མར་ཁེ་སི་རིང་ལུགས་ཀྱིས་ཆོས་ལུགས་ཀྱི་འབྱུང་བ་དང་ངོ་བོའི་ཐད་ཀྱི་འཆད་འགྲེལ།

ཡོན་ཏན་ཀུན་དགའ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25


(དུས་དེབ་གོང་མར་མཐུད)

གསུམ། ཆོས་ལུགས་ཀྱི་འཕེལ་རྒྱས།

གདོད་མའི་ཆོས་ལུགས་ཀྱི་འདུ་ཤེས་བྱུང་རྗེས། ཆོས་ལུགས་ནི་སྤྱི་ཚོགས་འདུ་ཤེས་ཀྱི་མངོན་ཚུལ་གཞན་དག་དང་འདྲ་བར་རང་ལ་དམིགས་བསལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་བའི་ལོ་རྒྱུས་ཞིག་ཡོད་དེ།

དང་པོ། ཆོས་ལུགས་འཕེལ་རྒྱས་འགྲོ་བའི་སྤྱིར་བཏང་ཆོས་ཉིད།

མར་ཁེ་སིས་ཆོས་ལུགས་ལ་ཆ་རྐྱེན་ཞན་པ་ནས་ཡག་ཏུ་འགྲོ་བའི་བརྒྱུད་རིམ་སྟེ། འབྱུང་བ་དང་། འཕེལ་བའི་ལོ་རྒྱུས་ལྡན་ཡོད་པ་རེད། ཅེས་གསུངས་ཡོད། མིའི་རིགས་ཀྱིས་གདོད་མའི་གནའ་རབས་ཤེས་རིག་གི་སྤྱི་ཚོགས་ནས་དེང་རབས་ཤེས་རིག་གི་སྤྱི་ཚོགས་བརྒྱུད་ཡོད་ཅིང་། ཆོས་ལུགས་ཀྱི་རྣམ་པ་ཡང་དུས་རབས་དང་དཔལ་འབྱོར་འགྱུར་བ་འགྲོ་བ་དང་བསྟུན་ནས་འགྱུར་བ་སྣ་ཚོགས་བྱུང་ཡོད་པ་སྟེ། རུས་རྒྱུད་སྤྱི་ཚོགས་ཀྱི་སྔ་རོལ་དུ། རང་བྱུང་གི་སྣང་ཚུལ་དང་སྲོག་ཆགས་རྩི་ཤིང་ལ་དད་བཀུར་བྱེད་པའི་གདོད་མའི་ཆོས་ལུགས་ཀྱི་འདུ་ཤེས་བྱུང་ཡོད་ཅིང་། རུས་རྒྱུད་ཀྱི་སྤྱི་ཁང་མཉམ་དུ་བརྒྱབ་ནས་ཚོ་པ་ཆགས་པ་དང་བསྟུན་ཚོ་ཁག་གི་ལྷ་བྱུང་བ་རེད། ཚོ་ཁག་གི་ལྷ་བྱུང་བ་ལས་གདོད་མའི་ཆོས་ལུགས་ཀྱི་འདུ་ཤེས་དེ་ཉིད་རིམ་པ་ཅུང་མཐོ་བར་འཕེལ་རྒྱས་བྱུང་བ་མངོན་གྱི་ཡོད། དེ་རྗེས་བྲན་གཡོག་སྤྱི་ཚོགས་ལ་སླེབས་ནས་རྒྱལ་ཁབ་བྱུང་བའི་བརྒྱུད་རིམ་ནང་ཚོ་པ་ཁག་གི་ལྷའི་ནང་ནས་བླ་ན་མེད་པའི་ལྷ་ཞིག་བྱུང་སྟེ། དེ་བྱིངས་ལྷ་རྣམས་ཀྱིས་དེར་འདུད་དགོས་པས། མི་ལ་རིམ་པ་བྱུང་བ་མ་ཟད་ལྷ་ལའང་རིམ་པ་བྱུང་བ་རེད། གོང་མའི་སྲིད་དབང་སྒེར་གཅོད་ཀྱི་རྒྱལ་ཁབ་ཆེན་པོ་བྱུང་བ་དང་སྦྲགས་ནུས་པ་དཔག་མེད་ལྡན་པའི་ལྷ་གཅིག་བྱུང་བ་དང་། ལྷ་དེ་རང་ལ་དད་པའི་ཆོས་ལུགས་ནི་འཇིག་རྟེན་ཁམས་ལ་གོང་མའི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་དར་བ་དང་འཚམ་པ་ཞིག་རེད། འཛམ་གླིང་རང་བཞིན་གྱི་ཆོས་ལུགས་ཆེན་པོ་ཡེ་ཤུའི་ཆོས་དང་། དབྱི་སི་ལན་གྱི་ཆོས། ནང་བསྟན་བཅས་གསུམ་ནི་ལོ་རྒྱུས་ཀྱི་ཆ་རྐྱེན་དེའི་ཁྲོད་དུ་བྱུང་ཞིང་། སྤྱི་ཚོགས་དཔལ་འབྱོར་ལ་འགྱུར་ལྡོག་བྱུང་བ་དང་བསྟུན་ནས་རྒྱུན་ཆད་མེད་པར་འགྱུར་བ་ཕྱིན་ཡོད། དེས་ན་མར་ཁེ་སིས། དཔལ་འབྱོར་ཆ་རྐྱེན་དང་ཆོས་ལུགས་འཕེལ་རྒྱས་གཉིས་ནི་གཅིག་མཐུན་ཡིན་ཏེ། སྤྱི་ཚོགས་དཔལ་འབྱོར་ཆ་རྐྱེན་ཁྲོད་ནས་ལོ་རྒྱུས་ཐོག་བྱུང་བའི་ཆོས་ལུགས་ཡོད་དོ་ཅོག་པའི་བྱུང་རྩ་དང་། ཆོས་ཉིད་འཚོལ་ཐུབ་ཀྱི་རེད་ཅེས་ངོས་འཛིན་གནང་གི་ཡོད།

