ཤི་མྱིང་།
འདྲེ་བྱང་སེམས། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
"ཡར་ལུང་ཁོག་ནས་བསྡད་ན།།ཡར་ལུང་ཤན་པ་མཆོད་དགོས"ནག་ཞར་སྡེ་བའི་གཏམ་དཔེ་འདི་ནི་ས་གནས་འདི་ནས་བྱུང་བ་ཞིག་ཡིན། གོ་ཐོས་སུ་དང་ཐོག་དཔོན་ཞར་ཞེས་པ་ཞིག་གིས་སྡེ་མི་རྣམས་ལ་ལུགས་མིན་གྱི་འུ་ལག་རྒྱུགས་སྐབས་གཏམ་དཔེ་འདི་བཀོལ་ནས་ངོ་རྒོལ་བྱེད་མཁན་རྣམས་ཚར་བཅད་པ་རེད་ཟེར། རྗེས་སུ་གཏམ་དཔེ་འདི་ལ་སྤྱོད་སྒོ་ཆེ་བ་མཐོང་ནས་ནག་ཞར་སྡེ་བའི་ལོ་ལོན་རྣམས་ཀྱིས་གཞོན་རབས་པར་ཁ་ཏ་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་ལྟ་བུར་གྱུར། དེ་ནས་བཟུང་སྡེ་མི་ཚོས་གཏམ་དཔེ་འདིའི་སྐྱེ་ཁུངས་མི་གཙང་བའང་རིམ་གྱིས་བརྗེད་དེ་དམ་པའི་གསུང་རབ་ལྟ་བུར་བརྩིས་འདུག
“ཡར་ལུང་ཁོག་ནས་བསྡད་ན་ཡར་ལུང་ཤན་པ་མཆོད་དགོས……”ཁོ་གཟིམ་ཁང་གི་སྒོ་ཁར་སླེབས་དུས་སྒྱུག་པོའི་གཏམ་དེ་ཡིད་ལ་ཝ་ལེར་ཤར་བྱུང་བས་འགྲོ་མཚམས་བཞག་སྟེ་ཕྱིར་དྲན་ཞིག་བྱས། །ཁོའི་མིང་ལ་སྐྱེ་ཡག་ཟེར། མི་ལ་ལས་མིང་འདི་ཁོ་ལ་བཏགས་ན་ཅུང་མི་འོས་ཟེར་བའང་གཞི་འཛིན་ས་ཡེ་ནས་མེད་པ་མིན་ཏེ། ཁོའི་ཡོ་ཟུར་ཤོར་བའི་མིག་དེ་མ་ཟད་ཕྱི་ལ་བརྐྱངས་བའི་ཡ་སོ་དེ་ཁོ་ནས་ཀྱང་སྐྱེ་ཡག་ཅེས་པའི་མིང་འདི་ནི་འདོད་རྒྱལ་ཙམ་ལས་རྗེས་གྲུབ་ཅིག་མིན་པ་ར་སྤྲོད་བྱས་འདུག ཁོ་ནི་ནག་ཞར་སྡེ་བའི་ཚུར་ཡོང་མག་པ་ཞིག་ཡིན་པས་"ཡར་ལུང་ཁོག་ནས་བསྡད་ན་ཡར་ལུང་ཤན་པ་མཆོད་དགོས"ཞེས་པའི་གཏམ་དཔེ་འདི་ནི་ཁོ་ལྟ་བུའི་ཕྱོགས་ཡོང་ཚོ་ལ་གཟས་ཏེ་བཅོས་པ་འདྲ། སྒྱུག་པོས་གཏམ་དཔེ་འདི་བཀོལ་ནས་གཤེ་གཤེ་གཏོང་ཐེངས་རེར་ཁོའི་སེམས་ལ་སྐྱིད་པོ་ཞིག་གཏན་ནས་མིན། རྒྱུ་མཚན་ནི་གཏམ་དཔེ་འདིའི་ནང་དུ་"ཁྱོད་རང་འདུག་འདོད་མེད་ན་སོངས་ཤིག"ཅེས་པའི་བརྡ་ཞིག་སྟོན་གྱིན་ཡོད་པ་རེད།
ཡིན་ནའང་། གཏམ་དཔེ་འདི་ལའང་གནས་ལུགས་གཏན་ནས་མེད་པ་ཞིག་མིན་
