མགུལ་རྒྱན།

སྙིང་མོ་སྐྱིད། (ལྷ་ས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


སྦྲ་ནག་རྙིང་རལ་དེ་ཨ་ཁུ་འབུམ་པ་ཚང་གི་མགོ་སྦྲ་རེད།

སྒྲོལ་མ་སྐྱིད་ཀྱིས་སྣ་གླུ་ཐན་ཐུན་ཞིག་ལེན་བཞིན་སྦྲ་སྒོ་ན་འོ་མ་དཀྲོགས་ཀྱིན་འདུག་མོད། མོའི་སེམས་པའི་ཀློང་དུ་འཁོར་བ་ནི་ཁ་སང་ཁྲོམ་ལ་བལ་བཙོང་དུ་ཕྱིན་དུས་མཐོང་བའི་བྱུ་རུའི་མགུལ་རྒྱན་དང་གསེར་གྱི་རྣ་ཏོག་དེ་དག་རེད། མཚམས་རེར་མོས་དངན་པ་འཐེན་བཞིན་ན་ནིང་རྟ་རྒྱུགས་འགྲན་ཚོགས་ཐོག་མཐོང་བའི་བྱུ་རུའི་མགུལ་རྒྱན་གྱིས་སྤྲས་པའི་གཞོན་ནུ་མ་དག་ལ་ཡིད་སྨོན་སྐྱེས་པ་དང་ལྷན་དུ་རང་ཉིད་ལ་རྒྱན་ཆའི་རིགས་གཅིག་ཀྱང་མེད་པ་ལ་ཡི་མུག་ནས་སྣ་གླུ་ཐན་ཐུན་དེ་ཡང་ལེན་མཚམས་བཞག སྐབས་ཤིག་ལ། ཁྱོ་བོ་ཀུན་དགས་ལྷན་པས་བཀང་པའི་སློག་རྙིང་དེ་གྱོན་ནས་སྦྲ་སྒོར་བུད་པ་དང་། མེ་མདའ་ཕྱི་བཞིན་ཡོད་པར་གཞིགས་ན་རྟ་རྒྱུགས་འགྲན་ཚོགས་ལ་འགྲོ་བར་གྲ་སྒྲིག་བྱེད་ཀྱིན་འདུག་པ་འདྲ།

"མྱུར་མོར་གྲ་སྒྲིག་བྱོས་དང་། འུ་གཉིས་ཀ་རྟ་རྒྱུགས་འགྲན་ཚོགས་ལ་འགྲོ།" ཀུན་དགས་ཅི་མི་སྙམ་པར་དེ་ལྟར་བཤད།

"འུ་གཉིས་ཀ་འགྲོ་འམ།" སྒྲོལ་མ་སྐྱིད་ཧ་ལས་སོང་།

"ཡ---ཅི་རེད།"

"འུ་གཉིས་ཀར་གྱོན་གོས་ར་ཁེབས་ཙམ་ཞིག་ཀྱང་མེད། ད་རུང་རྟ་རྒྱུགས་འགྲན་ཚོགས་ལ་འགྲོ་འམ།" སྒྲོལ་མ་སྐྱིད་ལ་ཁོང་ཁྲོ་ཆུང་ཆུང་ཞིག་ལངས་ཡོད། ཀུན་དགས་ཆུང་མའི་གདོང་ལ་ཞིབ་ལྟ་ལན་གཅིག་བྱས་རྗེས་འུ་ཐུག་སྟེ་ཁ་རོག་གེར་བསྡད།

