བརྙན་འཕྲིན་མདོ་འཛིན་བྱ་བའི་དཔེ་བཟང་ཞིག
བྱམས་པ་རྡོ་རྗེ། (ཁྲིན་ཏུའུ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
སྤྱི་ལོ༢༠༠༩ལོའི་སྤྱི་ཟླ་བརྒྱད་པར་ཁྲེང་ཏུའུ་གྲོང་ཁྱེར་ལ་མདོ་འཛིན་པའི་སྦྱོང་བརྡར་འཛིན་གྲྭ་ཞིག་བཙུགས། སྐབས་དེར་ངས་འཆི་མེད་དབང་མོ་ཐོག་མར་ངོ་ཤེས།ཁོ་མོས་ང་ལ་ཁམས་པའི་བརྙན་འཕྲིན་ཅི་འདྲ་འདུག མི་བསྡུ་རྒྱུ་རེད་དམ།ང་ཡང་མདོ་འཛིན་པའི་བྱ་བ་ལ་ཧ་ཅང་དགའ་པོ་ཡོད་ཟེར་བཞིན་ཚགས་པར་ཞིག་བཀླགས་ནས་ང་ལ་ཁོའི་ཁམས་སྐད་ཅི་འདྲ་འདུག་ཟེར།སྐབས་དེར་ཁོ་མོས་དར་མདོ་རྫོང་རྒྱག་བསྒྲགས་བརྙན་འཕྲིན་ཁང་དུ་ལས་ཀ་སྒྲུབ་ཀྱིན་ཡོད།ངས་ཡག་པོ་འདུགད་རུང་མི་བསྡུ་རྒྱུ་རེད།ཁྱེད་ཀྱིས་ཁམས་པའི་བརྙན་འཕྲིན་ཁང་གི་རྒན་ཡེ་ཤེས་རྡོ་རྗེ་སོགས་ལ་འབྲེལ་བ་ཞུས་དང་ཆོག་རེད་ཞུས་པ་ཡིན། དེ་ལྟར་འཆི་མེད་དབང་མོས་རྒྱུགས་འཕྲད་པ་དང་།ངེད་གཉིས་ཀྱིས་མཉམ་དུ་སྤྱི་ལོ༢༠༠༩ལོའི་ཟླ་བ་བཅུ་པའི་ཚེས་ཉེར་བརྒྱད་ལ་ཁམས་པའི་བརྙན་འཕྲིན་ཚོད་གཏོང་མཛད་སྒོ་མདོ་འཛིན་བྱས། སྐབས་དེར་ཀྲུང་དབྱང་གི་མགོ་ཁྲིད་ལི་ཁྲང་ཁྲུའུ་དང་། སི་ཁྲོན་ཞིང་ཆེན་གྱི་མགོ་ཁྲིད།གསར་འགོད་པ་སོགས་མང་པོ་ཕེབས་འདུག་ལ།མཛད་སྒོ་དེ་དྲིལ་བསྒྲགས་ཆེན་པོ་བྱས་པ་དང་། ཉིན་དེ་ནས་ཁམས་པའི་བརྙན་འཕྲིན་ཡང་འཁོར་སྐར་བརྒྱུད་ནས་འཛམ་གླིང་ལ་གཏོང་མགོ་ཚུགས།ང་ཚོ་ཡང་ལས་བགོས་བྱས་པ་ལྟར་འཆི་མེད་དབང་མོ་དང་།ཡོན་ཏན་གཉིས་ཀྱིས་གསར་འགྱུར་མདོ་འཛིན་དང་།དབང་ཆེན་ལྷ་མོ་ངེད་གཉིས་ཀྱིས་ཆེད་སྒྲིག་རིག་རྩལ་མདོ་འཛིན་བྱས།དེ་དུས་ཁམས་པའི་བརྙན་འཕྲིན་ཁང་དུ་མདོ་འཛིན་པ་ངེད་བཞི་མ་གཏོགས་མེད། སྤྱི་ལོ༢༠༡༠ལོའི་སྤྱི་ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་ཁམས་ཡུལ་ཤུལ་ལ་ས་འགུལ་དྲག་པོ་བྱུང་ནས་མི་མང་པོ་ཤི་རྨས་སོང་།ས་ཡོམ་བྱུང་ནས་ཉིན་གསུམ་པ་དེར་འཆི་མེད་དབང་མོ་ངེད་གཉིས་ལས་ཁུངས་ཀྱི་བཀའ་ལྟར་པེ་ཅིང་དུ་སོང་ནས་ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་སྡེ་ཚན་ལ་ཟླ་བ་གཅིག་གི་རིང་དུ་ལས་ཀ་བསྒྲུབས་ནས་ཡུལ་ཤུལ་ས་ཁུལ་ལ་ཁ་ཕྱོགས་ཏེ། ཁམས་སྐད་ཀྱིས་ཞབས་ཕྱི་བསྒྲུབས། ཉི་མ་རེའི་ཕྱི་དྲོར་ཆུ་ཚོད་གཅིག་ལ་རྒྱང་བསྒྲགས་བྱས་ན་ཆོག་པས། ངེད་གཉིས་པེ་ཅིང་ཉེ་འགྲམ་གྱི་དགོན་པ་དང་།གནས་ཆེན་ཁག་ལ་མཇལ་སྐོར་ཅི་ཐུབ་སོང་།ཁོང་གིས་ལམ་བར་གྱི་འཁོར་ཕྲན་མང་པོའི་མིང་ཤེས་ཀྱི་འདུག འདི་ལ་པད་འཁོར་ཟེར། འདི་ལ་ཕེབས་ཁྲི་ཟེར། འདི་གདུབ་བཞི་རེད།འདི་ཨ་རི་ནས་ཐོན་པ་རེད།འདི་འཇར་ཕན་ནས་ཐོན་པ་རེད་ཅེས་ང་ལ་ངོ་སྤྲོད་གནང་བ་དང་།མོ་རང་དུས་རྒྱུན་ཆུ་འཁོལ་འཐུང་རྒྱུ་ལ་དགའ་པོ་ཡོད་ཅིང་།ཆུ་འཁོལ་མང་པོ་བཏུང་ན་ལུས་པོ་ལ་ཕན་རབས་དང་། སྔ་མ་དར་མདོ་ནས་ལས་གྲོགས་ཚོས་ཁོང་ལ་ཆུ་འཁོལ་དམ་བེ་ཞིག་མིང་ངན་འདོགས་རབས་བཤད། ཡིན་ན་ཡང་ཨ་མའི་སྐོར་གྱི་སྐད་ཆ་བཤད་མི་ཉན་མ་གཏོགས་ཁོ་རང་གིས་ལང་སང་མིག་ཆུ་མང་པོ་གཏོང་སྲིད། དེ་ནི་མོ་རང་དར་མདོ་དགེ་འོས་སློབ་གྲྭ་ལ་ཡོད་དུས་འཕྲུལ་འཁོར་བརྡབས་སྐྱོན་བྱུང་ནས་མོའི་ཨ་མ་ཚེ་ལས་འདས་སོང་བས་རེད།
ངེད་གཉིས་པེ་ཅིང་དུ་ཡོད་དུས་ཀྲུང་དབྱང་བརྙན་འཕྲིན་ཁང་གིས་ཡུལ་ཤུལ་ས་འགུལ་ལ་ཞབས་འདེགས་འབུལ་བའི་དགོང་ཚོགས་ཆེན་མོ་ཐད་གཏོང་བྱས།འཆི་མེད་དབང་མོས་ཀྲུང་དབྱང་བརྙན་འཕྲིན་ཁང་གི་མདོ་འཛིན་པ་གྲགས་ཅན་ཀྲུའུ་ཅུའུ་དང་།པེ་ཡན་སུང་སོགས་དང་མཉམ་དུ་སྐད་གཉིས་ཀྱིས་མདོ་འཛིན་བྱས་པས་དགོང་མོ་དེ་ནས་མོ་རང་རྒྱལ་ཡོངས་དང་།ཁྱད་པར་དུ་བོད་ཁུལ་ལ་སྐད་གྲགས་ཆེན་མོར་སོང་།དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁོང་ནི་བབ་ཆགས་དང་། འཚོ་བ་སྟབས་བདེ། རྒྱས་སྤྲོས་སོགས་ལ་མི་དགའ་བ། སྐད་ཆ་ཉུང་བ། ཁེངས་སྐྱུང་ཅན་ཞིག་ཡིན་མོད། གར་སྟེགས་ཐོག་གི་མོ་ནི་བརྟན་བརླིང་དང་། སྐྲག་སྣང་མེད་པ། སྤོབས་པ་ཆེ་བ། དྲན་ཁ་མྱུར་བ།བོད་རྒྱ་སྐད་གཉིས་ཀྱི་སྒྲ་དག་པ།བློ་བཟུང་ངར་བ་སོགས་ཡོན་ཏན་མང་པོ་དང་ལྡན་པས་ངས་ཀྱང་ཡིད་སྨོན་མང་པོ་ཤོར་མྱོང་ལ།མོས་ཉིས་སྟོང་བཅོ་ལྔ་ལོར་རྒྱལ་ཡོངས་ཀྱི་མདོ་འཛིན་པའི་བྱ་དགའ་ཆེ་ཤོས་གསེར་གླག་རྟགས་མ་བླངས་པ་ནི་འོས་ཤིས་འཚམས་པ་རེད།
