སྤྲིན་པ་འདི་སེམས་ཀྱི་སྨན་ཡིན།
ལྡོང་བསོད་ནམས་ཚེ་རིང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
སྤྲིན་པ་ཞིག་རྒྱང་རིང་ནས་ག་ལེར་ངའི་ཕྱོགས་སུ་འཐིབས་འོང་སྟེ།
ཉེ་འཁོར་གྱི་རྩི་ཤིང་དག་ལ་བྱུལ་བྱུལ་ཐེངས་འགའ་བྱས་རྗེས།
ཆུ་བོའི་འགོ་ཁུངས་བསྙེགས་ནས་ང་དང་རྒྱང་གྱེས།
ངས་སྤྲིན་པ་འདི་གཏན་དུ་འཚོ་ཚིས་སུ་བཞུགས་ན་བསམས།
ཚ་གདུང་གིས་མནར་དུས། ངས་ལྷག་ཏུ་ཁོ་རང་དྲན།
ནམ་རྒྱུན། ང་དང་རྒྱང་ཐག་ཆེས་ཉེ་བ་དེ།
ཁོ་ཡིན་ན་བསམས་བྱུང་།
མཚམས་མཚམས་སུ། དགུན་དུས་གྲང་ངར་ཆེ་ནའང་།
ངའི་རྨི་ལམ་དུ་ཁོ་རང་འཁྲུངས་པ་ཐེངས་གཅིག་མིན།
ཉི་མ་དང་ཟླ་བ་ཁུར་བའི་སྤྲིན་པ་འདི།
རླུང་བུས་ཡང་ཡང་བསྒུལ་ནའང་།
ཆར་བའི་དངོས་གྲུབ་དུས་ལས་ཡོལ་བ་མེད་པར།
སེམས་པ་གྲངས་མེད་ཅིག་གི་བགོས་སྐལ་དུ་སྨིན་ཡོད།
རི་ཆུ་ཞབས་རྟེན་དུ་བཟོས་པ་ནས།
གང་གི་འབོད་པ་སུ་ཡི་ཡིད་དུ་བསྒྲོན་མྱོང་།
རི་ལུང་ཐང་གསུམ་ཧོབ་ཀྱིས་བརྒལ་བ་དེ།
དམ་པ་གང་ཞིག་གི་བརྩེ་སེམས་མངལ་དུ་སྦྲུམ་པ་ཡིན།
ཡལ་བ་མེད་པའི་ཁ་དོག་དེ། ཁྱེད་ཀྱི་རང་གཤིས་ཡིན།
རང་ཉིད་ཆར་དུ་བརྫིས་ནས།
མི་ཡུལ་ཞིང་འདིར་ཚེ་སྲོག་གི་མཆོད་པ་འབུལ་མཁན་དེ།
ཁྱེད་ཡིན།
མཁའ་དབྱིངས་སུ་རྒྱན་དུ་མཛེས་པའི་སྤྲིན་པ་ཕོན་པོ།
སེམས་ཀྱི་ངལ་བ་གཡུ་འབྲུག་གི་ངར་སྐད་ལ་བརྒྱུས་ནས།
ལྗོངས་འདིའི་ཕྱི་ནང་གསང་གསུམ་ལ་གདམས་པ།
ཆོམ་ཆོམ་དུ་བསྒྲགས་པས།
མཁའ་དབྱིངས་རྒྱ་ཆེ་བ་ད་རེས་ཤེས་ཡོད།
ས་གཞི་ཁོད་སྙོམས་པ་ད་རེས་ཚོར་ཡོད།
རང་ལ་དབང་བའི་གཞིས་ཀ་ཤོར་ཟིན་པའང་།
དེ་རེས་ཡིད་ལ་ཡང་ཡང་དྲན།
སྤྲིན་པ་རྡོག་རྡོག་ཅིག
ངའི་སེམས་ཀྱི་གུར་ཁང་ནས་འཕོས་པ་དང་ལྷན།
འཇིག་རྟེན་འདིའི་ནམ་མཁར་འཁྱིལ་བ་ནི།
གཅིག་བྱས་ན། འཁྲེང་སེམས་ཀྱིས་བསྡམས་དྲགས་ནའང་ཐང་མོད།
དེ་ནི་ཁ་ཕྱོགས་ཤིག་ཀྱང་ཡིན་སྲིད་པས།
འདུན་མ་རྨ་མེད་ཅིག་ཏུ་སེམས་ན་ལོས་ཆོག
སྤྲིན་པ་འདི། རྒྱུ་བ་རླུང་དང་འདྲེས་པས།
སྤྲིན་པ་འདི། སེམས་ཀྱི་སྨན་ཡིན།
ཟས་ཀྱི་མཆོག་ཡིན།