སྒྲོལ་མ་སྐྱིད་ཀྱིས་མགོ་བོ་སྒུར་ནས་དངན་པ་རིང་བོ་ཞིག་འཐེན།

སྒྲོལ་མ་སྐྱིད་ནི་བུ་མོ་བཞིན་བཟང་མ་ཞིག་ཡིན་ལ་ཁོ་མོ་ཆུང་དུས་ནས་རྒྱན་གོས་ལ་ཧ་ཅང་དགའ་རུང་ཁྱིམ་གྱི་འབྱོར་བ་ཞན་པས་གོས་རྒྱན་གཉིས་དང་རིང་དུ་གྱེས་པ་ན། ཁོ་མོས་རང་ཉིད་ཁྱིམ་ཚང་ཕྱུག་པོ་ཞིག་གི་མནའ་མ་བྱེད་པར་རེ་ལྟོས་བྱས། ཡིན་ན་ཡང་ཁོ་མོ་རང་ལོ་བཅུ་དགུ་ལ་སོན་མ་ཐག་ཨ་ཕས་ཁོ་མོ་མནའ་གྲོགས་ཨ་ཁུ་འབུམ་པ་ཚང་ལ་བག་མར་བྱིན། ཡིད་ཕངས་པ་ཞིག་ལ་ཨ་ཁུ་འབུམ་པ་ཚང་གི་འབྱོར་བའི་ཆུ་ཚད་ཡང་ཉིན་གཅིག་གི་ཇ་ཐུན་གསུམ་རྒྱུན་འཁྱོངས་བྱེད་ཐུབ་པ་ཙམ་ཡིན་པས། གོས་རྒྱན་ངོམ་རུང་བ་ཞིག་ཉོ་མ་ནུས།

རྟ་རྒྱུགས་འགྲན་ཚོགས་ཀྱི་ཉི་མ་ཇེ་ཉེར་སོང་བ་དང་བསྟུན་ནས་སྒྲོལ་མ་སྐྱིད་ཀྱི་ཁོང་ཁྲོ་དང་སྡུག་བསྔལ་ཡང་ཇེ་ཆེར་སོང་བས། ནམ་རྒྱུན་ཁྱིམ་ལས་ཙག་ཙིག་དེ་རིགས་ལས་དུས་ཀྱང་ལུས་ཀྱི་སྟོབས་ཤུགས་གང་ཡོད་བཀོལ་དྲགས་འདུག་སྟེ། ད་ནངས་མོས་འོ་མ་བཞོ་དུས་ཤུགས་བཀོལ་དྲགས་པས་འབྲི་མོས་ན་ཟུག་མ་བཟོད་པར་མོར་འཕྲ་ཡིས་བརྒྱབ་སྟེ་འོ་མ་བཞོ་ཟེའུ་གང་པོ་ས་རུ་འཕོས་ནས་ཆུད་ཟོས་སུ་བཏང་། ཨ་ཁུ་འབུམ་པས་ཚུལ་དེ་མཐོང་ནས་མནའ་མའི་བསམ་ཚུལ་རྟོགས་ཏེ། མྱུར་མོར་རུ་སྐོར་ཨ་ཁུ་བློ་བཟང་ཚང་ལ་སོང་ནས་ཕྲུག་ལྭ་སྲམ་ཁ་མ་ཞིག་དང་བྱུ་རུའི་མགུལ་རྒྱན་ཞིག་གཡར་ཏེ་ཁོ་མོར་སྤྲད། རྒྱན་ཆ་ཁོ་ན་བསམ་བློར་འཁོར་བའི་ཁོ་མོས་དེ་གཉིས་མཐོང་མ་ཐག་ཉ་མོ་ཆུ་ལ་ཕྲད་པ་དང་། དབུལ་བོ་ནོར་ལ་ཐུག་པ་ལྟ་བུའི་དགའ་བ་སྟོང་གིས་མྱོས་ཏེ་ནངས་ཇ་བསྐོལ་རྒྱུ་ཡང་བརྗེད་པར་གྱུར།