པེ་ཅིང་ནས་ཕྱིར་ཁྲེང་ཏུའུ་ལ་ལོག་རྗེས་མོ་ལ་ཁམས་པའི་བརྙན་འཕྲིན་གྱི་དབུ་བཞུགས་མདོ་འཛིན་པའི་མཚན་གནས་གནང་བ་དང་། ང་རང་ཡང་ཆེད་དོན་རིག་རྩལ་སྡེ་ཁག་གི་འགན་གཙོ་གཞོན་པར་བསྐོས་འདུག སྐབས་དེར་ཁམས་པའི་བརྙན་འཕྲིན་ཁང་དུ་ཀྲུང་དབྱང་གསར་འགྱུར་དང་། ཁམས་པའི་གསར་འགྱུར། བརྙན་འཕྲིན་ཟློས་གར་བསྒྱུར་བ་ལས་ཁམས་པའི་དགའ་ཚལ་མ་གཏོགས་རང་བཟོས་ལེ་ཚན་མེད། ལས་ཁུངས་མགོ་ཁྲིད་ཀྱིས་ང་ཚོ་མདོ་འཛིན་པ་སོ་སོའི་ཁྱད་ཆོས་དང་།བྱ་བའི་དགོས་མཁོ་ལྟར་རང་མིང་ཐོག་ནས་ལེ་ཚན་གསར་པ་ལས་དགོས་པའི་བཀའ་དང་གོ་སྐབས་གནང་བྱུང་།ང་ཚོས་ཀྱང་ཟླ་བ་ཁ་ཤས་ལ་གྲ་སྒྲིག་བྱས་ནས་སྤྱི་ལོ༢༠༡༡ལོའི་ཟླ་བ་གསུམ་པའི་ནང་དུ་འཆི་མེད་གླེང་མོལ་དང་། བྱམས་པའི་ཁ་བརྡ་ལེ་ཚན་གཏོང་མགོ་ཚུགས་ཤིང་། ངེད་གཉིས་ཀ་ལེ་ཚན་གྱི་གློག་བརྙན་བཟོ་བདག་ཏུ་གྱུར།འཆི་མེད་གླེང་མོལ་ལེ་ཚན་གྱི་ཁ་ཕྱོགས་ནི་བོད་ཁུལ་གྱི་སྲིད་དོན་སྐོར་ལ་དོ་སྣང་དང་། སྲིད་སྟེགས་ཀྱི་མི་སྣ་ཁག་ལ་བཅར་འདྲི།དུས་རབས་གསར་པའི་བོད་ཁུལ་གྱི་རྣམ་པ་གསར་པའི་གཏམ་རྒྱུད་བཤད་རྒྱུ་དེ་རེད། འཆི་མེད་དབང་མོས་ལེ་ཚན་གྱི་སྤུས་ཚད་དང་། ལས་སྒྲུབ་པ་གསོ་སྐྱོང་ལ་དོ་སྣང་ཤུགས་ཆེན་གནང་ཞིང་། སྔ་ཕྱིར་བོད་ཁུལ་གྱི་མཐོ་རིམ་མགོ་ཁྲིད་མང་པོ་ལ་བཅར་འདྲི་གནང་བ་ནི་དྲི་བ་གནད་ལ་འཁེལ་ཞིང་གླེང་མོལ་རེ་རེ་ལྷོད་ལ་བབས་པ་རེད། མགོ་ཁྲིད་ཀྱིས་བོད་སྐད་བཅར་འདྲི་དང་ལེན་བྱུང་ན་མོ་རང་སེམས་དགའ་བཞིན་ཡོད་ལ།བཅར་འདྲི་ཞུ་ཡུལ་ཁག་ལ་བོད་སྐད་བཤད་པའི་རེ་སྐུལ་ཡང་གནང་བཞིན་ཡོད། ཡིན་ན་ཡང་བོད་ཁུལ་གྱི་མགོ་ཁྲིད་མང་པོས་བོད་སྐད་ཡག་པོ་བཤད་མི་ཤེས་པས་མོ་ལ་དཀའ་ངལ་དང་སེམས་ཁྲལ་ཆེན་པོ་ཡོད་ཅིང་། སྐབས་རེར་སྒྲ་སྦྱོར་བ་ཡང་ཡོད། སྤྱིར་ལེ་ཚན་ཁ་ཕྱོགས་སྲིད་དོན་སྐོར་ཡིན་མོད། ཡིན་ན་ཡང་འཆི་མེད་དབང་མོས་ལས་གྲོགས་དག་ཁྲིད་དེ་བོད་ཁུལ་གྱི་ལ་ལུང་མང་པོ་འགྲིམས་ནས་དམངས་ཁྲོད་ཀྱི་ལྗིད་ཐིག་ཐིག་གི་རིག་གནས་མང་པོ་སྔོག་འདོན་དང་དྲིལ་བསྒྲགས་བྱས་ཤིང་།རིག་གནས་སྐོར་གྱི་ལེ་ཚན་ལས་རྒྱུ་རྙེད་དུས་དགའ་བ་སྒོམ་བཞིན་ཡོད། གཞི་རིམ་དུ་འགྲོ་དུས་ལམ་བར་ནས་དུས་ཚོད་མང་པོ་འགོར་བ་ནི་བཤད་མ་དགོས་པ་རེད། ཡིན་ན་ཡང་ཁོ་རང་གང་དུ་འགྲོ་ཡང་དཔེ་ཆ་ཞིག་ཁུར་རྒྱུ་ནི་གོམས་གཤིས་ལྟ་བུ་ཆགས་ཡོད་ལ། གོ་སྐབས་ཡོད་ཚད་བཙལ་ནས་སློབ་སྦྱོང་བྱས། ཁོང་གིས་རྒྱའི་སྤྱི་སྐད་ཡག་པོ་བཤད་ཤེས་པ་ཡང་ཚིག་མཛོད་ལ་ཡང་ཡང་བལྟས་ནས་ཨུ་ཚུགས་ཀྱིས་སློབ་སྦྱོང་བྱས་པའི་འབྲས་བུ་ལས་ཆེད་ལས་སློབ་གྲྭ་ཞིག་ལ་སོང་མྱོང་མེད།
འཆི་མེད་དབང་མོ་གཞི་རིམ་དུ་འགྲོ་དུས་མི་སེར་ཚོ་ཁོ་དང་མཉམ་དུ་པར་རྒྱག་རྒྱུར་དགའ་པོ་ཡོད་ཅིང་། སྐབས་རེར་དུས་ཚོད་མང་པོ་འཕྲོ་བརླག་བཏང་།ཡིན་ན་ཡང་མོས་ནམ་ཡང་དང་ལེན་བྱས་པ་དང་།གཞི་རིམ་མང་ཚོགས་ཁྲོད་དུ་སྤྱིར་བཏང་གི་བུ་མོ་ཞིག་དང་འདྲ་བར་ཁ་བརྡ་བྱས་པ་ལས་ང་སྐད་གྲགས་ཅན་ཞིག་ཡིན་པ་ལྟ་བུའི་འགྱིང་འགྱིང་གཏན་ནས་མེད།
ད་ལྟར་འཆི་མེད་དབང་མོས་སི་ཁྲོན་བརྙན་འཕྲིན་གསར་འགྱུར་ལས་རྒྱ་སྐད་གསར་འགྱུར་དང་། ཁམས་པའི་བརྙན་འཕྲིན་གསར་འགྱུར།འཆི་མེད་གླེང་མོལ།གངས་རི་རྩྭ་ཐང་སོགས་ལེ་ཚན་ཁག་མདོ་འཛིན་དང་། གསར་འགྱུར་སྡེ་ཁག་གི་གཙོ་འགན་གཞོན་པའི་འགན་བཞེས་ནས་ཚོགས་འདུ་དང་། འཆར་འགོད། ཞུ་དག་སོགས་ལས་ཀ་ཙག་ཙིག་མང་པོ་ཞིག་ཡོད་ན་ཡང་། ཁྱིམ་ནང་གི་ཨ་མ་ཞིག་གི་འགན་འཁྲི་ལ་ལྷོད་གཡེང་གཏན་ནས་ཤོར་མྱོང་མེད། ཁོམ་པ་རེ་བྱུང་དུས་མགྱོགས་པར་ཁྱིམ་ནང་དུ་བརྒྱུགས་ནས་ཟས་གཡོ་བ་དང་། གོས་བཀྲུ་བ། བུའི་སློབ་སྦྱོང་ལ་ལྟ་སྐུལ་བྱས་པ་ལས་དོན་མེད་དུ་འཁྱམས་འཁྱམས་དང་། འགྲིག་ཤོ་རྩེ་བ། ཆང་འཐུང་བ་སོགས