སྣང་ལ་མ་ངེས་པའི་གླུ།
ཀྱེ་ཕུར་མཆོག་གསུམ། (ཀན་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
འཇིག་རྟེན་འཇིག་རྟེན་ཞེས་མི་ལབ་ཐར་མེད་དྲ་རྒྱ་ཡི་གནས་རེད།།
འཁོར་བ་འཁོར་བ་ཞེས་མི་སྒྲོག་དམྱལ་བ་མནར་མེད་ཀྱི་ཡུལ་རེད།།
འདང་དང་ཁྲེལ་གཞུང་གི་ལ་མོ་ལུས་དང་མི་ཁ་ཡིས་བརྒལ་རྗེས།།
ཚེ་དང་ལང་ཚོ་ལ་ཐོབ་པའི་དབུགས་དབྱུང་ཅི་ཙམ་ཞིག་ཡོད་དམ།།
སེམས་ཁྲེལ་ཁུར་པོ་རུ་བརྫིས་ནས་ཉིན་ཁུར་མཚན་ཁུར་ཅིག་བྱས་ཀྱང་།
སྐྱོ་ངལ་སྤགས་འཆང་དུ་གཡོས་ནས་ཐུན་གསུམ་ལྟོ་ཆས་སུ་བསྟེན་ཀྱང་།
དྲན་གདུང་ཡིག་དྲུག་ཏུ་བསྔོས་ནས་མགྲིན་པའི་དཀྱིལ་འཁོར་ཡང་བརྡོལ་ཀྱང་།།
མི་ཚེའི་ནོམ་ཆེན་དུ་བགྲང་བའི་ཐ་སྙད་ག་ཚོད་ཅིག་དབང་ངམ།།
ཚིག་དང་ཡིག་འབྲུ་ཡི་བར་ལ་རླུང་གི་རྒྱུ་བ་ཙམ་མ་བཏང་།།
གློ་དང་མཆིན་པ་ཡི་དབར་ལ་ལྕགས་ཀྱི་འཁྱགས་པ་ཙམ་མ་གླན།།
མགོ་ནས་སུག་བར་གྱི་ནོར་ལ་དམར་ཆུང་སྙིང་བཞིན་དུ་གཅེས་ཡོད།།
དམ་ཚིག་རིལ་རིལ་ཅིག་ཡོད་ན་སྙིང་གི་ལེགས་སྐྱེས་སུ་སྣོམ་ཤོག།
འགྲོ་འདུག་གོམ་པ་ཡི་བར་ནས་ཁྱོད་རང་ཚིག་གསུམ་གྱིས་གླེང་ཡོད།།
ཟ་འཐུང་ཉལ་ལངས་ཀྱི་དུས་སུ་ཁྱོད་ལ་ཟས་སྐལ་རེ་བཞག་ཡོད།།
ཡིག་དྲུག་ཟློས་བརྗོད་ཀྱིས་དམུར་དུས་གསོལ་བ་སྙིང་དབུས་ནས་བཏབ་ཡོད།།
མི་ཚེ་དྭངས་གཙང་གི་ཆུ་མོ་འཚོ་བའི་ཡུར་བ་རུ་དྲངས་ཤོག།
མདང་ནུབ་རྨི་ལམ་གྱི་ཞིང་དུ་ཁྱོད་རང་དགའ་འཛུམ་གྱིས་སླེབས་སོང་།།
ཐོ་རེངས་བྱ་ཕོ་དེ་གྲག་དུས་ཁྱོད་རང་སྐར་མདའ་རུ་འཁྱུག་སོང་།།
ཉི་མའི་ཁྲེལ་དགོད་ཀྱི་མཛུབ་མོ་དཔྲལ་བའི་རི་རྩེ་རུ་ཕོག་དུས།།
སྨོན་འདུན་ལོ་ལེགས་ཀྱི་འབྲས་བཟང་རེ་བའི་ཞིང་ས་རུ་སྨིན་ཤོག།
སེམས་འཕྲིན་ལོ་ལེགས་སུ་སྨིན་དུས་སྙིང་གི་པད་འདབ་ཀྱང་གྲོལ་མྱོང་།།
འཕྲིན་ལན་ཆུ་འཛིན་གྱི་ཕོན་པོ་གཅིག་མིན་གཉིས་མིན་དུ་འཁྲིགས་ཡོད།།
སྙིང་གི་ཟབ་ས་རུ་ཕོག་ན་འཛུམ་ཙམ་དགོད་ཙམ་ཞིག་གནོངས་དང་།།
རེ་བའི་ཁུ་བྱུག་གི་གཤོག་སྒྲ་རིང་མིན་སྤྲུགས་སྤྲུགས་ཀྱིས་འཕུར་ཤོག།
གཅེས་སྲོག་དམར་ཆུང་གི་རིལ་བུ་གཞན་ལ་ཕངས་མེད་དུ་སྦྱིན་ཚུལ།།
