དྲན་སྣང་ཁྲོད་ཀྱི་མི་ཁྱིམ།

གངས་གཡག་དཔལ་ལྷུན། (གཞིས་ཀ་རྩེ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


སྲིད་པའི་མིག་གཅིག་འཆར་ནུབ་ཆོས་ཉིད་དང་འགྲོགས་ཏེ།།

བདེ་སྡུག་འཚོ་བའི་ལམ་ཁར་ལྟད་མོ་རུ་ཕེབས་དུས།།

གྲངས་མེད་ཉིན་ཞག་འཁོར་ལོའི་ཐོད་གཉེར་གྱི་གསེང་ལས།།

འདས་སོང་མི་ཁྱིམ་སྨུག་པོའི་རྣམ་ཐར་དེ་མངོན་བྱུང་།།

 

མཐོ་རིས་ཕོ་བྲང་ལྟ་བུའི་ལོངས་སྤྱོད་ཅིག་མེད་ཀྱང་།།

སྐྱ་སྤགས་རྡོག་པོ་མིད་པའི་ལོ་ཟླ་ཡི་མངལ་བར། །

དྲིན་ཆེན་སྐྱེད་བྱེད་ཟུང་གི་འཛུམ་མདངས་ཀྱི་བཅུད་ལས།།

བུ་ཆུང་ལང་ཚོ་སྨིན་པའི་རྣམ་ཐར་དེ་སྐྱིད་ཨང་།།

 

ཁྲི་འབུམ་མ་རྩས་ཕྱུག་པའི་ཁེངས་དྲེགས་ཤིག་མེད་ཀྱང་།།

ལོ་ཟླའི་ཆུ་ཀླུང་རྒྱུག་པའི་རླབས་རིས་ཀྱི་གསེང་ན།།

ཕུ་ནུའི་དུང་བ་ཟབ་པའི་ལྷད་མེད་ཀྱི་བརྩེ་བས།།

བུ་ཆུང་ལང་ཚོ་སྨིན་པའི་རྣམ་ཐར་དེ་འཇམ་ཨང་།།

 

རྣམ་དག་སེམས་ཀྱིས་བདག་འཛིན་སྤོང་བ་ཅན་མིན་ཡང་།།

ལྷག་བསམ་བཟང་པོའི་ཡུལ་གྲོགས་སྤུན་ཉེ་ཡི་བརྩེ་བས།།

རང་གཞན་སྲུང་བརྩེ་འོས་མིན་བློ་གྲོས་ཀྱི་ལྡེ་མིག །

བསྩལ་བའི་བུ་ཆུང་ལང་ཚོའི་རྣམ་ཐར་དེ་དྲང་ཨང་།།

 

ཐམས་ཅད་མཁྱེན་པའི་ནོར་གྱིས་ཕྱུག་པ་ཞིག་མིན་ཡང་།།

བཤེས་གཉེན་ལྷག་བསམ་ཅན་ཚོའི་ཞབས་སེན་ལ་བཏུད་པས།།

ཡང་དག་ལམ་བཟང་སྟོན་མཛད་རླབས་ཆེན་གྱི་དྲིན་ལས།།

ལམ་ནོར་ལྡོག་ཤེས་ཐུབ་པའི་རྣམ་ཐར་དེ་ཕྱུག་ཨང་།།

 

བློ་རིག་གསེར་གྱི་སྡོང་པོར་འབྲས་བུ་ཡིས་ཕོངས་ཀྱང་།།

སྔོན་གོམས་བག་ཆགས་དང་ནི་རྟག་གུས་ཀྱི་སྩོལ་བས།།

ཡོན་ཏན་རིན་ཆེན་ནོར་བུའི་འོད་བརྒྱ་ཡི་མཛེས་སྡུག །

ལྷམ་ལྷམ་འཕྲོ་བའི་ལང་ཚོའི་རྣམ་ཐར་དེ་མཛེས་ཨང་།།

 

མི་རྟག་འཁོར་བའི་ཀློང་ན་མི་རྟག་ཅིག་ཡིན་ཡང་།།

མི་རྟག་སྲིད་པའི་ཁམས་འདིར་མི་རྟག་གི་ཆོས་ཉིད།།

མི་རྟག་དངོས་པོའི་གཤིས་ལ་མི་རྟག་གིས་དཔྱད་ཀྱིན།།

མི་རྟག་རྟག་པར་རྨོངས་པའི་རྣམ་ཐར་དེ་སྐྱོ་ཨང་།།

 

རབ་དང་ལེགས་དང་མཛེས་པའི་རྣམ་ཐར་གྱིས་དབུལ་ཡང་།།

ཉེས་དང་སྡུག་དང་ཞན་པའི་རྨོངས་གཉིད་ལས་སད་ཀྱིན།།

རབ་དང་ལེགས་དང་མཛེས་པའི་ཕུགས་འདུན་ལ་སྙེགས་པའི།།

ཉེས་དང་སྡུག་དང་ཞན་སྤོང་རྣམ་ཐར་དེ་ལེགས་ཨང་།།

 

ཡོན་ཏན་རིན་ཆེན་ཀུན་ལྡན་སྲས་པོ་དེ་མིན་ཡང་།།

མཚན་དཔེའི་དཔལ་གྱིས་ཡོངས་གཏམས་བཤེས་གཉེན་གྱི་བྱ་བར།།

རང་ནུས་སྩོལ་བར་བརྟེན་པའི་རྐང་དྲུག་གི་འཚོ་བར།།

ལྷོད་མེད་རྣམ་ཐར་སྐྱོང་བ་ནི་བུ་ཆུང་དེ་ཁྱད་འཕགས།།

 

འཚོ་བ་འཚོ་བར་རོལ་གྱིན་ལེ་ལོ་དང་རྣམ་གཡེང་།།

འཚོ་བའི་འཚོ་བར་རོལ་གྱིན་རྒྱང་རིང་དུ་དོར་ཡོད།།

འཚོ་བ་འཚོ་བར་རོལ་གྱིན་ཡར་ཐོན་དང་དད་བརྩོན།།

འཚོ་བའི་འཚོ་བར་རོལ་གྱིན་དང་ལེན་གྱིས་འཇུག་ཡོད།།


རྩོམ་ཡིག་སྔོན་མ།
རྗེ་ཙོང་ཁ་པ།
རྩོམ་ཡིག་རྗེས་མ།
སེམས་གཅོང་།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1