་གཏན་ནས་མི་བྱེད།སྐབས་རེར་ང་ཚོ་མཉམ་དུ་ལས་ཁུངས་ཀྱི་གསོལ་སྟོན་སྣེ་ལེན་བྱེད་སར་འགྲོ་དགོས་བྱུང་ཡང་།དུས་ཚོད་ངེས་ཅན་ཐོན་པ་ན་ཁོང་གིས་ལག་པའི་ཆུ་ཚོད་ལ་ཡང་ཡང་བལྟས་ནས་ང་ཆུ་ཚོད་དགུ་ཕྱེད་ཐོག་ནང་ལ་མ་སླེབས་ན་བུ་ཉལ་གྱི་རེད་ཅེས་སེམས་འཁྲེང་གནང་།ཁོང་གི་བུ་གྲོང་ཁྱེར་ནས་སློབ་སྦྱོང་དང་།འཚར་ལོངས་འབྱུང་བཞིན་ཡོད་པས་བོད་སྐད་ཡག་པོ་ལོབ་ས་མ་རེད་བསམ་པའི་སེམས་ཁྲལ་ཡོད་པ་ཙམ་མ་ཟད།ཁོང་བཟའ་མི་གཉིས་ཀྱིས་བོད་སྐད་བོད་ཡིག་སློབ་སྦྱོང་ཐད་དཀའ་ལས་ཀྱང་མི་ཉུང་བ་རྒྱག་བཞིན་ཡོད།བུ་བསྟན་པ་རབ་རྒྱས་ཀྱིས་ཀྱང་ཕ་མའི་རེ་བ་ལྟར་འབད་འབུངས་བྱེད་ཀྱིན་འདུགའདི་ནི་ང་ཚོ་གྲོང་ཁྱེར་དུ་འཚོ་བ་རོལ་བཞིན་པའི་བོད་པ་དག་གིས་མིག་དཔེ་བལྟ་ས་བཟང་པོ་ཞིག་རེད།
འཆི་མེད་དབང་མོའི་ཕ་མ་གཉིས་ཀ་ཞིང་པ་དཀྱུས་མ་ཞིག་ཡིན་པ་ལས་ཕྱུག་བདག་དང་།མགོ་ཁྲིད་སོགས་གང་ཡང་མིན་པས་ཁོང་ལ་རྒྱབ་རི་བརྟན་པོ་ཞིག་མེད་ན་ཡང་།རང་གི་མདུན་ལམ་རང་གིས་བཙལ་ནས་གོམ་པ་རེ་རེ་བཞིན་མདུན་དུ་བསྐྱོད་ཡོད། འཆི་མེད་དབང་མོ་ནི་ཁམས་མི་ཉག་གི་ཞིང་གྲོང་ཞིག་ཏུ་སྐྱེས་ཤིང་། སློབ་གྲྭ་ཆུང་འབྲིང་དང་དགེ་འོས་སློབ་གྲྭ་དང་བཅས་སྤྱིར་བཏང་གི་སློབ་གྲྭ་ཞིག་ལས་སྒོར་མོ་མང་པོས་འགྲོ་སོང་བཏང་ནས་གྲགས་ཆེའི་སློབ་གྲྭ་དག་སོང་བ་མིན་ལ། ཕ་སྐད་མ་ཡིག་གི་ཡོན་ཏན་བཟང་པོ་ལོབ་ཐོག རྒྱ་ཡིག་རྒྱ་སྐད་ཀྱི་རྨང་གཞི་ཡག་པོ་བཞག་ཡོད་ལ།ཕ་མེས་ཀྱི་ཡ་རབས་གོམས་གཤིས་མ་འདོར་བའི་ཐོག་དེང་རབས་མི་ཡི་འགྲོ་ལུགས་ཀྱང་ཤེས་ཡོད།འཆི་མེད་དབང་མོས་ནན་ནན་ཏན་ཏན་དང་།བདེན་པ་བདེན་ཐུབ་ཀྱིས་རང་འཁྲིའི་ལས་འགན་བསྒྲུབས་པས་འཇིག་རྟེན་གཏམ་དཔེ་ལ། ཅི་འདྲ་བ་ཡི་ལས་བྱས་ན། འབྲས་བུ་དེ་འདྲ་ཉིད་དུ་འགྱུར་ཞེས་གསུངས་པ་བཞིན་མ་འོངས་པའི་ལོ་ཟླའི་ཁྲོད་དུ་མོའི་ལུས་བདེ་སེམས་སྐྱིད་དང་འགྲོ་དོན་རྒྱ་ཆེ་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུའོ།། །།