དུས་བཞིའི་རང་མདངས་དགའ་མའི་ཞལ་རས།

སྤྱང་རྒྱལ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


འཛིན་མའི་མདངས་ལ་འོད་ཀྱི་རླབས་མ་འཕྲོས།།

ཞོལ་གྱི་འཁྱག་རོམ་ལྷོད་ཀྱིས་མཁའ་ལ་ཕུད།།

འཇིག་རྟེན་མཉེས་པའི་དཔལ་ལ་མེ་ཏོག་འཛུམ།།

སྲིད་པའི་སྐྲ་ལོའི་ཁ་དོག་ལྗང་གུར་གྱུར།།

འབྲོག་མོས་སྔུན་ཁེབས་སྟེང་ལ་གནན་ཞོར་དུ།།

ཚིགས་པ་ཟ་བཞིན་མཆུ་སྒྲོ་འདར་གྱིན་ངང་།།

མཐོན་པོའི་སྒང་ན་ནོར་རྗེས་མི་ཆོད་པར།།

གྲོང་ཁྱེར་བུ་མོར་འཆར་ཡན་སྦྲུམ་བཞིན་འདུར།།

འབྲི་མོས་གསར་ཁྱིད་བེ་འུ་ལྡག་ཞོར་དུ།།

གམ་ལ་སུ་འང་གཅར་དུ་མི་འཇོག་པར།།

ཡ་ཁ་སྣབས་ཀྱི་སྤུངས་བའི་བྱིས་པ་དེ།།

བདས་ནས་བྱིས་པ་སྐྲག་ཏེ་སྐད་ཅོར་བརྒྱབ།།

སྦྲང་ཆར་ཟིལ་མ་ས་གཞིའི་གདིང་ལ་ཐིམ།།

ཆུ་ནང་ཉ་མོ་སྒྱུ་རྩལ་གར་ལ་འཕག།

དྲི་མ་མེད་པའི་རང་བྱུང་མཚར་སྡུག་ནི།།

འོ་འཛིན་རྒྱས་པའི་གཞོན་ནུ་མ་དང་འགྲན།།

འབྲོག་མོས་འོ་ཟེའུ་འདམ་ནང་དྲུད་ཞོར་དུ།།

སོ་ལ་བྱས་པའི་འབྲི་མོའི་ཕོ་ཞབས་ནས།།

བཞོ་གླུ་འགུག་གྱིན་འོ་མ་ཤག་ཤག་འཇོ།།

ཁུ་བྱུག་གསུང་གིས་དེ་ལ་དབྱངས་རྟ་འཐེན།།

དྲག་ཆར་ནང་ན་འུར་རྡོ་བཙལ་བཞིན་དུ།།

མགོ་ལུས་བར་མེད་ཆར་གྱིས་དྭངས་མར་བཀྲུས།།

སྐྲ་ལོའི་སྣེ་ནས་ཆུ་ཐིགས་ཟེགས་པ་ཡིས།།

སྐྱེ་བོ་གང་ཞིག་སྐོམ་པས་གདུང་བར་བྱས།།

ལོ་འབྲས་མགོ་བོ་བྲང་ཁར་མར་དུད་ཅིང་།།

འདབ་ལྡན་མ་ལུས་རོ་བཅུད་ཡོངས་སུ་རྫོགས།།

ཤིང་དབང་ལྷུང་བྱེད་ཡུན་གྱིས་ས་ལ་འཐོར།།

འབྲས་ལྡན་དུས་འདིར་སྐྱེ་བོ་དགའ་བས་བཟི།།

ཆུ་འཛིན་བུ་མོ་ཉི་ཟླའི་འཁྲིས་ན་འདུ།།

ཞང་འབྲེག་རོང་མོ་འབྲི་ལྔའི་དཀྱིལ་ན་བྲེལ།།

ཚ་ཟེར་རྒོད་པོའི་རྔུལ་ཆུས་ལྭ་བ་རླན།།

ངལ་ལ་གོམས་པའི་རོང་མོས་ཡུར་མ་ཡུར།།

སྐྱ་རེངས་བ་མོའི་ཁེངས་ཤིང་འདར་མ་འདར།།

ཁུ་བྱུག་སྐད་ངག་འགག་ནས་མོན་ལ་འཕུར།།

ས་གཞིའི་བཅུད་མདངས་ཡལ་བའི་གྲོག་རོང་ན།།

གར་འགྲོ་གར་འདུག་མེད་པའི་རླུང་བུ་འཁྱག།

རབ་དཀར་དྲི་མེད་ཁ་བའི་སྐ་རེགས་ཀྱིས།།

སྲིད་པའི་རྩེ་ལ་བརྩེ་བའི་ཡོལ་བ་འཐེན།།

གཡང་གི་སྒོ་ཕྱུགས་ཙེག་གིས་འདར་བ་ན།།

རྫི་བོའི་རྫི་གླུ་སྒོ་ཁྱིའི་ཟུག་ངུར་འགྲན།།

ཁ་བའི་འདབ་མ་མཁའ་ནས་གར་ལ་རྩེན།།

ལོ་ཆུང་བྱིས་པ་ཧྲིག་སྒྲར་འཁྱིལ་ནས་འདུར།།

བུ་ཡུག་འཚུབ་མས་གནམ་ས་བཀང་ཤུལ་དུ།།

དྭངས་གཙང་བྱིས་པ་དགོད་སྒྲའི་ནང་ན་འཛུམ།།

ཉི་ཟེར་ཐད་ནས་འཕྲོ་དུས་འབྲོག་མོ་སད།།

བྲེལ་མེད་དལ་བུར་འབྲི་མོའི་འོ་མ་འཇོས།།

ལྕི་བ་ཕུད་ཅིང་དྲོས་ཇར་ལྷོད་ཀྱིས་རོལ།།

འགྲོ་ཀུན་བག་ལ་ཕེབས་པའི་དུས་འདི་རྨད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1