པས་གཤེ་གཤེ་གཏོང་ཐེངས་རེར་བྱ་ཐབས་ཟད་དེ་སྡོད་དགོས་ཐུག་གིན་ཡོད། སྒྱུག་པོས་ཐོག་དང་པོར་གཏམ་དཔེ་འདི་བཀོལ་ནས་གཤེ་གཤེ་བཏང་བ་ནི་ན་ནིང་དགེ་བཅུའི་ཁྲིམས་སྡོམ་སྐབས་ཡིན། སྐབས་དེར་ཁྲིམས་འཛིན་གྲྭ་བ་དེས་སྐྱེ་ཡག་ལ་ཤོག་སྒོར་སྟོང་བརྒྱད་ཁྱེར་ཤོག་ཟེར་དུས། ཁོའི་ངོ་མདངས་སྐྱ་བོར་གྱུར་ནས་ཡུད་ཙམ་ལ་ཁ་ཤ་ལྷབ་ལྷབ་བྱེད་པ་ལས་ངག་ལས་ཚིག་གཅིག་ཀྱང་མ་ཁྲོལ། ཁོས་ཞིབ་འདང་ཞིག་བརྒྱབ་པ་ན་གྲངས་ཀ་དེ་ནི་ཁོ་ལ་མཚོན་ན་དཔེ་མི་སྲིད་པ་ཞིག་རེད། ན་ནིང་ཆུང་མ་རྫོང་སྨན་ཁང་ལ་འགྲོ་དུས་ངོ་ཤེས་མི་ཤེས་གཉིས་ལ་ཞུ་བ་བྱས་པས་སྒོར་མོ་སྟོང་གཉིས་ཙམ་ཚགས། རྗེས་སུ་དེས་སྨན་ཡོན་གྱི་ཕྱེད་ཀའང་མ་འདང་བས་ད་གཟོད་བྱ་ཐབས་ཟད་དེ་གཡག་རྒན་གཅིག་བཙོང་བ་མིན་ནམ། ད་སྒོར་མོ་སྟོང་བརྒྱད་གང་ལ་བཙལ་དུ་འགྲོ་སྙམ་ནས་རང་དབང་མེད་པར་"མིན"ཞེས་ཤོར་སོང་། "ངོ་རྫོགས་རྒྱུ་བོ།ཡར་ལུང་ཁོག་ནས་བསྡད་ན..."སྒྱུག་པོས་གཤེ་གཤེ་བཏང་བྱུང་བས་ཁོས་
"ངས་སང་ཉིན་ཁྱེར་ཡོང་ངེས་ཡིན..."ཞེས་བཤད་དགོས་བྱུང་།
ཐེངས་གཉིས་པ་ནི་གཞི་ནིང་རུ་དགུན་སར་སྤོས་པའི་ཉིན་དེ་ཡིན། ཉིན་དེའི་གནམ་གཤིས་ཧ་ཅང་བཟང་བས་སྐྱེ་ཡག་ཚང་གིས་སྔ་མོ་ནས་ཁད༼ཨ་མདོའི་ཁ་སྐད་དེ་ལས་ཁ་ཚགས་སུ་ཆུད་ནས་གཞི་ཆགས་པ་ལ༽ཟིན་སོང་།ཆུང་མས་ནོར་རྡང་བཟུང་ནས་ལྷས་རའི་ཕྱོགས་སུ་བུད་སོང་། ད་ནི་ལས་ཀ་ཙག་ཙིག་ཙམ་རེ་ལས་ལྷག་མེད་པས་ཁོས་བགས་ཡངས་ཤིག་བྱེད་དགོས་སྙམ།དེ་མ་ཐག་ལྷས་ཀླད་ཀྱི་སྤང་ཁུད་ཆུང་ཆུང་དེ་ན་སྐྱ་ཐར་ཐར་བྱེད་པའི་ཨ་བྲ་རྣམས་ཡིད་ལ་དྲན་དེ་ཡར་ལངས་ནས་སྒོར་བུད། སྐྱེ་ཡག་ཆུང་དུས་ནས་ལག་རྡོ༼ཨ་མདོའི་ཁ་སྐད་དེ་རྡོ་འཕེན་རྩལ་ལ་ཟེར༽གཟུ་མོ་ཅན་ཞིག་ཡིན་པས་ཅུང་མ་འགོར་བར་ཨ་བྲ་གཉིས་རྡོ་ངོར་སྦྱར་སོང་། ཁོས་ཡང་བསྐྱར་རྡོ་ལོག་ཅིག་བླངས་ཏེ་འཕེན་གྲབས་བྱེད་སྐབས་སྒྱུག་པོའི་གདོང་མདོག་དམར་པོར་གྱུར་ཏེ་ཕུ་ཐུང་གཡས་བརྫེ་གཡོན་བརྫེ་བྱས་ནས་སླེབས་བྱུང་། "ངོ་རྫོགས་རྒྱུ་བོ། ཡར་ལུང་ཁོག་ནས་བསྡད་ན......"