སྔོན་གྱི་རོགས་མཐུན་དུ་གསལ་བ་ཁྱོད་ཀྱིས་མང་མང་དུ་མཐོང་ཡོད།།
དྲན་པ་སྡུག་བསྔལ་གྱི་ན་བུན་སྙིང་ལ་ལྷོག་ལྷོག་ཏུ་འཕྱུར་དུས།།
ལུས་ཀྱི་འབྱུང་བཞི་ཡི་ལྷུ་ཚིགས་དབང་མེད་ཐར་ཐར་དུ་འཐོར་འགྲོ།
ཞོགས་པའི་ཉི་ཟེར་གྱི་འཛུམ་ཆུང་ཁྱོད་ཀྱི་མཆུ་སྒྲོས་སུ་འཁྲུལ་ནས།།
ལག་ཟུང་ལྗོན་བཟང་གི་ཡལ་ག་དེ་ལ་ཅང་ཅང་དུ་བརྐྱངས་ཏེ།།
འཐམ་འཁྱུད་གཡུ་སྦྲང་གི་འཁྱུག་རྩལ་གར་གྱི་ཉམས་བརྒྱད་དུ་སྤྲུལ་དུས།།
སྟོང་སྣང་སྡོམ་དྲ་ཡི་ཚལ་ན་ང་རང་འཕག་འཚག་གིས་མྱོས་འདུག།
ཉི་གཞོན་གསེར་མདངས་ཀྱིས་འཕྲོ་དུས་ཁྱོད་ཞལ་ལན་གཅིག་ཏུ་མཐོང་ཡང་།།
མི་ཁའི་སྤྲིན་ནག་གི་འདུ་འགོད་སྐབས་དང་སྐབས་མིན་དུ་འཁྲིགས་ཚེ།།
དྲན་ཤེས་མེ་ལོང་གི་ངོས་སུ་ཉོན་མོངས་རྡུལ་ཕྲན་གྱིས་གོས་པས།།
སྣང་བའི་རྟགས་བརྒྱད་ཀྱི་རི་མོ་རབ་རིབ་མག་མོག་ཅིག་ཡིན་འདྲ།།
སྐར་ཚོགས་གོ་འདུས་ཤིག་བྱེད་དུས་ནམ་མཁའ་གཞིས་ཁྱིམ་དང་འདྲ་ཡང་།།
སྒོ་ཁྱིའི་ཟུག་སྐད་ཀྱི་མདའ་མོས་དབེན་པའི་སྙིང་ཁམས་དེ་བསྐྲད་སོང་།།
ལུས་པོ་འགྱེལ་ལོག་ཅིག་བརྒྱབ་སྟེ་མགོ་བོ་མལ་ཐུལ་གྱིས་བཏུམས་དུས།།
རྒྱང་རིང་འབྲོག་དགོན་གྱི་ཁུག་ཏུ་སྣང་བརྙན་རི་མོ་རུ་བབས་ཡོང་།།
རྫུན་དང་གཡོ་སྒྱུ་ཡི་གསེར་ཟམ་ཁྱོད་ལ་ཐུག་བསྐལ་དུ་བཟོས་ཏེ།།
སེམས་ཀྱི་གོམ་འགྲོས་ཀྱི་བང་ཁ་དལ་གྱིས་ཁྱོད་ཕྱོགས་སུ་གློད་དུས།།
དམིགས་འབེན་མེ་ཏོག་གི་ཚལ་དུ་རེ་འབྲས་གཡུ་སྦྲང་རེ་ལྡང་བར།།
ད་ནི་རང་རློམ་གྱི་ཉ་མོ་བདག་གི་བྲང་གཞུང་དུ་འཁྱུག་ཡོང་།།
ངས་ནི་ཉིན་མཚན་གྱི་ཐ་གུ་དྲན་གདུང་རྐྱང་རྐྱང་གིས་བསླེས་ཀྱང་།།
བརྩེ་སེམས་འབྲོང་རྒོད་ཀྱི་རྭ་ལ་ཞག་པ་ཐེབས་ཐབས་ཤིག་ཨེ་ཡོད།།
རང་སེམས་གཉོམ་ཆུང་གི་བུ་ལོ་འཕྲུལ་ཤེས་རྟ་ཕོ་ལ་བཅིབས་ཏེ།།
མདུན་གྱི་རེ་བཞག་གི་ལམ་ཆེན་རྡོག་པས་ཐག་ཐག་ཏུ་གནོན་འདོད།།
སྨྲ་མེད་གོར་མ་ཡི་རྡོ་བར་སེམས་ཀྱི་མགུར་ཆུང་ཞིག་འཐེན་ཏེ།།
ཚོར་མེད་གཙང་བོ་ཡི་ཆུ་ལ་འབྱུང་བཞི་གདམས་ངག་ཏུ་བསྐུར་ནས།།
ཨ་ལན་བུ་ཆུང་གི་ངག་ཚིག་ལྷོད་ཀྱིས་དྲན་ངོགས་སུ་འཕྲོས་ཚེ།།
རང་སེམས་བདག་མེད་ཀྱི་འཁྱམ་པོ་རང་ཚོད་ལྕགས་ནག་གིས་གཅུན་ཡོང་།།