མིག་མདུན་གྱི་འཕོ་འགྱུར།
བསིལ་ལྷུན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
བསིལ་ལྡན་བདག་གི་ཕ་ཡུལ་བོད་ལྗོངས་འདིར།
ལྷུན་པོ་མུ་འཁྱུད་དར་ལ་སྤོས་ཤེལ་བརྒྱུད།
ཟླ་མེད་སྲིད་ཇུས་སྒྱུར་བཅོས་སྒོ་དབྱེའི་སྦྱིན།
ཚེ་བསོད་དག་པའི་གནའ་གྲོང་དཔྱིད་དཔལ་བཞད།
ཏང་གི་ཡང་དག་སྲིད་ཇུས་ཉི་གཞོན་ཁྲོད།
ཉི་མ་ལྷ་སར་སློབ་གསོའི་གྲོང་གསར་གཏོད།
སྐལ་ལྡན་བློ་གསར་འབུང་བ་ཚོགས་བཞིན་འཁོར།
འཛམ་གླིང་ཤེས་རིག་དཔལ་ལ་ལོངས་སུ་སྤྱོད།
གྲོང་ནང་སྤྱི་སྤྱོད་རླངས་འཁོར་ཁང་བཟང་འདྲ།
རིན་མེད་རྒན་རྒོན་བག་ཕེབས་ངང་ནས་བཞུགས།
སྤྱི་གླིང་ལྡུམ་ར་ཁོར་ཡུག་ཉམས་དགའ་བར།
རྒན་བྱིས་གླུ་དང་ཞབས་བྲོ་དབྱིངས་ལ་ཞུགས།
གཡུ་མདོག་ལང་ལོང་རྒྱུག་པའི་སྐྱིད་ཆུའི་སྟེང་།
པ་ཊའི་མཛེས་ལྡན་ཟམ་ཆེན་གཞལ་ཡས་ཁང་།
ལྷོ་བྱང་རི་རྒོད་སྡེར་བགྲད་བྲག་རིའི་གསེབ།
བདེ་ཞིང་ཡངས་པའི་ཨར་ལམ་ལེགས་པར་བསྐྲུན།
ལྗིད་ཆགས་ཕོ་བྲང་ཕྱོགས་བཞི་མཚམས་བརྒྱད་ལ།
མཛེས་ཤིང་སྐྱིད་པའི་སོས་དལ་ལྡུམ་རས་བརྒྱན།
དད་ལྡན་སྤྲོ་བའི་བཞིན་བཟང་འཛུམ་པ་ཉིད།
དགའ་མགུ་ཡི་རངས་ཉམས་སྣང་མིན་པ་ཅི།
གྲོང་ཁྱེར་མཐའ་དབུས་བར་སྟོང་ཡོད་དོ་ཅོག
མྱུར་ལ་ཉམས་བཟང་རླངས་འཁོར་གློག་ལྟར་འཁྱུག
དོན་གཉེར་མི་རྣམས་ཡུད་ཙམ་གང་འདོད་སླེབས།
མཛད་འཕྲིན་དབྱར་མཚོ་རྒྱས་ཞེས་ཧ་ཅི་ལས།
ཞིང་འབྲོག་འབབ་འཕར་ཟས་གོས་སྡོད་ཁང་དག
གྲོང་ཁྱེར་མི་དང་ཁྱད་པར་མི་སྣང་ཞིང་།
ལྗོངས་ཕྱིར་ཡུལ་སྐོར་ངོ་མཚར་མཐོང་ཐོས་བསག
རྒྱ་སྐད་ལ་སོགས་གཞན་སྐད་ཐོག་མེད་རྒྱག
བག་ཁུམ་རྙིང་ཞེན་བསམ་པ་ཡོངས་བསལ་ནས།
ཁྱད་འཕགས་ཡུལ་ཟོག་ཚོང་གཉེར་ལེགས་པར་བསྐྱངས།
སྒོ་དབྱེ་ནང་འདྲེན་སྤུས་རྟགས་འཚོ་བར་རོལ།
མིག་མདུན་བྱུང་བའི་འགྱུར་བ་མང་ཐག་ལགས།
ལོ་རྒྱུས་གཙང་ཆབ་དལ་མེད་མདུན་དུ་བསྐྱོད།
བགྲང་བྱ་བཞི་བཅུ་སེ་གོལ་གཏོགས་ཙམ་འདས།
འཕེལ་རྒྱས་འབྱུང་བ་མཁའ་དབྱིངས་སྐར་ཚོགས་འདྲ།
ཤོད་བཞིན་འབྲི་བཞིན་བདག་ཀྱང་ངལ་བར་གྱུར།