ཁོས་དང་ཐོག་ཅི་ཡིན་ཧ་མ་གོ་བས་ཨེན་ཙམ་མིན་ན་ལག་གི་རྡོ་ལོག་དེས་ཀྱང་ཨ་བྲ་ཞིག་བསྒྱེལ་སོང་།རྗེས་སུ་ཁོས་ཨ་བྲ་ནི་ནག་ཞར་སྡེ་བའི་"སྲུང་སྐྱོབ་སྲོག་ཆགས"ཡིན་པ་ཤེས། ཉེ་བའི་ལོ་ཤས་ནང་ནག་ཞར་སྡེ་བ་ནི་ཕྱུགས་གྲངས་ལས་ལྡབ་འགྱུར་གྱིས་ཨབ་གྲངས་མང་བ་ཞིག་ཏུ་འགྱུར་བཞིན་ཡོད་ལ། དེ་ལས་ཀྱང་ཚབ་ཆེ་བ་ཞིག་ནི་ད་ལོ་སྤང་ཁུད་ཡིན་པ་གང་མང་ཞིག་སང་ལོ་ས་ནག་ཏུ་འགྱུར་གྱིན་འདུགཨ་ལགས་ཚང་གིས་ཨ་བྲ་ནི་ཡི་དྭགས་ཀྱི་རིགས་ཡིན་ཟེར་ནས་གསུར་ཆེན་ཐེངས་འགའ་ཕུད་ནའང་"ཡི་དྭགས"དེ་ཚོ་དེ་འདྲའི་མགུ་སླ་བ་ཞིག་མིན་པ་འདྲ།
ཉེ་སྔོན་འཕྲུལ་རྟའི་དོན་རྐྱེན་དེ་བྱུང་རྗེས་ནག་ཞར་སྡེ་བའི་ཨ་བྲ་"གཏན་ནས་གསོད་མི་ཆོག"་ཅེས་པ་བཅོས་ཏེ"བསམ་གཟས་ནས་གསོད་མི་ཆོག"ཅེས་པར་བསྒྱུར། ད་ལྟ་ཨ་བྲར་བྱོལ་ཏེ་རང་ཉིད་ལམ་ཁ་ནས་མཆོངས་བའི་དོན་རྐྱེན་དེ་འདྲ་འབྱུང་མི་སྲིད། "སྐྱེ་ཡག...ཨོ...ཨོཾ་མ་ཎི་པདྨེ་..." སྐྱེ་ཡག་ཕྱིར་འཁོར་བ་ན་སྡེ་དཔོན་རང་གི་གམ་ལ་སླེབས་འདུག"ད་མྱིང་བརྗེས་ཡོད་རྒྱུ་རཱ...""ཨུན...ཨོ་ད་རུང་བརྗེས་མེད""ཨ་ལ།དེས་ན..."སྡེ་དཔོན་གྱིས་ཡང་བསྐྱར་ཅི་ཞིག་བཤད་གྲབས་བྱེད་སྐབས་སྐྱེ་ཡག་གིས་མ་གོ་ཁུལ་བྱས་ནས་བུད་སོང་།སྡེ་དཔོན་འདིའང་སྒྱུག་པོ་དང་འདྲ་བར"ཡར་ལུང་ཁོག་ནས་བསྡད་ན་ཡར་ལུང་ཤན་པ་མཆོད་དགོས"ཟེར་མཁན་དེ་རིགས་ཡིན་པས་ཁོ་སུན་སྣང་སྐྱེ་གིན་ཡོད། དོན་ངོ་མ་ཁོའི་མིང་དང་འདས་པོ་དེའི་མིང་གི་བར་ལ་ཁྱད་པར་ཆེན་པོ་ཡོད་དེ། འདས་པོའི་མིང་ལ"སྐྱ་ཡག"ཟེར།"སྐྱ"ནི་ཅོ་ཐོ་ལ་ཟེར་བ་ཡིན་པས་ཡི་གེར་བྲིས་ན"སྐྲ་ཡག"ཅེས་འབྲི་འོས་པ་འདྲ་སྟེ། ཨ་མདོའི་ཁ་སྐད་ནང་ར་བཏགས་ཡ་བཏགས་སུ་འབོད་པ་མང་། དཔེར་ན་གྲི་ལ་གྱི་ཟེར་བ་ལྟ་བུ་རེད། ཡིན་ནའང་སྒྱུག་པོས་གནས་ལུགས་ལ་མི་ཉན་པར"ཡར་ལུང་ཁོག་ནས་བསྡད་ན..."