ལོ་རེའི་བོད་ཟླ་དྲུག་པའི་ཚེས་ལྔ་ཉིན་ནི་ཕ་ཡུལ་གྱི་རྟ་རྒྱུགས་འགྲན་ཚོགས་མགོ་རྩོམ་པའི་ཉིན་མོ་ཡིན་ལ། ཉིན་དེར་ནམ་མཁའ་ནི་ཧ་ཅང་གཡའ་དག་པ་དང། ཁྲི་གདུགས་ཉི་མ་ནི་རབ་ཏུ་འབར་བའི་མེ་བོ་ཆེའི་གྲུ་གུ་ལྟར་བར་མ་ཆད་པར་ཚ་ངར་འབྱིན་པར་བྱེད། རྟ་རྒྱུགས་འགྲན་བསྡུར་ལ་ལྟ་མཁན་རྣམས་ནི་ཕ་ཡུལ་གྱི་ས་ཆ་སོ་སོ་ནས་ཡོང་བ་ཡིན་ལ། ཐམས་ཅད་ཀྱིས་གོས་གང་ཡག་གྱོན་པ་དང་རྒྱན་གང་ཡོད་བཏགས་ནས་བསླེབས་ཡོད། ཁོ་ཚོ་ལས་གཞན་ད་དུང་ཞྭ་དཀར་པོ་གྱོན་པའི་ཁ་ཆེ་བ་དང་རྒྱ་མི་འགས་ཚོང་འདྲ་མིན་སྣ་ཚོགས་བཤམས་ནས་ལྡབ་ལྡིབ་ཀྱི་བོད་སྐད་བཤད་བཞིན་འབྲོག་པ་རྣམས་ལ་ཚོང་ཉོ་བར་བསྐུལ་གྱིན་ཡོད་པ་དང་། འབྲོག་པ་ཚོས་སྦྲང་ནག་ཤ་ལ་རུབ་པ་ལྟར་འཚང་ཁ་ཤིག་ཤིག་གིས་དགོས་དང་མི་དགོས་ཐམས་ཅད་ཉོ་བ་ལ་བལྟས་ན་རིན་སྟེར་མི་དགོས་པར་གང་འདོད་དུ་བླངས་ཆོག་པ་དང་འདྲ།

ཉིན་དེར་སྒྲོལ་མ་སྐྱིད་ཀྱིས་གཡར་འོངས་བའི་བྱུ་རུའི་མགུལ་རྒྱན་དེ་བཏགས་པ་དང་། ཕྲུག་ལྭ་གྱོན་པར་མ་ཟད། ད་དུང་གང་ནས་གཡར་འོངས་པ་མི་ཤེས་པའི་གསེར་གྱི་རྣ་ཏོག་ཆ་གཅིག་ཀྱང་བཏགས་ཡོད་པས་ཁོ་མོ་ནི་གནས་ལ་ཆས་པའི་བག་མ་ཞིག་དང་གཉིས་སུ་མ་མཆིས། ཁོ་མོའི་གདོང་ལའང་ནམ་རྒྱུན་མཐོང་རྒྱུ་མེད་པའི་འཛུམ་ཞིག་ལངས་ཡོད་པས་གློ་བུར་དུ་མི་གཞན་ཞིག་ལ་གྱུར་པ་དང་འདྲ། ཚང་མས་འཚང་ཁ་ཤིག་ཤིག་གིས་རྟ་རྒྱུགས་འགྲན་བསྡུར་ལ་བལྟ་བཞིན་འདུག་མོད། ཁོ་མོས་རང་གི་མཛེས་པ་དེ་མི་མང་པོ་ཞིག་ལ་ངོམ་ཆེད་དེའི་ཁྲོད་དུ་ཕྱིན་ནས་རྟ་རྒྱུགས་འགྲན་བསྡུར་ལ་ལྟ་ཁུལ་བྱས། མི་ཚོགས་ཀྱི་གསེབ་ནས་ཨ་ཁུ་བློ་བཟང་ཚང་གི་མནའ་མ་འཛོམས་སྐྱིད་མཐོང་མ་ཐག་ཁོ་མོའི་སེམས་ལ་གལ་ཏེ་འཛོམས་སྐྱིད་ཀྱིས་ཁོ་མོ་ཚང་གི་ཕྲུག་ལྭ་ངས་གྱོན་ཡོད་པ་མཐོང་ན་འཕྱ་སྨོད་དང་དམའ་འབེབས་བྱེད་ངེས་སྙམ་ནས་གོམ་ཁ་བསྒྱུར་ཏེ་རས་གུར་ཞིག་གི་མདུན་དུ་ཚོང་ཟོག་མང་པོ་བཤམས་ཡོད་པ་དེའི་ཕྱོགས་སུ་སོང་། དེ་ན་གཞོན་ནུ་མ་མང་པོས་ཚི་ལེན་དང་ངོ་ཕུར་སོགས་ཉོ་བཞིན་འདུག་ལ། སྒྲོལ་མ་སྐྱིད་ཀྱིས་ཆུང་དུས་ཀྱི་རྩེད་རོགས་ལྷ་མོ་སྐྱིད་ཀྱང་དེ་ན་ཡོད་པ་མཐོང་བྱུང་།

"ལྷ་མོ་སྐྱིད། ཁྱོད་ཀྱང་རྟ་རྒྱུགས་འགྲན་བསྡུར་ལ་བལྟ་བར་འོངས་པ་ཡིན་ནམ།"

"འོ། ཁྱོད་ཡིན་ནམ། ཁྱོད་དེ་རིང་ཇི་འདྲའི་མཛེས་པ་ལ།"

"ངོ་མ་ཡིན་ནམ། འདི་དག་ངའི་ཁྱོ་བོས་ལྷ་ས་ནས་ཉོས་འོངས་པ་རེད།" ཁོ་མོས་བྱུ་རུའི་མགུལ་རྒྱན་དང་གསེར་གྱི་རྣ་ཏོག་ལ་རེག་ཙམ་བྱས།

"ཁྱོད་ངོ་མ་ལས་བསོད་ནམས་ཅན་ཞིག་རེད།"

"འོ་ལེ། ངས་ཀྱང་དེ་ལྟར་བསམ་གྱིན་ཡོད།" སྒྲོལ་མ་སྐྱིད་དགའ་ནས་ཁ་ཡང་ཟུམ་མི་ཐུབ་པར་གྱུར།

"འོ……"སྒྲོལ་མ་སྐྱིད་ཀྱིས་ཁ་བརྡ་བྱེད་ཞོར་དུ་ལྷ་མོ་སྐྱིད་ཀྱི་ལུས་ལ་མིག་ཉུལ་ཞིག་བྱས་པ་ན། ཁོ་མོས་ལྭ་བ་བབ་ཆགས་ཤིག་གྱོན་ཡོད་པ་ལས་རྒྱན་ཆ་ཅི་ཡང་བཏགས་མེད། ཁོ་མོའི་སེམས་ལ་སྔར་ལས་ལྷག་པའི་དགའ་སྤྲོ་ཞིག་སྐྱེས་བྱུང་།

དགུང་གི་ཉི་མ་དལ་བུར་ཆུ་ལྷའི་ཕང་བར་བཞུད་པ་ན། སྒྲོལ་མ་སྐྱིད་ཀྱིས་ད་གཟོད་རང་ཉིད་ནི་ཨ་ཁུ་འབུམ་པ་ཚང་གི་མནའ་མ་ཡིན་པ་དང་ཉིན་དེའི་ཁྱིམ་ལས་གཅིག་ཀྱང་ལས་མེད་པ་དྲན་ཏེ་གོམ་ཁ་རང་ཁྱིམ་གྱི་ཕྱོགས་སུ་བསྒྱུར། ལུང་བ་ཆུང་ཆུང་དེའི་གཡས་འགྲམ་ལ་བསླེབས་སྐབས། སྦག་སྦག་འཁོར་ལོའི་སྒྲ་ཞིག་གྲག་བྱུང་བས། ཁོ་མོས་སུ་ཡིན་ནམ་སྙམ་ནས་ཁ་ཕྱིར་འཁོར་བ་ན། མགོ་སྐྲ་རིང་བོ་བཞག་པའི་གསར་བུ་གཉིས་སྦག་སྦག་འཁོར་ལོར་བཞོན་ནས་ཏག་ཏག་ཁོ་མོ་འགྲོ་སའི་ལམ་བུ་བརྒྱུད་དེ་བྱ་འཕུར་བ་ལྟར་མདུན་དུ་བརྒྱུགས་ཡོང་སྟེ་སྦག་སྦག་སྟེང་ནས་འགྲོ་ཞོར་དུ་ཁོ་མོའི་སྐེ་ལ་ལག་སྙོབ་ཅིག་བྱས་པ་ན། སྒྲོལ་མ་སྐྱིད་ནི་དངངས་སྐྲག་གིས་འགུལ་རྒྱུ་མེད་པར་གྱུར.......

