དུས་རབས་ཀྱི་འབོད་སྒྲ།
དཀོན་མཆོག་རྡོ་རྗེས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
དེང་རབས་ཀྱི་མི་ཞེས་པའི་ཐ་སྙད་འདི་ཐོས་ཚེ།
ཁྱོད་ཀྱི་བསམ་པའི་ཁ་ལོ་དེ།
གློ་བུར་དུ་ཚན་རིག་ལག་རྩལ་དར་ཞིང་།
རྒྱུ་དང་འབྱོར་བས་ཕྱུག་ལ།
དཔལ་ཡོན་ལྷག་ཏུ་དར་བའི་ཕྱི་གླིང་ཞིག་ཏུ་འཁོར་སྲིད།
འོ་ན། དེང་རབས་ཀྱི་བོད་མི་ཞེས་པའི་ཐ་སྙད་འདི་ཐོས་ཚེ་ཁྱེད་ཀྱི་བློ་ཡི་མེ་ལོང་ངོས་སུ་ཅི་འདྲའི་སྣང་བརྙན་ཞིག་འཆར་སྲིད་དམ།
ཨར་འདམ་གྱི་ནགས་ཚལ་ལས་གྲུབ་པའི་གྲོང་ཚོ་ཞིག་གི་ཟུར་དུ།
གློག་སྒྲོན་མག་མོག་ལས་མི་གསལ་བའི་ཆང་ཁང་ཞིག་གི་སྦུག་ན།
སྦོས་ཆང་གི་བཟི་ཁས་དཔའ་སྟོབས་ཀྱི་དཔུང་པ་སྦོམ་པའི་ན་གཞོན་ཁྱུ་ཚོགས་ཤིག་གིས།
གནམ་ལྕགས་ཀྱི་རལ་གྲི་ཤུབས་ནས་བཏོན་ཏེ་ཀི་ཀི་ཧོ་ཧོ་ཡི་འབོད་སྒྲས་གནམ་ས་བཀང་སྟེ།
དཔའ་རྒྱ་ཚ་དང་བློན་འདན་མའི་རྟོགས་བརྗོད་ལ་ཡིད་སྨོན་སྐྱེ་བཞིན་པའི་ངང་ཚུལ་རྗེན་པ་ཞིག་བློ་ངོར་འཁོར་སྲིད་དམ།
ཡང་ན། གྲོང་ཁྱེར་ཆེ་ཆུང་ཀུན་ཏུ་གྲྭ་ཆས་ལུས་ལ་གསོལ་ཞིང་མཐེ་བོང་གནམ་ལ་ཀེར་ནས།
རྒྱ་གྲོང་གི་མི་ཀུན་གྱི་རྗེས་སུ་ཁྱི་བཞིན་ཉུལ་ནས་སློང་མ་འཕྲོག་གི་མཛད་པ་སྐྱོང་མཁན་དེ་དག་གོ།
ཡང་ན། རྒྱ་མ་བོད་ཀྱི་ཆ་ལུགས་འཛིན་ཅིང་ར་མ་ལུག་གི་ཧམ་གཏམ་ཤོད་བཞིན།
སྣང་བ་སྐྱིད་པའི་ཤུག་གླུ་རེ་འབྱིན་ཏེ་སྦག་སྦག་འཁོར་ལོ་དང་མོ་ཀྲ་ ཧྲལ་གོག་ཞིག་གི་ཁ་ལོ་བསྒྱུར་ནས།
ཟུར་གྱི་རྒྱ་བཟའ་སྙིང་སྡུག་མ་དེའི་མཛེས་གཟུགས་ལ་ཡིད་མྱོས་ཏེ།
ལྷ་ཡུལ་གྱི་འཚོ་བ་རོལ་བར་རློམ་བཞིན་པའི་ན་གཞོན་དེ་དག་གོ །
གོང་སྨོས་ཀྱི་རྣམ་པ་དེ་ནི་དེང་རབས་བོད་མིའི་རང་གཤིས་ཧྲིལ་པོར་ཡིན་ཞེས་བརྗོད་ན།
ཀླད་པ་སྐམ་པའི་ན་གཞོན་དང་ལྟུང་བཤགས་ཀྱང་འདོན་མི་ཤེས་པའི་གྲྭ་པ་ཁ་ཤས་ཀྱིས་ང་རང་བོད་ཀྱི་གྲལ་ནས་ཕྱིར་ཕུད་གཏང་ངེས།
འོན་ཏེ། བོད་ལ་རྒྱུས་མངའ་མེད་པའི་ཕྱི་མི་ཞིག་གིས་དེ་འདྲ་བའི་རྣམ་པ་ཞིག་མཐོང་ན།
འདི་ནི་འཛམ་གླིང་དུ་རླུང་ལྟར་གྲགས་ཤིང་དཔལ་ཡོན་ལྡན་པའི་མི་རིགས་དེ་ཡིན་པ་བདེན་བཟུང་སྲིད་དམ།