ཟེར་ནས་ཨུ་ཚུགས་མཐར་སྐྱེལ་བྱས་པས་ཁོའང་བྱ་ཐབས་ཟད་དེ་མྱིང་བརྗེ་རུ་ཡོང་བ་ཡིན།སྐྱེ་ཡག་གི་མིང་བརྗེས་ཏེ་གཟིམ་ཁང་གི་སྒོར་འབུད་དུས་མུན་རུབ་ལ་ཉེ། གླིང་བར་གྱི་ཁ་བཞོས༼ཁ་སྐད་དེ་དགོན་མཐར་ཡོད་པའི་རྒན་རྒོན་ཚོས་དབྱར་ཁ་བཞོན་མ་འགའ་རེ་བཟུང་ནས་ཁ་ཟ་ཁ་ཐོན་བྱེད་ཀྱིན་པ་ལ་ཟེར།༽རྣམས་ཀྱང་མཐོང་རྒྱུ་མི་འདུག འདུ་ཁང་ལྟག་རྒྱབ་ན་ཁྱི་ལྡོམ་འགས་ཟ་རྒྱུ་ཞིག་འཕྲོག་རྩོད་བྱས་ནས་མཆེ་བ་གཙིགས་རེས་བྱེད་ཀྱིན་འདུག རླུང་བུ་འཇམ་པོ་ཞིག་ལྡང་བ་དང་གཡེར་དྲིལ་གྱི་སྒྲ་སིང་སིང་གྲགས་ཡོང་ལ་བསང་དུད་ཀྱི་དྲི་ཞིམ་ཞིག་ཀྱང་འཐུལ་ཡོང་། ཁོས་སྣང་ཚུལ་འདི་དག་ལ་རོལ་མྱོང་བྱས་ནས་འདུག་ཁོམ་ཞིག་གང་ན་ཡོད། ཁྱིམ་ན་ཆུང་མ་གཅིག་པུ་ལས་མེད་ལ་བཙས་ནས་ཟླ་ཁ་གང་མ་ཐག་པའི་བྱིས་པ་ཞིག་ཀྱང་ཡོད།ཁོས་ཕྱག་མདུད་དང་མིང་ཡིག་རུམ་ལ་བཅུག་རྗེས་འཕྲུལ་རྟར་བཞོན་ཏེ་ཁྱིམ་ལ་འགྲོ་བའི་ལམ་དུ་ཞུགས། ཁྱིམ་ལ་སླེབས་དུས་ཆུང་མས་སྔ་མོ་ནས་ཟོག་བཏགས་ཚར་དེ་ཇ་བསྐོལ་ནས་ཁྱོ་ག་ཡོང་བར་སྒུག་འདུག ཁོའི་ཆུང་མའི་མིང་ལ་སྐར་མཚོ་ཟེར།སྔོན་ཆད་ནག་ཞར་སྡེ་བའི་རྒན་རྒོན་ཚང་མས"ཆུང་ཆུང་ཡར་སྐྱེའི་ནང་ན..."ཟེར་ནས་མཐེ་བོང་བསྒྲེངས་ས་ཞིག་ཡིན་ལ། འགའ་རེས"ངེད་ཚང་གི་ཞི་ལུས་མོ་ལེན་ཐུབ་ནཱ"ཟེར་ནས་སྨོན་པ་འཆོར་མཁན་ཡང་ཡོད།རྗེས་སུ་སྐྱེ་ཡག་གི་ཆུང་མ་བྱས་རྗེས་ཀྱང་ཁོ་ཚོའི་གླེང་གཞི་དེ་སྐྱུར་མི་བྲ་པ་འདྲ། ལ་ལས"སྐྱེ་ཕོ་བཙོག་གམ་ན་མོ་ཡག་ཅེས་པ་བདེན་གི་ཡ"ཟེར་ནས་མགོ་བོ་གཡུག་གཡུག་བྱེད..."བླ་མས་མྱིང་ཨེ་བརྗེས་ཐལ..."ཆུང་མས་གདོང་ལ་འཛུམ་ཞིག་ལངས་ནས་དྲིས།"འདི..."ཁོས་ཐད་ཀར་ལན་མ་བཏབ་པར་མིང་ཡིག་དེ་ཆུང་མའི་ལག་ཏུ་བཞག"ཐ་ག་བཞག་ཐག...ཆ་འགྲེང་བུ་ཆེ་ན་བཞག་ཆེན...ས་ཀ་བཏགས་སྐ་ཡ་བཏགས་སྐྱ་བ་ས་བཞག་སྐྱབས"ཆུང་མས་ཚེག་དེད་བྱས་ནས་ཀློག་བྱུང་།ནག་ཞར་སྡེ་བས་ཡིག་རྨོངས་འཛིན་གྲྭ་བཙུགས་པ་ནས་སློབ་གྲྭ་དང་དགོན་པ་གང་ཡང་འགྲིམས་མ་མྱོང་བའི་འབྲོག་མི་མང་པོ་ཞིག་གིས་བོད་ཡིག་ཀློག་ཤེས་ཀྱིན་ཡོད"ཞི་མོ..."མི་ཞིག་གིས་བོས་བྱུང་།"ཨ་ཕ་རེད...ཨཱ..."སྐར་མཚོ་ཡར་ལངས་ནས་སྒོར་འབུད་གྲབས་བྱེད་སྐབས་ཕ་རྒན་ཡར་འཛུལ་བྱུང་།"མྱིང་ཨེ་བརྗེས་ཐལ..."