསོ་སྦྱོང་བྱས་ནས། བོད་རིགས་མང་ཚོགས་ཀྱིས་བོད་ཡིག་དང་བོད་སྐད་སྤྱད་དེ་ཞུ་གཏུག་བྱེད་ཐུབ་པའི་འགན་ལེན་བྱས་པ་རེད། “བཅའ་ཁྲིམས་ཀྱི་སྐད་ཆ་ནི་ཧ་ཅང་གཟབ་ནན་དང་ཆེད་ལས་ཤིག་ཡིན། མིག་སྔར། བོད་ཀྱི་མང་ཚོགས་ཁག་གཅིག་གིས་རྒྱ་སྐད་མི་ཤེས་པ་དང་ལྷག་པར་ཏུ་ཞིང་འབྲོག་པ་ཁག་གཅིག་གིས་རྒྱ་སྐད་ཤེས་ཀྱི་མེད་པས་ཕན་ཚུན་འབྲེལ་བ་བྱེད་པར་བཀག་རྒྱ་བཟོས་ཡོད། སྐད་གཉིས་གསོ་སྦྱོང་བྱས་པ་བརྒྱུད། ངས་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་སྐོར་གྱི་ཐ་སྙད་སློབ་སྦྱོང་བྱས་པས། གྱོད་གཞི་སྒྲུབ་གཉེར་དང་ཡང་ན་འགལ་བ་འདུམ་འགྲིག་བྱེད་པ་སོགས་ཀྱི་ཐད་ནུས་པ་གལ་ཆེན་ཐོན་ཐུབ”ཅེས་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཞུས་ཞའོ་ཀྲེང་གིས་བརྗོད་པ་རེད།
བོད་ཀྱི་ཡར་ཀླུང་གཙང་པོའི་སྨན་གླིང་རྒྱུད་དུ་རི་ཉིལ་ནས་འཁྱིལ་མཚོ་ཆཌ་པ།
ཟླ་10ཚེས་17ཉིན་གྱི་ཐོ་རེངས་ཆུ་ཚོད་ལྔ་པ་ཙམ་ལ། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་གྲོང་ཚོའི་འགྲམ་གྱི་ཡར་ཀླུང་གཙང་པོའི་རོང་དུ་རི་ཉིལ་ནས་ཆུ་ཁ་མཐོ་རུ་སོང(ཆུ་རྒྱུག་ཤུགས་སྐར་ཆ་རེར་སྨི་རྒྱ་དཔངས་ངོས་གྲུ་2200ཟིན་པ)སྟེ་འཁྱིལ་མཚོ་ཆགས་ཡོད། ཚོད་རྩིས་བྱས་པར་གཞིགས་ན། རི་ཉིལ་ནས་ཆགས་པའི་འཁྱིལ་མཚོར་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་1.5ཙམ་ཟིན་གྱི་ཡོད། གེགས་བར་གྱི་གནས་ཚུལ་ཐོན་རྗེས། བོད་རང་སྐྱོང་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པ་གསུམ་པའི་འབྲུབ་འགོག་འཕྲལ་སྡོམ་གྱི་བྱ་ཐབས་འཕྲལ་མར་ལག་ལེན་བསྟར་བ་དང་། ས་གནས་སྲིད་གཞུང་གིས་ཕད་གྲོང་རྡལ་རྒྱ་ལ་གྲོང་ཚོའི་མང་ཚོགས་འཕྲལ་མར་སྤོ་རུ་བཅུག་ཡོད། ཡིན་ནའང་ཕད་གྲོང་རྡལ་ནས་རྒྱ་ལ་གྲོང་ཚོའི་བར་གཞུང་ལམ་གཅིག་ལས་མེད་པ་དེ་ཆུས་བསྣུབས་པས་རྒྱ་ལ་གྲོང་ཚོའི་མང་ཚོགས་59གནས་སྐབས་ཡོངས་སུ་བདེ་འཇགས་ལྡན་པའི་ས་ཆར་ཕྱིར་འཐེན་བྱེད་ཐུབ་མེད་ཅིང་། གྲོང་ཚོའི་ཉེ་འགྲམ་གྱི་ས་ཆ་མཐོ་ས་ཞིག་ཏུ་སྤོས་ནས་རོགས་སྐྱོབ་བསྒུགས་ནས་བསྡད་ཡོད་པ་དང་། ད་བར་མི་སྣ་འཆི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཆུ་བེད་ཐིང་གིས་ཐིང་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་པའི་ཆུ་བེད་དང་། ས་གཤིས། ཆུ་བེད་ཨར་ལས་སོགས་ཀྱི་རིགས་གཅིག་མཁས་པ་12ལས་གྲུབ་པའི་དཔུང་ཁག་ས་གནས་ས་ཐོག་ཏུ་མངགས་ནས་འཕྲལ་སྡོམ་ཉེན་སེལ་གྱི་ལས་དོན་སྒྲུབ་པ་དང་། བོད་ལྗོངས་མེ་ཟོན་སྤྱི་ཁྱབ་རུ་ཁག་གིས་འཕྲལ་སྡོམ་རོགས་སྐྱོབ་ཀྱི་སྔོན་ཇུས་དང་འཕྲལ་སྡོམ་རོགས་སྣོན་གྱི་སྔོན་ཇུས་འཕྲལ་མར་ལག་ལེན་བསྟར་ཏེ། ཉིང་ཁྲི་མེ་ཟོན་ཉིང་ལག་རུ་ཁག་གི་ཉིང་ལག་རུ་དཔོན་བཀྲ་ཤིས་རྒྱ་མཚོས་རུ་སྣེ་ཁྲིད་པའི་མི་24ལས་གྲུབ་པའི་རླངས་འཁོར་དྲུག་འཕྲལ་མར་ས་གནས་ས་ཐོག་ཏུ་ཐོན་པ་མ་ཟད། 《ཐད་འཕུར་གནམ་གྲུ་ནས་མེ་ཟོན་འཕྲལ་སྡོམ་རོགས་སྐྱོབ་བྱེད་པའི་མཉམ་ལས་གྲོས་མཐུན》ལག་ལེན་བསྟར་ཏེ་ལས་དོན་པ་མངགས་ནས་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་དང་མཉམ་དུ་ཐད་འཕུར་གནམ་གྲུར་བསྡད་དེ་ས་གནས་ས་ཐོག་ལ་མཁའ་ཐོག་ནས་ལྟ་ཞིབ་ཀྱང་བྱས་པ་རེད།--དེ་རྗེས་མེ་ཟོན་རོགས་སྐྱོབ་ཀྱི་སྟོབས་ཤུགས་གནོད་འཚེ་ཐོན་ཡུལ་དང་སྤྱི་ལེ་20ཙམ་ཆོད་པའི་རྟ་གླིང་གྲོང་ཚོའི་འཐབ་ས་མདུན་མའི་བཀོད་འདོམས་པུར་འཛོམས་ཏེ་བཀའ་སྒུག་པ་རེད།
པ་སངས་ཚེ་རིང་སོགས་ཀྱིས་བསྒྱུར།