སྲོད་དུས་ཀྱི་སྤྲིན་དམར་པོ།
ལྗང་རླུང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
སྤྲིན་དམར་ཞིག་ནམ་མཁའི་མེ་ལོང་གི་ངོས་སུ་གཟེངས་ཡོང་དུས།
མེ་ཏོག་ནི་སྔར་ནས་རྡུལ་གྱི་ཡང་སྙིང་དུ་གྱུར་ཡོད་དེ།
ལྷ་མོ་དེའི་ཁྲུས་རས་ཀྱིས་ཡོངས་སུ་དག་པ་ནི།
ང་ཡི་པགས་པ། གཙང་བོ་དེའི་ཕ་རོལ་ན་འགྲིམ་པའི་ཟླ་བ་དེའོ།
མཛུབ་མོའི་རྩེ་ནས་བཞུར་བའི་ཆང་གི་ཐིགས་པ།
བུ་ག་དྲུག་ཅན་གྱི་གླིང་བུ་ཞིག་ཏུ་གྱུར་ཏེ་རྟ་རྒོད་ཀྱི་སྐེ་ནས་གྲག
ཉི་མ་དང་ཟླ་བ་ཡིན་འོས་པའི་ང་ཡི་ཕུང་པོ།
གླུ་སྐད་ཀྱི་དྲག་ཆས་ཡོངས་སུ་བསྡམས་ཏེ་ཁྱེད་ལ་སྦྱིན་ཚེ།
གསོལ་འདེབས་དང་སྨོན་སེམས་གྲངས་མེད་པ་ཞིག་གཙེར་བཞིན།
ཁྱོད་ཀྱི་ལན་བུ་རེ་རེ་ལ་མེ་ཏོག་རེ་འཛུགས་དགོས་ཟེར་དུས།
བར་སྣང་དུ་བཞེངས་པ་ནི་སྤྲིན་དམར་གྱི་ཕོ་བྲང་དེའོ།
གལ་ཏེ་ཆར་བ་ནི་ས་རྡུལ་བཞིན་ས་གཞི་ནས་ལྡང་བ་ཡོད་ན།
དྲ་ངོས་སུ་ཆགས་པའི་ཁ་རླངས་ཀྱི་ལྷ་མོ་གཅེར་བུ་མ།
ཕྱེ་ལེབ་ཅིག་གི་ཚུལ་གྱིས་ཁྱེད་ཀྱི་ཕྲག་གཡས་ནས་ལྡིང་སྐོར་བྱེད་ངེས།