སྒྱུག་པོ་ཁྱིམ་ལ་འཛུལ་མ་ཐག་ཅི་ཞིག་ལ་རྔམས་པ་ནང་བཞིན་དེ་ལྟར་དྲིས་བྱུང་།"བརྗེས་ཐལ།...""ཅི་བཏགས་ཐལ...""ཐག་ཆེན་སྐྱབས།"ཆུང་མས་ཁ་སྔ་བརྩད་དེ་བཤད་རྗེས་ཕ་རྒན་གྱི་གདོང་ལ་བལྟས་ནས་ཅི་ཟེར་ལ་བསྒུགས།"ཐག...ཐག་ཆེན།ཨོཾ་མ་ཎི...ཨོཾ་མ་ཎི"ཕ་རྒན་གྱིས་ངོ་མདངས་ཀྱང་ཤོར་སོང་། ཡུན་རིང་ལ་སྐད་ཆ་ཅི་ཡང་མི་བཤད་པར་ཡ་སྒྱེད་རྩར་བསྡད་དེ་མ་ཎི་བགྲངས་གྱིན་པ་ལ་བལྟས་ན་འདས་པོ"གལ་ཆེན"ཞིག་ཡིན་པ་འདྲ། སྐྱེ་ཡག་གིས་དེ་མ་ཐག་ཆུང་མའི་ཕྱོགས་སུ་བལྟས་པ་ན། མོ་འཛུམ་ཙམ་བྱས་ཏེ་མགོ་བོ་འཕྲེད་དུ་གཡུག་བྱུང་།"ཨོཾ་མ་ཎི......ཚོ་བ་སྟོད་མའི་དཔོན་རྒན་མཐོ་རིས་བོའི་ཆུང་མིང་རེད།"སྒྱུག་པོས་གཞི་ནས་ཁ་གྲགས་བྱུང་།"རྗེས་སུ་ཚང་མས་དཔོན་རྒན་དཔོན་རྒན་ཟེར་བས་མྱིང་འདི་འབོད་མཁན་མེད།
ཨོཾ་མ་ཎི...""ཨོ...ཧུ་ཧུ"སྐྱེ་ཡག་གིས་ཁུར་བོ་ལྕི་མོ་ཞིག་ཕོག་ཚར་བ་ལྟར་དབུགས་རིང་ཞིག་བྱུང་ནས་དགོད་ཙམ་བྱས།"འོན་ཀྱང་མྱིང་འདི་ངེས་པར་བརྗེ་དགོས།"སྒྱུག་པོའི་གདོང་ལ་གཟབ་ནན་གྱི་ཉམས་ཤིག་ཤར་ནས་དེ་ལྟར་བཤད་བྱུང་།"ཅིའི་ཕྱིར...ཁོ་ཚོའི་སྡེ་བས་ཤི་མྱིང་ལ་མི་འཛེམ་པ་མིན་ནམ..."སྐྱེ་ཡག་མིང་བརྗེ་རྒྱུར་སྔ་མོ་ནས་སུན་སྣང་སྐྱེ་བཞིན་ཡོད་པས་དེ་ལྟར་བཤད།"མྱིང་འདི་འདོགས་མི་རུང་། མཐོ་རིས་བོ་གྲི་ཤི་བྱས་སོང་བས་ཁ་མི་དྲོ..."སྐད་ཆ་འདི་བཤད་སྐབས་སྒྱུག་པོའི་གདོང་ལ་གཟབ་ནན་དང་དངངས་སྐྲག་ཅིག་གིས་ཁེངས་འདུགལོ་དེར་ཚོ་བ་གོང་འགབ་གཉིས་ལུང་བ་ཆུང་ཆུང་ཞིག་གི་དོན་ལ་དམེ་བྱས་ནས། ཚོ་བ་གོང་མའི་དཔོན་རྒན་སོགས་མི་བཞི་དམར་གསོད་བཏང་རབས་སྐར་མཚོས་གོ་མྱོང་བས། ཅི་ཡིན་འདི་ཡིན་མི་ཤེས་པའི་རྣམ་རྟོགས་ཤིག་སྐྱེས་ཏེ།"མིང་འདི་བརྗེས་ན་བཟང་གི..."ཞེས་སེམས་ཁུར་དང་བཅས་ཁྱོ་གའི་གདོང་ལ་བལྟ་ཙམ་བྱས་ནས་ཅི་ཟེར་ལ་ཉན།"རྣམ་རྟོགས་ཅན་ལ་འདྲེ་དགུ་འཁོར།"ཁོས་མིག་ལོག་ཅིག་བལྟས་རྗེས་དེ་ལྟར་ཆུང་མར་གཤེ་གཤེ་བཏང་ནའང་།སེམས་ནང་དུ་ཅི་ཡིན་མི་ཤེས་པའི་རྣམ་རྟོགས་ཤིག་སྐྱེ་བཞིན་ཡོད།"གང་ལྟར་མིང་འདི་ངེས་པར་བརྗེ་ཐབས་གྱིས..."སྒྱུག་པོས་གཟབ་ནན་གྱིས་མག་པའི་གདོང་ལ་བལྟས་ཏེ་ཚིག་ཐག་བཅད་ནས་སྨྲས། ཁོས་ཀྱང་མུ་མཐུད་དུ་སྒྱུག་པོར་ཁ་རྩོད་མི་རྒྱག་པར་གླེང་གཞི་གཞན་ཞིག་ལ་བསྒྱུར།