ཀུན་དགའ་སྔ་མོ་ནས་ཁྱིམ་ལ་ལོག་སྟེ་ཉིན་གང་བོར་གང་སར་འཁྱམས་པའི་ལུགས་རྣམས་ཟོག་རར་འཇུག་བཞིན་ཡོད་ལ། ཨ་ཁུ་འབུམ་པ་ཚ་ཐབ་སྟེང་བསྡད་དེ་སེན་ཁུད་ལ་སྣ་ཐ་ཉུང་ཙམ་གཏུལ་ནས་འཐེན་ཞོར་དོན་དག་ཅིག་ལ་འདང་རྒྱག་བཞིན་འདུག སྒྲོལ་མ་སྐྱིད་ཀྱིས་ཉིན་རྒྱུན་དང་མི་འདྲ་བའི་གཟབ་འཕྱོར་སྤྲས་ཏེ་སྦྲ་ནང་དུ་ཐོན་པ་མཐོང་མ་ཐག སྣ་ཐ་འཐེན་མཚམས་བཞག་ནས་དལ་བུར་ཡར་ལངས་ཏེ་སྦྲའི་ཕྱི་རོལ་ཏུ་ཕྱིན། ཁོ་མོས་ངང་ཚུལ་དེ་མཐོང་རྗེས་མིད་པ་གཡེར་མས་བརྣངས་པ་ལྟར་ཁ་ནས་ཚིག་གཅིག་ཀྱང་བཤད་རྒྱུ་མེད་པར་མྱུར་མོར་ཧྲལ་ཧྲུལ་དུ་གྱུར་བའི་སློག་པ་གྱོན་ཏེ་བཞོ་ཟེའུ་ཁྱེར་ནས་སྦྲ་སྒོར་བུད།

ཨ་ཁུ་འབུམ་པ་ཚང་གི་བཟའ་མི་རྣམས་ཀྱིས་དགའ་སྤྲོ་དང་བཅས་ནངས་ཇ་འཐུང་བཞིན་འདུག

"མནའ་མ། ཨ་ཁུ་བློ་བཟང་ཚང་གི་བྱུ་རུའི་མགུལ་རྒྱན་དང་ཕྲུག་ལྭ་གང་ན་ཡོད།"

ཨ་ཁུ་འབུམ་པས་དེ་ལྟར་བཤད་པ་ན། སྒྲོལ་མ་སྐྱིད་ཤིན་ཏུ་དོགས་མི་བདེ་བར་སྦྲ་གུར་ནང་གི་སློག་རྙིང་དང་བལ་གདན་རྣམས་སྤྲུག་སྤྲུག་བཏང་ནས་བཙལ་བ་དང་། ཆ་སྒམ་རེ་རེ་བཞིན་བྱས་ཏེ་བཙལ། ཀུན་དགས་ཚུལ་དེ་མཐོང་ནས་གནས་ཚུལ་མི་ལེགས་པ་ཤེས་ཏེ་ཁོ་མོར་རྒྱུ་མཚན་དྲིས་པ་ན། ཁོ་མོས་ད་གཟོད་ཁ་སང་གི་སྦག་སྦག་འཁོར་ལོ་ཞོན་མཁན་གཉིས་ཀྱིས་བྱུ་རུའི་མགུལ་རྒྱན་བཅོམ་པ་བཤད་དེ་ཡིད་སྐྱོ་བའི་ངང་ནས་ངུས་བྱུང་།

ཨ་ཁུ་འབུམ་པས་ཅི་ཡིན་ཆ་མ་འཚལ་བར་ཡིད་སེམས་ཐེ་ཚོམ་གྱི་སྒྲོག་གིས་བཅིངས་ཏེ་སྒྲོལ་མ་སྐྱིད་ལ་རྒྱུ་མཚན་དྲིས་པ་ན། ཁྱིམ་ཚང་གི་ལྟོ་གོས་ཙམ་ལས་ཐག་གཅོད་ཐུབ་མེད་པའི་ཁོ་ཚང་སྒོར་ཁྲི་འགའི་དོམ་ནང་ལྷུང་ཡོད་པ་ཤེས་རྗེས་གདོང་གི་འཛུམ་མདངས་སྨུག་པ་ལྟར་ཡལ་ཐོག་རི་མོར་བཀོད་པའི་མི་བཞིན་དུས་ཡུན་རིང་ཙམ་ལ་ཁ་གདངས་ཤིང་ཧོར་ཐོར་དེ་ལུས། དེའི་དགོང་མོར་ཁོ་རང་མཚན་གང་བོར་གཉིད་ཁུག་མ་ཐུབ་པ་དང་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས་སྒོར་མོ་བསྐྱིས་ཏེ་བྱུ་རུའི་མགུལ་རྒྱན་གྱི་སྐྱིན་ཚབ་ཉོ་རྒྱུར་ཐག་གིས་བཅད། ཕྱི་ཉིན་ནམ་ལངས་མ་ཐག་ནས་ཨ་ཁུ་འབུམ་པ་མལ་ལས་ལངས་ཏེ་ཐོག་མར་སྡེ་དཔོན་ཚང་ལ་སོང་། དེ་ནསདངུལ་ཁང་ལ་སོང་བ་དང་། སླར་ཁྱིམ་ལའང་མ་ལོག་པར་བླ་བྲང་ལ་ཕྱིན།

འཇིག་རྟེན་གྱི་འཚོ་བ་ནི་སྐྱིད་སྡུག་འདྲེས་མའི་རང་བཞིན་ཅན་ཞིག་ཡིན་པས། དུས་དེ་ནས་བཟུང་སྒྲོལ་མ་སྐྱིད་དང་ཀུན་དགའ་གཉིས་ཀྱིས་སྐྱིད་ལ་ཁའི་རྩྭ་མཉམ་ཟ་དང་སྡུག་ཀོ་ལོང་ཆུ་མཉམ་འཐུང་གིས་གཞན་ལ་གླ་བརྒྱབ་ནས་སྒོར་མོ་བཙལ་བ་དང་། ནོར་འཚོ་བའི་ལས་ཀ་ལྗིད་མོ་དེ་མགོ་རྒས་ནས་ལུག་ཆུང་ཚ་རུར་གྱུར་ཅིང་ཞལ་རྒས་ནས་གཉེར་མའི་རི་མོ་བཀྲ་བའི་ཨ་ཁུ་འབུམ་པའི་ཕྲག་ཏུ་བབས། དེ་ལྟར་དཀའ་སྡུག་གི་ལོ་ངོ་བཅུ་འགོར་རྗེས་ཀྱི་ཉིན་ཞིག་ལ། སྤྲིན་བྲལ་མཁའ་ནས་ཉི་མས་ཚ་བའི་སྟོབས་དང་ལྡན་པའི་འོད་ཟེར་འགྱེད་པ་ན་ཕ་མཐའ་གཞལ་དུ་མེད་པའི་རྩྭ་ཐང་གིས་གསེར་མདོག་གི་ལྭ་བ་ཞིག་གྱོན་པ་དང་འདྲ་བར་གསེར་འོད་ལམ་ལམ་བྱེད། སྒྲོལ་མ་སྐྱིད་ཀྱིས་བྱང་ཆ་ལྡན་པའི་སྒོ་ནས་དགོ་དགོ་ངག་གི་དབྱངས་རྟ་གྱེར་ནས་འོ་མ་བཞོ་བཞིན་ཡོད་པ་དང་། སྔར་གྱི་འཇོ་སྒེག་ལྡན་པའི་ལུས་པོ་ནི་སྡོང་རྒན་གོག་པོར་སོང་བ་དང་འདྲ་ལ། གནག་ཅིང་སྣུམ་པའི་སྐྲ་ལོའི་གསེབ་ན་སྐྲ་དཀར་པོ་ཉག་མ་འགའ་ཡང་སྐྱེས་འདུག ཁོ་མོས་མཚམས་ལ་རེ་འོ་མ་བཞོ་མཚམས་བཞག་ནས་དབུགས་རིང་ནར་ནར་དུ་འབྱིན་པ་ལ་བལྟས་ན་ཁོ་མོས་མིག་ཆུ་དང་རྔུལ་ཆུ་བསྲེས་ནས་བྲིས་པའི་མི་ཚེའི་བགྲོད་ལམ་དེ་ལ་ཕྱིར་འདང་རྒྱག་བཞིན་ཡོད་པ་རྟོགས་ཐུབ།