གཉིས་པ། གྲལ་རིམ་སྤྱི་ཚོགས་ཁྲོད་དུ་ཆོས་ལུགས་གོང་དུ་འཕེལ་ཚུལ།

སྤྱི་ཚོགས་དང་མིའི་རིགས་ཀྱི་བསམ་གཞིག་ནུས་པ་གོང་དུ་འཕེལ་ཞིང་གྲལ་རིམ་བྱུང་བ་དང་བསྟུན་ནས། གདོད་མའི་སྤྱི་ཚོགས་ཀྱི་རང་བྱུང་ཆོས་ལུགས་དེ་ཉིད་ལྷའི་རིག་པའི་ཆོས་ལུགས་ཀྱི་རྣམ་པར་འཕེལ་རྒྱས་འགྲོ་འགོ་འཚུགས་ཡོད། དེ་ནི་ཆོས་ལུགས་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཐོག་གི་འཕུར་མཆོང་ཞིག་རེད། ལྷའི་རིག་པའི་ཆོས་ལུགས་དང་རང་བྱུང་ཆོས་ལུགས་དབར་གྱི་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་ནི། ལྷའི་རིག་པའི་ཆོས་ལུགས་ལ“མིས་བཟོས་པའི”ཤུལ་མང་པོ་ཡོད། ཨེན་ཀེ་སིས“གནས་ཚུལ་ཧ་ཅང་གསལ་ལ་རང་ཤུགས་སུ་བྱུང་བའི་ཆོས་ལུགས་སྟེ། མི་རིགས་ནག་པོས་འདྲ་སྐུར་ཕྱག་འཚལ་བའམ་ཡཱ་ལི་ཨན་མིའི་གདོད་མའི་ཆོས་ལུགས་ལ་ཐོག་མར་བྱུང་དུས་སླུ་བྲིད་ཀྱི་ཆ་ཤས་མེད་ཀྱང་། རྗེས་སུ་འཕེལ་རྒྱས་འགྲོ་བའི་ཁྲོད་དུ་མཆོད་པ་ཚོའི་སླུ་བྲིད་ཀྱི་ལྷད་ཞུགས། མིས་བཟོས་པའི་ཆོས་ལུགས་ལ་མ་གཞི་ལྷག་བསམ་དག་པའི་ཆ་ཤས་ཡོད་ཀྱང་། དེ་ཉིད་གསར་གཏོད་བྱེད་སྐབས་སླུ་བྲིད་དང་རྫུན་བཟོ་བྱས་པའི་ལོ་རྒྱུས་མི་ཉུང་བ་ཞིག་ཡོད”ཅེས་གསུངས་ཡོད།

དེ་ཡང་གྲལ་རིམ་སྤྱི་ཚོགས་བྱུང་རྗེས་ཇི་ལྟར་གདོད་མའི་ཆོས་ལུགས་ལ་གདོད་མའི་རང་བཞིན་མེད་པ་ཆགས་ཚུལ་དང་། ཆོས་ལུགས་ཀྱི་བསམ་པ་དང་། དད་བཀུར་བྱེད་ཡུལ། སྤྱི་ཚོགས་ཀྱི་ཕན་ནུས་སོགས་ལ་འགྱུར་བ་བྱུང་ཚུལ་མདོར་ཙམ་བཤད་ན།