ཕྱི་ཉིན་ཉི་མ་སྦྲ་ཐོག་ལ་ཤར་དུས་སྐྱེ་ཡག་སྔ་མོ་ནས་རྒྱབ་རིའི་རྩེར་འགོས་ཚར། ཁོས་རུམ་ནས་ཁ་པར་བླངས་ཏེ་བརྡ་རྟགས་བཙལ་ཀྱིན་འདུག ཡུན་རིང་ལ་བཙལ་བས་ད་གཟོད་ཆད་མ་མཐུད་ཅིག་སླེབས་བྱུང་།"ཞང་ཡ་རེ་ལོ...ཕུ་བོ་དུང་སྐྱོང་དཀར་པོ་གཅིག...""རེད...ཨ་ལགས་ཚང་གི་འབོད་བརྡ་རེད..."སྐྱེ་ཡག་གིས་ཁ་པར་རྣ་སྒོར་སྦྱར་ནས་དེ་ལྟར་ཁེར་ལབ་ཅིག་བྱས།"ཝེ...སུ་ཡིན""ང་སྐྱེ་ཡག་ཡིན་ལགས།""ཨོ...དོན་དག་ཅི་ཡོད""ང་ལ་མྱིང་ཞིག་འདོགས་རོགས་ཞུ""ཁ་སང་བཏགས་ཚར་སོང་བ་མིན་ནམ...""ཁ་སང་གི་མིང་དེ་ཤི་མྱིང་ཞིག་རེད་ཟེར..."གང་ལྟར་སྐྱེ་ཡག་གིས་ཡུན་རིང་ལ་གསལ་བཤད་བྱས་པ་བརྒྱུད་བླ་མས་ཡང་བསྐྱར་ཁོ་ལ་མྱིང་ཞིག་གནང་བྱུང་། ད་ཐེངས་ཕྱག་མདུད་དང་མིང་ཡིག་ཅི་ཡང་གནང་ཐབས་མེད་ནའང་སྐྱེ་ཡག་གི་གདོང་ལ་འཛུམ་གྱིས་ཁེངས་ནས་སྣ་གླུ་ཐན་ཐུན་ཞིག་ལེན་ཞོར་ཏུ་རི་ལས་བབས།ཡུལ་ལ་སླེབས་དུས་ཆུང་མས་ལྕི་ས་ཐང་ལས༼ཨ་མདོའི་ཁ་སྐད་དེ་དབྱར་ཁ་ཟོག་བཞོས་རྗེས་ལྕི་བ་ཐང་མར་བརྡལ་ནས་ཐང་ས་ལས་པ་ལ་ཟེར།འབྲོག་མོ་ཚོས་ལས་ཀ་འདི་གྲུབ་རྗེས་ད་གཟོད་ནང་ཇ་འཐུང་བ་ཡིན༽ཚགས་ནས་ནང་ཇ་བསྐོལ་འདུག སྣ་ལམ་དུ་འོ་ཇ་ཁོལ་མའི་དྲི་ཞིམ་ཞིག་འཐུལ་ཡོང་བས་སྐྱེ་ཡག་ལྷག་པར་ཁ་སྐོམ་པའི་སྣང་བ་ཞིག་སྐྱེས། ཁྱིམ་ལ་འཛུལ་བ་ན་སྒྱུག་པོའང་སླེབས་འདུག སྒྱུག་པོ་ནམ་རྒྱུན་སྐྱེ་ཡག་ཚང་ལ་ཡོང་ནས་ཉི་མ་འཁྱོལ་ཐབས་བྱེད་རྒྱུར་གོམས་ཡོད། ཐེངས་རེར་མཚན་མོ་ཧ་ཅང་འཕྱི་ནའང"རང་རྣམ"གླེང་ནས་ཡུལ་ལ་མི་འགྲོ་བས། སྐར་མཚོའི་མ་རྒན་གྱིས་"ཕག་ལོ་འདི་གཉིས་ཨང..."ཟེར་ནས་འཁང་ར་བྱེད་ཀྱིན་ཡོད།"ཨེ...ཁྱོད་མགྱོགས་ཐཱ..."ཆུང་མས་དེ་ལྟར་བཤད་སྔ་མ་བུད་གོང་སྒྱུག་པོས་ཁ་སྔ་བརྩད་དེ།"མྱིང་ཨེ་གནང་ཐལ..."