ཨ་ཁུ་འབུམ་པ་རྒྱུན་ལོབས་ལྟར་ཚ་ཐབ་སྟེང་བསྡད་དེ་སྤྱན་ཤེལ་གྱོན་པ་དང་ཁ་བཏོན་དཔེ་ཆ་བཟུང་ནས་བློ་རྩེ་གཅིག་སྒྲིམ་གྱིས་ཁ་བཏོན་འདོན་བཞིན་ཡོད་ལ། ཀུན་དགས་སྐམ་པ་བཟུང་སྟེ་ཐབ་ཁུང་ནས་མེ་རོ་ཞིག་སྦྲ་སྒོའི་ཕྱི་རོལ་གྱི་བསང་ཁྲིའི་ཐོག་བཞག་པ་དང་། དེའི་ཤུག་པ་སྐམ་པོ་སྤར་མོ་གང་བཞག་རྗེས་བསང་རྩི་བཏུལ་བ་ན་ལྷ་བསང་གི་དྲི་ཞིམ་ཞིག་ཕྱོགས་གང་སར་ཁྱབ། ཅུང་མ་འགོར་བར་འོ་ཇའི་དྲི་ཞིམ་ཞིག་ཀྱང་སྐྱི་བསེར་རླུང་དང་འགྲོགས་ནས་སྣ་ལམ་དུ་འཐུལ་འོངས་བ་དང་སྒྲོལ་མ་སྐྱིད་ཚང་གི་བཟའ་མི་གང་བོས་ཁ་བརྡ་སྣ་ཚོགས་བྱེད་བཞིན་ནངས་ཇ་འཐུང་བཞིན་འདུག ཨ་ཁུ་འབུམ་པས་སྣ་ཐ་ཉུང་ཙམ་སེན་ཁུད་ལ་གཏུལ་ནས་རྔམ་འཐེན་བྱེད་བཞིན་རང་གི་བུ་དང་མནའ་མ་གཉིས་ལ་ལྐོག་ལྟ་ཞིག་བྱས་ཏེ། "མནའ་མ། ངེད་ཚང་དོམ་ནང་ལ་ལྷུང་བ་ནས་བཟུང་ཁྱོད་རང་ཡུལ་ལ་ཐེངས་གཅིག་ཀྱང་འགྲོ་མ་ཐུབ། དེ་རིང་ཡུལ་ལ་སོང་ནས་ཕ་མ་གཉིས་ཀར་སྐོར་ཞིག་རྒྱོབས་དང་། ཉིན་འགའི་རྗེས་སུ་ལོག་པར་གྱིས"ཞེས་ལབ།

"འོ་ན་ལས་ཀར་མི་འགྲོའམ།"ཀུན་དགས་ཅི་མི་སྙམ་པའི་ངང་ནས་དེ་ལྟར་བཤད།

ཨ་ཁུ་འབུམ་པས་བུ་ཡི་སྐད་ཆ་དེ་གོ་མ་ཐག་ཐོག་མར་དཔྲལ་ངོས་ལ་གཉེར་མའི་མདུད་པ་ཞིག་བརྒྱབ་སྟེ་བུ་ལ་ཞིབ་ལྟ་ཞིག་བྱས་པ་དང་། དེ་ནས་མགོ་ལ་ཤུགས་ཀྱིས་འཕྲུག་བཞིན། "འོ། ད་ནི་དངུལ་ཁང་ལ་སྒོར་མོ་མང་པོ་ཆད་མེད་པས། ཁྱོད་གཉིས་ཀྱིས་ཀྱང་ངལ་ཞིག་གསོས་ན་འགྲིག"ཅེས་བཤད།