(གཅིག)ལྷ་དབང་བཤུ་གཞོག་གྲལ་རིམ་གྱི་ལག་ཏུ་ཤོར་བ།

གདོད་མའི་སྤྱི་ཚོགས་འཇིག་པའི་བརྒྱུད་རིམ་ནང་བྲན་གཡོག་བདག་པོའི་གྲལ་རིམ་ནི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་བའི་བཤུ་གཞོག་གྲལ་རིམ་ཨང་དང་པོ་དེ་ཡིན། ཁོ་ཚོས་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཆ་བཟུང་བ་དང་སྦྲེལ། བསམ་བློར་དབང་སྒྱུར་བྱེད་ཐབས་ལྷ་དབང་ཡང་བཟུང་བས། རང་བྱུང་ཆོས་ལུགས་ཀྱི་མཉམ་སྡེབ་རང་བཞིན་དང་དམངས་ཡོངས་རང་བཞིན་དེ་རིམ་བཞིན་ཉམས་ཏེ་བྲན་གཡོག་བདག་པོའི་ཁེ་ཕན་ལ་ཞབས་འདེགས་ཞུ་བ་མ་ཟད། གྲལ་རིམ་དེས་བསམ་བློར་དབང་སྒྱུར་བྱེད་པའི་ལག་ཆ་ནུས་ལྡན་ཞིག་ལ་གྱུར་བ་རེད།

གདོད་མའི་སྤྱི་ཚོགས་ཀྱི་ཁོངས་མིའི་ཆབ་སྲིད་དང་། དཔལ་འབྱོར་འཚོ་བའི་འདྲ་མཉམ་འབྲེལ་བས་གདོད་མའི་ཆོས་ལུགས་བྱེད་སྒོའི་དམངས་གཙོའི་རང་བཞིན་དང་ལྷ་དབང་གི་མཉམ་སྡེབ་རང་བཞིན་གཏན་འཁེལ་བ་རེད། རང་བྱུང་ཆོས་ལུགས་ཁྲོད་མི་དང་ལྷའི་དབར་གྱི་འབྲེལ་བ་དེས་མི་དང་མིའི་དབར་གྱི་འདྲ་མཉམ་གྱི་འབྲེལ་བའང་མཚོན་གྱི་ཡོད། གནམ་གཤིས་དང་། གནོད་སྐྱོན། འབྲས་བུ་བཟང་ངན། དམག་འཁྲུག་སོགས་ཀྱི་གནས་ཚུལ་དང་འབྲེལ་བ་ཡོད་ཚེ། ལྷས་ལུང་བསྟན་གང་ཡག་བྱེད་པའམ་རོགས་པ་བྱེད་རྒྱུར་རེ་བ་དང་སྨོན་ལམ་འདེབས་ཤིང་། ཚོ་དཔོན་དང་མོ་པས་འགོ་འཁྲིད་དེ་ཚང་མས་མཉམ་སྡེབ་ཐོག་ནས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད་ལ། ཁོ་ཚོས་མི་ཡི་ནད་རྨས་ཀྱང་མཉམ་སྡེབ་འཚོ་གནས་དང་རྒྱུད་སྤེལ་དང་འབྲེལ་བ་ཡོད་པར་བརྩི་བ་ཡིན་མོད། མོ་པ་ལ་སོགས་མི་ཞིག་གི་རོགས་པར་བརྟེན་ནས། ཆོས་ལུགས་ཀྱི་ཆོ་ག་སྟབས་བདེའམ་སྤྲ་ཕབ་ནས་གསོལ་བ་འདེབས་ཀྱི་ཡོད། མདོར་ན། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་གདོད་མའི་སྤྱི་ཚོགས་ཀྱི་ཆོས་ལུགས་བྱེད་སྒོའི་ནང་། གདོད་མའི་མི་ཡོངས་རྫོགས་ལྷ་དབང་གི་མདུན་དུ་འདྲ་མཉམ་ཡིན། ལྷས་མི་ཀུན་ལ“རྟག་སྙོམས་ངང་གཟིགས”བཞིན་ཡོད། ཡིན་ནའང་ཐོན་སྐྱེད་ནུས་ཤུགས་གོང་དུ་འཕེལ་བ་དང་བསྟུན་ནས་སྒེར་ལ་དབང་པའི་རྒྱུ་དངོས་བྱུང་ཞིང་། དེ་སྔའི་ཚོ་དཔོན་དང་། དམག་དོན་གྱི་འགོ་གཙོ། ལྷ་པ་དག་རང་གི་འགན་དབང་སྤྱད་དེ་བཤུ་གཞོག་གཏོང་མཁན་ནམ་བྲན་གཡོག་བདག་པོ་སྟེ་སྤྱི་ཞབས་པ་ནས་གཉའ་གནོན་བྱེད་མཁན་ལ་འགྱུར་བ་རེད། དེ་ནས་ཁོ་ཚོས་ཆོས་ལུགས་དེ་ཉིད་བྲན་གཡོག་ལམ་ལུགས་སྲུང་སྐྱོང་བྱེད་ཆས་ཤིག་ལ་འགྱུར་ཆེད་ཆོས་ལུགས་ཀྱི་བསམ་བློ་དང་ཆོ་ག་རྣམས་རྙོག་འཛིང་ཇེ་ཆེར་བཏང་ནས། མི་དཀྱུས་མ་ཚོས་ཚོ་དཔོན་དང་། ལྷ་པ་སོགས་ཀྱི་འོས་སྦྱོར་ལ་མ་བརྟེན་ན་མཐོ་རིམ་ལྷ་དང་འཕྲད་ཐབས་བྲལ་བ་བཟོས་པ་རེད། ལྷག་པར་ལྷ་པ་དང་མོ་པ་འཇིག་རྟེན་པའི་ལས་ཀར་གྱུར་རྗེས་ཆོས་ལུགས་བྱེད་སྒོའི་ཁྲོད་རང་ཉིད་ཀྱི་གནས་བབ་དང་ནུས་པར་ཤུགས་སྣོན་བརྒྱབ་ཏེ་རང་གི་སྟོབས་ཤུགས་ཇེ་ཆེར་གཏོང་ཆེད། ཆོས་ལུགས་ནང་ལྐོག་འགྱུར་གྱི་གནད་དོན་མང་དག་ཅིག་ཕར་སྣོན་བགྱིས་ཏེ། སྔར་གྱི་མི་ག་གེ་མོས་བྱེད་ཐུབ་པའི་ཆོས་ལུགས་ཆོ་ག་དང་སྤྲ་ཕབ་བྱེད་ཚུལ་མང་དག་ཅིག་ཕན་མེད་དུ་བཏང་ནས་ཁོ་ཚོར་མ་བརྟེན་ཐབས་མེད་ཅིག་བཟོས་པ་རེད། དེ་ལྟར་མི་གང་རུང་གི་ལྷ་དབང་དེ་མི་ཉུང་ཤས་ཀྱིས་འཕྲོག་ཅིང་། ལྷ་པ་དང་མོ་པ་རྣམས་མི་མ་ལྷར་གྱུར་ནས། ལྷའི་དབང་གྲགས་དང་ནུས་པ་དག་ཁོ་ཚོའི་ལུས་ཐོག་ལྡན་པ་མ་ཟད། རང་བྱུང་ཁམས་ཀྱི་ལྷའི་འདུ་ཤེས་རྣམས་རང་བྱུང་ཁམས་ཀྱི་སྣང་ཚུལ་ལས་མི་མཚོན་པར་ལྷ་པ་དང་མོ་པའི་ཚོད་དཔག་དང་ལུང་བསྟན་ནས་མངོན་པར་བྱེད་ཀྱི་ཡོད། དེ་བཞིན་སྤྱི་ཚོགས་ཐོག་གྲལ་རིམ་དང་རྒྱུ་དངོས་ཀྱི་ཁྱད་པར་ཡང་ཆོས་ལུགས་ཐོག་ནས་མངོན་པར་བྱེད་ལ། སྒེར་ལ་དབང་པའི་འདུ་ཤེས་ལྷའི་ཐོག་བཞག་ཚུལ་དཔེར་ན། མཆོད་པ་མི་འབུལ་མཁན་ལ་ལྷས་སྲུང་སྐྱོབ་མི་བྱེད་ཅེས་དང་། ལྷའི་འདོད་པ་ཇི་ཙམ་མང་བ་སྐོང་ཐུབ་པ་དེར་དེ་ཙམ་ལྷས་སྐྱབས་བྱེད་ཀྱི་ཡོད་ཅེས་ཟེར། དེས་ན། དོན་དངོས་ཐོག་ལྷ་ནི་མཆོད་རྫས་ཕུན་སུམ་ཚོགས་པོ་འབུལ་མཁན་གྱི་སྲུང་མར་གྱུར་བས། དེ་འདྲ་ནི་སྐུ་དྲགས་ཁོ་ནས་མ་གཏོགས་འབུལ་མི་ཐུབ་པ་མངོན་གསལ་དོད་པོ་རེད།