ཞེས་དྲིས་བྱུང་།"གནང་ཐལ""ཅི་ཟེར""འཇམ་དབྱངས་སྐྱབས།"ཁོས་མྱིང་འདི་བཤད་རྗེས་དེ་མ་ཐག་སྒྱུག་པོའི་གདོང་གི་རྣམ་འགྱུར་ལ་བལྟས། སྒྱུག་པོས་མྱིང་དེ་ངག་ལ་ལན་འགའ་བཟློས་རྗེས།"མྱིང་འདི་ཡག་གི།ཤི་མྱིང་ཡང་མ་རེད"ཅེས་བཤད་བྱུང་བས་ཁོའི་ལྡིག་ལྡིག་ལྡིང་བཞིན་པའི་སྙིང་གི་འཕར་ཚད་ཀྱང་རྒྱུན་ལྡན་དུ་གྱུར་སོང་། ཡིན་ནའང་ཉིན་འགའ་འགོར་རྗེས་སྐྱེ་ཡག་གི་མྱིང་དེ་ཡང་བསྐྱར་ནག་ཞར་སྡེ་བའི་ལོ་ལོན་ཚོའི་གླེང་གཞིར་གྱུར་འདུག ཤི་མྱིང་སློག་རྒྱུར་དགའ་བའི་རྒན་པོ་མན་ཚར་ཅན་དེས་འཕྲེང་རྡོག་གཅིག་ཕར་དེད་རྗེས།"རེད...ཁོ་ཆུང་དུས་འཇམ་དབྱངས་སྐྱབས་ཟེར། ཨོཾ་མ་ཎི་པདྨེ..."ཟེར་ནས་མིག་ཟུང་རིག་རིག་གིས་གམ་གྱི་ལོ་ལོན་ཚོའི་གདོང་ལ་བལྟས་བྱུང་། མི་དེ་ཕར་བལྟས་ཚོད་ཀྱིས་ལོ་བརྒྱད་ཅུར་སོན་ཡོད་ནའང་རིག་པ་ད་དུང་ཧ་ཅང་གསལ་བ་འདྲ།"ཁོའི་མིང་ལ་འཇའ་བྷེ་ཟེར་བ་མིན་ནམ"གམ་གྱི་ལོ་ལྔ་བཅུ་ལྷག་ལ་སོན་པའི་རྒན་མོ་དེས་གསལ་ཆ་ཡོད་མདོག་གིས་དེ་ལྟར་དྲིས།"དེ་ཁོའི་ཆེ་མྱིང་རེད། ཨོཾ་མ་ཎི...ཚོ་བ་གོང་མའི་ནང་ན་ཁོའི་ཕ་མཐོ་རིས་བོར་མནའ་བཅད་ཅིག་ཡོད་པའི་མིང་ལ་འཇམ་དབྱངས་ཟེར། མུ་གེའི་ལོ་ཤི་སོང་བས་མཐོ་རིས་བོས་རང་གི་བུའི་མྱིང་བརྗེས་བཏང་། མཐོ་རིས་བོ་མྱི་ལ་རྒྱ་ཅན་ཞིག་ཡིན་ཡ..."རྒན་པོ་མན་ཚར་ཅན་དེས་མཐོ་རིས་དེ་གསུམ་གྱི་ལོ་རྒྱུས་གསལ་ཐག་ཆོད་པ་ཞིག་བཤད་བྱུང་བས་གམ་ལོ་ལོན་ཚོས་མགོ་བོ་ལྡེམ་ལྡེམ་བྱེད་ཀྱིན་འདུག"ཨ་ལ...དེས་ན་མྱིང་འདི་ཁོའི་བུ་མོས་ཀྱང་ཤེས་རྒྱུ་མ་རེད་པཱ"རྒན་མོ་དེས་ཧ་ཅང་སེམས་ཁུར་ཆེ་མདོག་གིས་མཐའ་སྐོར་གྱི་ལོ་ལོན་ཚོར་དྲིས། གནད་དོན་འདིར་ལན་འདེབས་མཁན་གཅིག་ཀྱང་མེད་པ་ལ་བལྟས་ན་སུས་ཀྱང་ཁ་ཚོན་གཅོད་མ་ཐུབ་པ་འདྲ། ཡུད་ཙམ་ལ་རང་རང་གི་འཕྲེང་བ་འདྲེན་བཞིན་ཁ་རོག་གེར་བསྡད།"སྒྱུག་མོའི་ཕ་རྒན་གྱི་ཤི་མྱིང་མག་པར་འདོགས་སྲོལ་ཞིག་གང་ན་ཡོད..."རྒན་མོ་དེ་རང་དགར་འདུག་མ་བཟོད་པར་དེ་ལྟར་བཤད་ནས་རྒན་པོ་མན་ཚར་ཅན་གྱི་གདོང་ལ་བལྟས་ནས་ཅི་ཟེར་ལ་བསྒུག ཁོ་ཚོའི་གླེང་གཞི་མཐོ་རིས་དེ་ནི་ཏག་ཏག་སྐྱེ་ཡག་གི་སྒྱུག་མོའི་ཕ་རྒན་ཡིན་པ་རེད།