སྒོ་ཁྱི་ཟུག་པ་དང་ལྷན་དུ་ཨ་ཁུ་རྡོ་རྗེས་སྒོ་ཡོལ་བཀྱགས་ནས་སྦྲ་ནང་ལ་ཕེབས་བྱུང་། རྨ་བྱ་ནགས་ཀྱི་རྒྱན་དང་མགྲོན་པོ་ཁྱིམ་གྱི་རྒྱན་ཡིན་ཞེས་པ་ལྟར་ཨ་ཁུ་འབུམ་པས་རང་ཚང་གི་ཨ་ཞང་འོངས་པ་མཐོང་ནས། མྱུར་མོར་ཡར་ལངས་ཏེ་ཨ་ཁུ་རྡོ་རྗེ་ཚ་ཐབ་སྟེང་ལ་གདན་དྲངས་རྗེས་བག་ལེབ་དང་འོ་ཇ་སོགས་ཀྱིས་སྣེ་ལེན་བྱས།

ཨ་ཁུ་རྡོ་རྗེས་དཀར་ཡོལ་འབྲུག་རིས་མའི་ནང་གི་འོ་ཇ་ལ་ཧུབ་གང་བྱས་རྗེས་རུམ་ནས་བྱུ་རུའི་མགུལ་རྒྱན་ཞིག་བླངས་ཏེ་ཨ་ཁུ་འབུམ་པར་སྤྲད།

"འདི་ཁྱེད་ཚང་གི་བྱུ་རུའི་མགུལ་རྒྱན་རེད།"

"ཨ.....ཁྱོད་ཀྱིས་ཅི་ཟེར།"ཨ་ཁུ་འབུམ་པ་ཧ་ལས་སོང་།

"ཨོ། ཁྱོད་ཀྱིས་ལོ་བཅུའི་སྔོན་དུ་ཨ་ཁུ་བློ་བཟང་ལ་སྐྱིན་པ་བྱིན་པ་དེ་རེད།"

ཨ་ཁུ་རྡོ་རྗེས་ཡང་མདུན་གྱི་དཀར་ཡོལ་ནང་གི་འོ་ཇ་ལ་ཧུབ་གང་བྱས་རྗེས་བཤད་རྒྱུར།"ཨ་ཁུ་བློ་བཟང་གིས་ང་ལ་བྱུ་རུའི་མགུལ་རྒྱན་ཕྱིར་སྤྲོད་རོགས་ཞེས་བསྐུལ་བས་ངས་དེ་རིང་ཁྱེར་འོངས་བ་ཡིན། "

"བྱུ་རུའི་མགུལ་རྒྱན་འདིར་སྐྱོན་འདྲ་བྱུང་བ་ཡིན་ནམ། "ཀུན་དགས་གློ་བུར་དུ་དེ་ལྟར་དྲིས་བྱུང་།

"མིན། མིན། ཨ་ཁུ་བློ་བཟང་གིས་བཤད་པ་ལྟར་ན། ཁྱེད་ཚང་ལ་གཡར་བ་དེ་བྱུ་རུའི་མགུལ་རྒྱན་རྫུན་མ་ཞིག་ཡིན་ཟེར།"

"ཨ......"བཟའ་མི་གང་བོ་ཧ་ལས་ཏེ་སྐད་ཆ་འང་བཤད་མི་ཐུབ་པར་གྱུར།།


རྩོམ་ཡིག་སྔོན་མ།
གོམ་སྒྲ།
རྩོམ་ཡིག་རྗེས་མ།
ཤི་མྱིང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1