མ་གཞི། སྔ་མ་སྔོན་གྱི་དུས་སྐབས་སུ།
བོད་ཀྱི་མི་རིགས་འདིའང་།
རིག་གནས་ཕུན་སུམ་ཚོགས་ཤིང་སྲོལ་དང་ལམ་ལུགས་བཟང་བ།
ལས་དང་རྒྱུ་འབྲས་སྲུང་ཞིང་ཁྲེལ་དང་ངོ་ཚ་ལྡན་པ།
དགེ་བའི་སེམས་དང་ལྡན་ཞིང་བྱམས་དང་སྙིང་རྗེ་ཆེ་བ།
ཡ་རབས་སྤྱོད་བཟང་འཛིན་ཅིང་བློ་ནི་ཞི་ཞིང་དུལ་བ།
རྒྱན་དང་ཆ་ལུགས་མཛེས་ཤིང་སྐད་དང་ཡི་གེ་དག་པ།
རྒྱུ་དང་འབྱོར་བ་བཟང་ཞིང་དཔའ་དང་སྤྱང་དྲུང་འཛོམས་པ་ཞིག་ཡིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ལགས།
འོན་ཏེ། བར་སྐབས་ཤིག་ནས་བཟུང་།
བོད་མི་མང་ཆེ་བ་ཕ་མེས་ཀྱིས་བཞག་པའི་སྙིང་ནོར་གྱིས་ཡིད་ཚིམས་ཤིང་།
ལྟོ་བ་ཉི་དྲོད་ཀྱིས་བསྲོས་ཏེ་གེ་སར་རྒྱལ་པོའི་དཔའ་བོའི་རྟོགས་བརྗོད་ལ་བསྟོད་དབྱངས་ཁོ་ན་ཕུལ་བཞིན་ལུས།
དེ་ནས་བཟུང་། མེས་པོས་བཞག་པའི་རིན་བྲལ་གྱི་རིག་དངོས་དང་།
མཁས་གྲུབ་ལོ་པཎ་གྱིས་སྲོལ་གཏོད་པའི་རླབས་ཆེན་གྱི་རིག་གནས་རྒྱུན་འཛིན་བྱེད་པའི་ཆོད་སེམས་ཇེ་ཞན་དུ་གྱུར།
ལུགས་བཟང་གོམས་སྲོལ་དང་སྐད་དང་ཡི་གེ་ལ་མཐོང་ཆེན་བྱེད་པའི་འདུ་ཤེས་ཇེ་ཞན་དུ་གྱུར།
རིན་ཆེན་གཏེར་དང་རི་དྭགས་ནགས་ཚལ་སྲུང་སྐྱོང་བྱ་བའི་ལྷག་བསམ་ཇེ་ཞན་དུ་གྱུར།
གསར་གཏོད་མདུན་སྐྱོད་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་རུས་ཇེ་ཞན་ནས་ཇེ་ཞན་དུ་གྱུར།
ནམ་ཞིག་གི་མཐའ་རུ་རྨི་ལམ་ལས་ཧབ་སད་བྱུང་སྐབས།
ཐམས་ཅད་ཅུང་ཕྱི་དྲག་སོང་།
ཁྱོད་ཀྱི་མི་རིགས་གཡག་ལ་ཞོན་དུས་གཞན་གྱི་མི་རིགས་གནམ་གྲུར་བསྡད་ནས་འཕུར་སོང་།
ཁྱོད་ཀྱི་མི་རིགས་ཇ་ཚ་ཙམ་གྱི་ཚོང་དོན་ལ་བྲེལ་དུས་གཞན་གྱི་མི་རིགས་འཛམ་གླིང་ཚོང་ལས་ཀྱི་རྩ་འཛུགས་ལའང་ཞུགས་སོང་།
འོན་ཏེ། ཁྱེད་རང་བློ་མ་ཕམ། སེམས་མ་འགྱོད། ཡིད་མ་ཤི།
ད་ལོ་ནས། དེ་རིང་ནས།
ཨོ། མིན།
ད་ལྟ་ཉིད་ནས། གཉིད་ལས་སད་ཅིག ། མལ་ལས་ལྡོངས་ཤིག
མདུན་དུ་སྐྱོད་ཅིག
མ་འོངས་པའི་མདུན་ལམ་ལ་ད་དུང་འོད་སྟོང་ལྡན་ངེས།
མཁྱེན་ལྡན་གྱི་མཁས་ཆེན་རྣམ་པ།