ཐེངས་འདིར་ཡང་ལན་འདེབས་མཁན་མ་བྱུང་བས་རྒན་མོ་དེ་ཡར་ལངས་ཏེ་ཤར་རེར་བུད་སོང་། རྒན་པོ་མན་ཚར་ཅན་དེས་ཡུན་རིང་ལ་བསམ་བློ་བཏང་མཐར་མིག་གིས་རྒྱང་རིང་ལ་བལྟས་ནས།"དུས་ངན་སྙིགས་མ་རེད་ཡ...ཨེ..."ཟེར་ནས་མགོ་བོ་འཕྲེད་དུ་གཡུག་གཡུག་བྱས། ཉི་མ་ནུབ་རིར་ཡིབ་ལ་ཉེ་བས་ལོ་ལོན་ཚོའང་རང་རང་གི་ཁྱིམ་དུ་ལོག་སོང་།
རྒན་པོ་མན་ཚར་ཅན་དེ་ད་རུང་སྔར་མལ་ན་བསྡད་འདུག བསེར་བུ་དལ་མོ་ཞིག་ལྡང་བ་ན་ཁོས་རང་དབང་མེད་པར་རང་གི་ཐོད་པ་ལ་རག་རག་འགའ་བྱས། སྐད་ཆ་འདི་རླུང་བུ་ཡང་མོ་ཞིག་དང་འདྲ་བར་དེ་མ་ཐག་ནག་ཞར་སྡེ་བའི་སྦྲ་ཁྱིམ་རེ་རེ་བཞིན་ལྡང་བྱུང་། ཕྱི་ཉིན་སྒྱུག་པོ་འཚབ་འཚུབ་ངང་མལ་ལས་ལངས་ཏེ་སྐྱེ་ཡག་བཙལ་དུ་སོང་བ་ན། སྐྱེ་ཡག་སྔ་མོ་ནས་ཨ་ལགས་ཚང་གི་མདུན་སོང་ཚར་འདུག
ད་ལྟ་སྐྱེ་ཡག་ཨ་ལགས་ཚང་གི་མདུན་ལ་བཅར་འདུག"འདི་ལྟས་ངན་པ་ཞིག་རེད་ཡ...གཤེན་རྗེ་ཚང་བསློགས་ཤིག་མྱུར་བར་དགོས་འདུག"བླ་མས་ཕྱག་མོ་ཞིག་གཟིགས་རྗེས་གཟབ་ནན་དང་བཅས་དེ་སྐད་གསུངས་བྱུང་། སྐྱེ་ཡག་གིས་གཤིན་རྗེ་ཚང་བསློགས་ཞེས་པའི་མིང་ཐོས་མ་ཐག་འཇིགས་སྐྲག་ཅིག་སྐྱེས་བྱུང་བས་དེ་མ་ཐག"ལགས་སོ།...ལགས་སོ"ཞེས་མགོ་བོ་ལྡེམ་ལྡེམ་བྱེད་པ་ལས་ཅི་ཡང་འདྲི་མ་ཕོད། བླ་མས་ཡང་བསྐྱར་སྤྱན་ཟུང་དཀར་ལོག་དམར་ལོག་འགའ་བྱས་རྗེས་སྐྱེ་ཡག་གི་གདོང་ལ་གཟབ་ནན་གྱིས་བལྟས་ཏེ།"མྱིང་ལ་བྷ་ག་ཐོགས། ཉེ་བའི་སྲས་བརྒྱད་ནང་གི་གཅིག་རེད..."ཅེས་གསུངས་བྱུང་། དོན་ངོ་མ་ཨ་ལགས་ཚང་གིས་ཉེ་བའི་སྲས་བརྒྱད་ཅེས་པ་ཞིག་ཐོས་མྱོང་བ་ཙམ་ལས་སུ་སུ་ཡིན་པ་བགྲང་རྒྱུ་མེད། མིང་འདིའང་གང་ཞིག་ནས་ཐོས་མྱོང་བ་ཙམ་ལས་ནང་དོན་ཅི་ཡིན་ཙམ་ཡང་མི་ཤེས་མོད། སྐྱེ་ཡག་གིས་མིང་དེ་ཐོས་མ་ཐག་དད་པའི་མཆི་མའང་ལྷུང་ལ་ཁད་ཅིག་བྱས་ནས་མགོ་བོ་སྒུར་ཏེ་ཐལ་མོ་སྦྱར་འདུག་གོ།། །།