སེམས་གཅོང་།

མེ་སེང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


རྒྱུས་མེད་རི་གྲོང་གི་འཚོ་བ། །

རླུང་གསེབ་མར་མེ་དང་འདྲ་སྟེ། །

མི་བརྟན་ཁེར་རྐྱང་གི་རྣམ་ཤེས། །

ལོ་འདབ་ཆུ་ཞོན་ལྟར་བྲེལ་ནས། །

ཐག་རིང་ཕ་ཡུལ་གྱི་མཚོ་ལ། །

ལ་མོར་རྒྱང་སྐོར་དུ་ཆས་འགྲོ། །

 

སྲབ་འཇམ་རས་གཟན་གྱི་འཕུར་ལྡེབ། །

རྒོད་པོའི་གཤོག་རྩལ་ལྟར་བསྐྱོད་དེ། །

དྲན་པ་ཆར་ཞོད་ཀྱི་དྲག་ཤུགས། །

སྙིང་ཆུང་ནང་ཁུད་དུ་ཕོག་ནས། །

ཤུལ་མེད་བརྗོད་བྲལ་གྱི་ན་ཟུག །

སེམས་ཀྱི་གཏིང་རུམ་དུ་སྦས་ཡོད། །

 

མག་མོག་མི་ཚོགས་ཀྱི་ངོ་གདོང་། །

སྤྲིན་གསེབ་ཟླ་བ་དང་མཚུངས་ཏེ། །

རེས་གསལ་རེས་མོག་གི་ངང་ནས། །

ཆ་མེད་ཁམས་བདེ་ཡི་འདྲི་ཚིག །

བཅས་བཅོས་འཛུམ་ཆུང་གི་ངོགས་སུ། །

ཡི་ཆད་རི་མོ་ཞིག་བྲིས་ཡོད། །

རིང་ཚེ་དྲན་གདུང་གིས་མི་བཏང་། །

ཉེ་ན་སུན་སྣང་གིས་མི་མཐུན། །

ཨ་འཐས་བྱིས་བློ་འདིས་ང་ལ། །

སྙིང་ཐུབ་བློ་དཀར་ཞིག་བྱེད་ན། །

ཞལ་ཆེན་རི་སུལ་དུ་ཆས་ཀྱང་། །

སེམས་པ་སྐྱེལ་མ་རུ་གཏོང་ཆོག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1