ལྷ་དབང་བཤུ་གཞོག་གྲལ་རིམ་གྱི་ལག་ཏུ་ཤོར་བ་ནི་བོད་ཀྱི་གདོད་མའི་ཆོས་ལུགས་འདུ་ཤེས་ཁྲོད་ནས་ཧ་ཅང་གསལ་པོ་མཐོང་ཐུབ་ཀྱི་ཡོད། དེ་ཡང《ཐང་ཡིག་གསར་མ་ལས་བཙན་པོའི་ལོ་རྒྱུས་སྐོར》ཞེས་པའི་ནང་། བོད་ཀྱི་སྔར་གྱི་སྤྱི་ཚོགས་ལ་ཆེ་ཆུང་འགྱུར་བ་མང་ལ། རྒྱལ་བློན་གོང་འོག་གི་ཁྱད་པར་མེད། མི་རྣམས་མཉམ་དུ་ལས་ཤིང་། བགོ་བགྲེམས་ཆ་སྙོམས་བྱེད། རང་བྱུང་དངོས་པོ་དད་བྱར་བརྩི། དེ་རྗེས་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པའི་གཡས་གཡོན་དུ། ཡར་ཀླུང་ཚོ་པའི་འགོ་གཙོ་གཉའ་ཁྲི་བཙན་པོ“བོད་ཀ་གཡག་དྲུག”ཚོ་པའི་མནའ་འབྲེལ་གྱི་ཚོ་དཔོན་བྱེད་པའི་སྐབས་སུ་གྲལ་རིམ་ཁ་གྱེས་འགོ་འཚུགས་པ་རེད། བཤད་སྲོལ་ལྟར་ན། གཉའ་ཁྲི་བཙན་པོ་ནི་བོན་པོས་རྒྱལ་པོར་བཀུར་བ་དང་། བོད་ཀྱི་ཆོས་བྱུང་ལོ་རྒྱུས་ལས། གཉའ་ཁྲི་བཙན་པོ་ནས་ལྷ་ཐོ་ཐོ་རི་གཉན་བཙན་བར་གྱི་རྒྱལ་རབས་ཉེར་བདུན་ནང་། ཚང་མ་བོན་གྱིས་རྒྱལ་སྲིད་སྐྱངས། ཞེས་འཁོད་ཡོད། དེས་ན་གདོད་མའི་ཆོས་ལུགས་བོན་ཆོས་ཀྱིས་གནས་བབ་མཐོ་པོ་བཟུང་ཞིང་། བོན་པོའི་ཆོས་བློན་ཚོས་དངོས་པོ་ཡོད་རྒུར་རྣམ་ཤེས་ལྡན་པའི་ལྷ་མང་འདུ་ཤེས་ཀྱིས་ཁྱད་ཆོས་བྱས་པའི་ལྷ་དབང་མཉམ་སྡེབ་ལ་དབང་བའི་གནས་སྟངས་དེར་བཟོད་སྒོམ་བྱེད་ཐབས་བྲལ་ནས། སྔར་ཡོད་ཀྱི་ལྷ་རིགས་མི་གཅིག་པ་དེ་སྐབས་དེའི་དངོས་ཡོད་དབང་སྒྱུར་དགོས་པ་དང་མཐུན་པོ་དགོས་པའི་རེ་བ་སྟོན་པ་དང་། དམིགས་བསལ་དབང་ཆ་ལྡན་པའི་སྐུ་དྲག་གིས་ཀྱང་ལྷའི་དབང་པོ་དང་འབྲེལ་བ་བྱེད་རྒྱུའི་དབང་ཆ་དེ་སྒེར་སྡེམ་བྱེད་ཅིང་། ཕྱི་ཚུལ་ནས་མི་དང་ལྷ་གཉིས་མ་འདྲེས་པའི་དུས་མཚམས་ལ་སྐྱར་ལོག་བྱེད་ཁུལ་ཡིན་ཀྱང་། དོན་དངོས་ཐོག་གདོད་མའི་བོན་ཆོས་དེ་ཉིད་ཡིན་ལོག་གི་ཡིན་ལོག་ཇི་ལྟར། མི་ཚང་མ་ལྷ་དང་སྦྲེལ་དབང་ཡོད་པའི་རྣམ་པ་དེ་མཇུག་སྒྲིལ་བ་མ་ཟད། གདོད་མའི་བོན་ཆོས་ཁྲོད་ཀྱི་དམངས་གཙོ་དང་འདྲ་མཉམ་སོགས་ཀྱི་འདུ་ཤེས་རིམ་བཞིན་ཉམས་པ་དང་། ལྷ་དབང་དག་དམིགས་བསལ་དབང་ཆ་ཡོད་པའི་སྐུ་དྲག་གིས་སྒེར་སྡེམ་བྱེད་འགོ་འཚུགས་ཤིང་། ཁོ་ཚོས་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྣེ་ཁྲིད་མཁན་དང་སྲུང་སྐྱོང་མཁན་ལྟར་བྱེད་ལ། མི་རྣམས་ཀྱི་བྱེད་ལུགས་ཡོད་རྒུར་ཐེ་ཇུས་དང་ཚོད་འཛིན་བྱེད་པ་མ་ཟད། མཆོད་འབུལ་སོགས་ཀྱི་ཆོས་ལུགས་བྱེད་སྒོ་ཐམས་ཅད་ནང་ངེས་པར་དུ་རང་གིས་གཙོ་སྐྱོང་བྱེད་ཅིང་། གལ་ཏེ་དེ་ལས་ལྡོག་ཚེ་ལྷའི་མཐུ་ནུས་ཐོན་མི་ཐུབ་པ་ལྟར་བྱེད་ཀྱི་ཡོད།