ཁྱེད་རྣམ་པས་ལུང་དང་རིགས་པའི་རྣམ་དཔྱོད་དང་། མཁྱེན་དང་བརྩེ་བའི་ཐུགས་རྗེ་དེས་ཕན་ཚུན་དགག་སྒྲུབ་དང་ནང་རྩོད་ཁོ་ནའི་ཐོག་ཏུ་མི་སྤྱོད་པར་བོད་ཀྱི་ཡར་རྒྱས་དང་མདུན་སྐྱོད་ཀྱི་ཐབས་ལམ་ལ་མནོ་བསམ་རེ་གཏོང་ན་མི་བཟང་ངམ།
འབྱོར་ལྡན་གྱི་ཚོང་དཔོན་རྣམ་པ།
ཁྱེད་རྣམ་པས་ནང་རྒྱུ་སྨུག་པོ་ཕྱི་རུ་འཚོང་ཞིང་གཞན་རྒྱུ་རྫུན་མ་ནང་ལ་ཉོ་བ་ཙམ་གྱི་ཚོང་ལས་ཀྱིས་བློ་ཁ་ཚིམ་ནས་མི་སྡོད་པར་རང་ཉིད་ཀྱི་བློ་གྲོས་དང་ལག་རྩལ་ལ་བརྟེན་ནས་རང་ཉིད་ལ་ཕན་པའི་ཚོང་ལས་ཡག་པོ་རེ་གཉེར་ན་མི་བཟང་ངམ།
བསོད་ཅན་གྱི་བླ་སྤྲུལ་རྣམ་པ།
ཁྱེད་རྣམ་པས་སངས་རྒྱས་ཀྱི་ན་བཟའ་སྐུ་ལ་གསོལ་ཞིང་ཕྱི་ཡུལ་དུ་ཆོས་ཀྱི་འཁོར་ལོ་ཁོ་ན་བསྐོར་ལ་མི་བྲེལ་བར་རང་ཡུལ་གྱི་དགོན་སྡེ་དང་སྒྲུབ་ཕུག་ནང་དུ་སྐུ་མཚམས་ཟླ་ཤས་ཙམ་བཞུགས་ནས་འདི་དང་ཕྱི་མའི་འགྲོ་དོན་རེ་བསྒྲུབ་ན་མི་བཟང་ངམ།
དབང་ཆེན་གྱི་དཔོན་པོ་རྣམ་པ།
ཁྱེད་རྣམ་པས་ཉིན་ལྟར་གཞུང་རྒྱུ་ལ་ཧབ་ཐོབ་བྱས་ཏེ་བག་ཁང་དུ་ཕྱག་ལག་བདེ་ཞིང་གླུ་ཁང་དུ་གསུང་སྐད་མཐོ་བའི་ལས་ཁོ་ནས་དུས་མི་འདའ་བར་གྲོང་མཐའ་རུ་ཁྱི་རྒན་བཞིན་ཉུལ་བའི་སྤྲང་རྒན་དེ་དག་ལ་གཟིགས་སྐྱོང་རེ་དང་མི་སེར་གྱི་སྐྱིད་སྡུག་ལ་ཐུགས་ཁུར་རེ་གནང་ན་མི་བཟང་ངམ།
བློ་རྒོད་ཀྱི་འབྲོག་རྒན་རྣམ་པ།
ཁྱེད་རྣམ་པས་ཚེ་གཅིག་གི་རིང་དུ་རྩྭ་ར་དང་མཚེར་ས་ལག་མཐིལ་ཙམ་གྱི་དོན་དུ་ཞེ་སྡང་གི་མེ་ལྕེ་ཁོག་ཏུ་འཕྱུར་ནས་དམར་གསོད་ཀྱི་ཁྲག་གི་འཁོར་ལོ་བསྐོར་རྒྱུ་ཁོ་ན་བསམ་ནས་མི་སྡོད་པར་ཞི་བདེ་དང་མཐུན་འཇགས་ཀྱི་འཚོ་བ་བཟང་པོ་རེ་རོལ་ན་མི་བཟང་ངམ།
སྐལ་ལྡན་གྱི་ན་གཞོན་རྣམ་པ།
ཁྱེད་རྣམ་པས་མཚན་ལྟར་གྲོང་གཞུང་དུ་བཅོམ་འཕྲོག་འཛིང་རེས་ཀྱི་ལས་དང་གྲོང་ཁྱེར་གྱི་སྣ་བརྒྱའི་རོལ་རྩེད་ཁོ་ན་ལ་ཐུགས་གཡེང་ནས་མི་སྡོད་པར་དེང་རབས་སྔོན་ཐོན་གྱི་ཚན་རིག་ལག་རྩལ་དང་སྣ་མང་གི་ཤེས་བྱ་རེ་སྦྱངས་ནས་ཕ་ཡུལ་གྱི་མ་འོངས་བདེ་སྐྱིད་གསར་པ་བསྐྲུན་རྒྱུ་ལ་རང་ནུས་ཅི་ཐེག་གི་བྱས་རྗེས་རེ་ཕུལ་ན་མི་འགྲིག་གམ།