(གཉིས)གྲལ་རིམ་གཉིས་སུ་གྱེས་པས་གདོད་མའི་ཆོས་ལུགས་ཀྱི་ལྷ་རྣམས་ཀྱང་ཁ་གྱེས་པ།

སྤྱི་ཚོགས་ཀྱི་འདུ་ཤེས་ནི་སྤྱི་ཚོགས་གནས་སྟངས་ཀྱི་མངོན་ཚུལ་ཞིག་ཡིན་པས། གདོད་མའི་སྤྱི་ཚོགས་ཀྱི་དུས་མཇུག་ཏུ་དོན་དངོས་སྤྱི་ཚོགས་ཀྱི་གནས་སྟངས་གྲལ་རིམ་ཁྱད་པར་བྱུང་བ་དང་། གྲལ་རིམ་གཉིས་སུ་གྱེས་པ་དེ་ནི་སྐབས་དེའི་ཆོས་ལུགས་ཀྱི་འདུ་ཤེས་གདོད་མའི་ཆོས་ལུགས་ཀྱི་ལྷ་རྣམས་ཁ་གྱེས་པ་ནས་ར་སྤྲོད་ཐུབ་པ་རེད།

ཨེན་ཀེ་སིས“རྒྱུད་གཅིག་གི་མི་རིགས་ཚོགས་པའི་ཆེས་ཐོག་མའི་ཆོས་ལུགས་ཀྱི་འདུ་ཤེས་དེ་ཚོགས་པ་ཁ་ཐོར་སོང་རྗེས་རང་རང་སོ་སོར་འཕྲད་པའི་འཚོ་བའི་ཆ་རྐྱེན་ལྟར་འཕེལ་རྒྱས་འདྲ་མིན་སྣ་ཚོགས་ཡོང་བཞིན་ཡོད”ཅེས་གསུངས་པ་ལྟར། གདོད་མའི་ཆོས་ལུགས་ཀྱི་ཁྲོད་དུ་ལྷ་རྣམས་ལ་གཙོ་ཕལ་གྱི་དབྱེ་བ་ཡོད་ཀྱང་དེ་དག་ནི་ལྷའི་རིམ་པ་བཞིན་དབྱེ་མེད་པར། ལྷ་དེ་དག་དང་རུས་རྒྱུད་ཚོ་པའི་འཚོ་བའི་འབྲེལ་བ་གཞིར་བཟུང་དབྱེ་བ་ཕྱེ་ཡོད། རུ་སྤོ་བའི་ཕྱུགས་ལས་གཙོ་བོ་གཉེར་བའི་མི་རིགས་ཤིག་གི་ངོས་ནས་བཤད་ཚེ། མཁའ་དབྱིངས་ཀྱི་ཉི་ཟླ་རླུང་ཆར་གྱི་ལྷ་ནི་ལྷ་གཞན་རྣམས་ལས་གལ་ཆེ་བ་དང་། རི་དགས་རྔོན་རྒྱག་རྒྱུ་གཙོ་བོ་གཉེར་བའི་མི་རིགས་ཤིག་གི་ངོས་ནས་བཤད་ན། རི་ལྷ་དང་། ཤིང་ལྷ་ནི་ལྷ་གཞན་རྣམས་ལས་གལ་ཆེ་བ་ཞིག་ཡིན་མོད། མི་ཚོས་ལྷ་དེ་དག་ལ་ཆེ་ཆུང་དང་། མཐོ་དམན་གང་ཡིན་དབྱེ་བ་འབྱེད་ཀྱི་མེད། འོན་ཏེ་འཇིག་རྟེན་འདིར་གྲལ་རིམ་མི་འདྲ་བ་དང་རིམ་པ་མི་གཅིག་པ་བྱུང་བའི་རྗེས་སུ། མི་རྣམས་ཀྱིས་བརྒྱུད་རིམ་དེ་ལྷའི་ཁྱབ་ཁོངས་སུ་བཅུག་ནས་ལྷ་རྣམས་ལའང་དབང་གྲགས་དང་འགན་དབང་ཡོད་པར་བཙན་སྒྲིག་བྱས་པ་དང་། ལྷ་ནུས་པ་མང་བ་དང་ཆེ་བ་སྣ་ཚོགས་བྱུང་ཞིང་། དེས་རིམ་པ་མཐོ་ཤོས་ཀྱི་ལྷ་ཡོང་བར་རྨང་གཞི་བཏིང་ཡོད།

སྟེང་ཕྱོགས་སུ་རིམ་པ་མཐོ་ཤོས་ཀྱི་ལྷ་ཞིག་ཐོན་པ་ནི་མི་ཡུལ་དུ་བྱུང་བའི་དབང་སྒྱུར་ཐད་དབང་གྲགས་ཆེ་ཤོས་ཡིན་པའི་རྒྱལ་པོ་དེ་ཆོས་ལུགས་ཐོག་གི་མངོན་ཚུལ་ཞིག་ཡིན། རང་གཤེད་ཆེས་ཆེ་བའི་གོང་མ་ཐོན་པ་དང་། ད་དུང་དེའི་དབང་སྒྱུར་དཔོན་རིགས་སྒྲིག་གཞི་བཙུགས་པ་ནི་ཀུན་ལས་ལྷག་པའི་ལྷ་མཐོ་ཤོས་ཐོན་པ་དང་ལྷར་མཆོག་དམན་རིམ་པ་དབྱེ་བའི་གོ་སྐབས་ཤིག་ཡིན། གྲལ་རིམ་གྱི་འགལ་ཟླ་རྣོ་ངར་ཆེ་བས་བྲན་གཡོག་བདག་པོ་རྒྱལ་པོས་རང་གི་དྲག་ཤུགས་དང་ཆབ་སྲིད་སྒྲིག་གཞིར་བརྟེན་ནས་དབང་སྒྱུར་བྱེད་པ་ཕུད། ད་དུང་ཆོས་ལུགས་བེད་སྤྱད་དེ་དབང་སྒྱུར་བྱེད་པའི་རམ་འདེགས་མ་བྱེད་ཐབས་མེད་བྱུང་བ་རེད། འོན་ཏེ་གདོད་མའི་ཆོས་ལུགས་ཀྱི་དད་པ་བྱེད་ཡུལ་ནི་རྙོག་རྫོབ་ཆེ་ཞིང་། དད་པ་བྱེད་ཁོངས་ཀྱང་ཆུང་བར་བརྟེན་བྲན་གཡོག་བདག་པོའི་རྒྱལ་ཁབ་ཀྱི་མངའ་ཁོངས་རྒྱ་སྐྱེད་དང་ཆབ་སྲིད་གཅིག་གྱུར་གྱི་དགོས་པ་དང་འཚམས་ཐུབ་ཀྱི་མེད། དེ་བས་གདོད་མའི་ཆོས་ལུགས་ཀྱི་དད་བཀུར་བྱེད་ཡུལ་མང་དག་ཅིག་ནི་རང་རང་སོ་སོ་ཕན་ཚུན་འབྲེལ་མེད་ཡིན་ལ། གནས་ཚུལ་མི་འདྲ་བར་ལྷ་ཡང་མི་འདྲ་བར་མཆོད་འབུལ་བྱེད་དགོས་པ། གནས་ཚུལ་གཅིག་པ་ཡིན་ཀྱང་ཚོ་ཁག་མི་འདྲ་བར་དད་བཀུར་བྱེད་ཡུལ་མི་གཅིག་པ་ཡིན་པས། བྲན་གཡོག་བདག་པོ་དབང་སྒྱུར་གྲལ་རིམ་པ་ཚོས་ཆོས་ལུགས་ལ་བརྟེན་ནས་མི་དམངས་ཀྱི་བསམ་བློར་བྲིད་སྨན་རྒྱག་དཀའ་བར་གྱུར་ཞིང་། རྒྱལ་ནང་གི་ཆབ་སྲིད་དང་བསམ་བློ་གཅིག་གྱུར་ཐད་ལའང་ཕན་ཐོག་མེད་སྟབས། བྲན་གཡོག་བདག་པོའི་གྲལ་རིམ་གྱིས་ཆབ་སྲིད་ཀྱི་སྟོབས་ཤུགས་དང་། ཆོས་ལུགས་ཐོག་གི་མགོ་སྐོར་བྱེད་ཐབས་སྤྱད་དེ་གདོད་མའི་ཆོས་ལུགས་ཀྱི་དད་པ་བྱེད་ཡུལ་རྙོག་རྫོབ་ཆེ་བ་དང་མང་བའི་རང་བཞིན་དེ་རྩ་མེད་བཟོས་ཏེ་རྒྱལ་ཁབ་ཡོངས་གཅིག་གྱུར་ངང་དད་བཀུར་བྱེད་ཡུལ་ཞིག་གཏོད་པ་རེད། བོད་ཀྱི་ཆོས་ལུགས་གྲུབ་མཐར་འགྱུར་བ་བྱུང་ཚུལ་ལས་དེ་དག་གསལ་པོ་མངོན་ཐུབ་སྟེ། བོད་དུ་དང་ཐོག་དར་བའི་ཆོས་ལུགས་བོན་ཆོས་ཀྱིས་དད་བཀུར་བྱེད་སར་རང་བྱུང་ལྷའི་ཁྱད་ཆོས་ལྡན་ཡོད། འོན་ཏེ་གྲལ་རིམ་གཉིས་སུ་གྱེས་པ་དང་སྦྲགས་ཡར་ཀླུང་ཚོ་པའི་འགོ་གཙོ་གཉའ་ཁྲི་བཙན་པོ“བོད་ཀ་གཡག་དྲུག”ཚོ་པའི་མནའ་འབྲེལ་གྱི་ཚོ་དཔོན་བྱེད་པའི་སྐབས་སུ་བྲན་གཡོག་བདག་པོའི་གྲལ་རིམ་གྱིས་དངོས་པོ་ཡོད་རྒུར་རྣམ་ཤེས་ལྡན་པའི་ལྷ་མང་འདུ་ཤེས་ཀྱི་ཁྱད་ཆོས་ལྡན་པའི་ལྷ་དབང་མཉམ་སྡེབ་ལ་དབང་བའི་གནས་སྟངས་ལ་བཟོད་སྒོམ་བྱེད་ཐབས་བྲལ་ནས། སྔར་ཡོད་ཀྱི་ལྷ་སྣ་ཚོགས་དང་སྐབས་དེའི་དབང་སྒྱུར་གྱི་དགོས་མཁོའི་དབར་འཚམ་མཐུན་གྱི་དགོས་པ་བྱུང་མཐར། ལྷའི་དབང་པོའི་འདུ་ཤེས་ཀྱང་རིམ་བཞིན་བྱུང་བ་རེད། དམིགས་བསལ་དབང་ཆ་ལྡན་པའི་སྐུ་དྲག་གིས་ལྷའི་དབང་པོ་དང་འབྲེལ་བ་བྱེད་རྒྱུའི་དབང་ཆ་སྒེར་གཅོད་བྱེད་པ་དེ། ཕྱི་ཚུལ་ནས་མི་དང་ལྷ་གཉིས་མ་འདྲེས་པའི་དུས་མཚམས་ལ་སྐྱར་ལོག་བྱེད་པ་ལྟར་སྣང་ཡང་། དོན་དངོས་ཐོག་དམིགས་བསལ་དབང་ཆ་ཡོད་པའི་སྐུ་དྲག་ཚོས་ལྷ་དབང་སྒེར་གཅོད་བྱས་པ་ཞིག་རེད། རང་བྱུང་ཆོས་ལུགས་དེ་ཉིད་མི་བཟོས་ཆོས་ལུགས་སུ་འགྱུར་བ་དང་། རང་བྱུང་ལ་དད་བཀུར་བྱེད་པ་དེ་ལྷའི་དབང་པོར་དད་བཀུར་བྱེད་པར་འགྱུར་བ་དེ་ནི་ཐེངས་གཅིག་གམ་གཉིས་ཙམ་ལ་ལེགས་གྲུབ་བྱུང་བ་ཞིག་གཏན་ནས་མིན་ཏེ། དཔྱད་ཡིག་ནང་འཁོད་པར། གདོད་མའི་བོན་ཆོས་རང་བྱུང་ཆོས་ལུགས་ནས་མི་བཟོས་ཆོས་ལུགས་ལ་འགྱུར་བའི་བརྒྱུད་རིམ་ནང་། དང་ཐོག་ལྷ་ཆེན་ལྔ་སྟེ་གླིང་ལྔའི་ལྷ་དང་། ས་བདག ཁྱིམ་ལྷ། དགྲ་ལྷ། མ་ཞང་ལྷ་བཅས་ལྷ་ལྔ་རང་གི་དད་པ་བྱེད་ཡུལ་དུ་བརྩིས་ཡོད། དེ་ལ་མ་གཞི་ལྷ་མང་གི་རྣམ་པ་ཡོད་ཀྱང་། དབྱེ་བ་ཞིབ་ཕྲ་འབྱེད་སྐབས་དེ་སྔའི་དངོས་པོ་ཡོད་རྒུར་རྣམ་ཤེས་ལྡན་པ་དང་། སྲོག་ཆགས་དད་པ་བྱེད་ཡུལ་ལ་བརྩིས་ནས་དད་བཀུར་བྱེད་པའི་ལྷ་མང་གི་བསམ་པ་དང་བསྡུར་ན་ཁྱད་པར་ཡོད། དེ་ནི་ལྷ་མང་པོ་ནས་ཇེ་ཉུང་དུ་བཏང་བ་དང་དེ་ནས་ལྷ་གཅིག་ལ་འགྱུར་སྲིད་པས་ཡིན། དེ་ནས་བཙན་པོའི་བླ་ན་མེད་པའི་དབང་གྲགས་དང་འཚམ་མཐུན་ཡོང་ཆེད། གསར་དུ་ཐོན་པའི་བྲན་གཡོག་བདག་པོའི་གྲལ་རིམ་གྱིས་ལྷ་ཆེན་པོ་འགའ་ཞིག་ལ་དད་པ་བྱེད་པའི་ཚུལ་ལ་འདོད་མོས་མི་བྱེད་པར། “ལྷ་གཅིག”གིས་སྔར་བས་རང་གི་དབང་སྒྱུར་ལ་སྲུང་སྐྱོང་བྱེད་པར་འདོད་དེ་ལྷ་ཆེན་པོ་འགའ་ཞིག་གི་ལྟ་བའི་རྨང་གཞིའི་ཐོག“ལྷ་གཅིག”གི་ལྟ་བ་འཕེལ་རྒྱས་ཕྲན་བུ་བྱུང་ཡོད།

(དུས་དེབ་རྗེས་མར་མུ་མཐུད་འགོད་རྒྱུ)


རྩོམ་ཡིག་སྔོན་མ།
བོད་ལྗོངས་ལ་ལྟ་བ།
རྩོམ་ཡིག་རྗེས་མ།
མིག་མདུན་གྱི་འཕོ་འགྱུར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1